དབང་ཞེས་པ་དེ་ག་རེ་ཡིན་ནམ།

གསང་སྔགས་ཀྱི་དབང་ནི། ང་རང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་པའི་ནུས་པ་ཡོད་པ་དེ་སད་པར་བྱེད་པའི་ཆེད་དུ་སངས་རྒྱས་པའི་ཆོས་ཀྱི་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དབང་གནང་མཁན་གྱི་བླ་མ་དང་དབང་ཞུ་མཁན་གྱི་སློབ་མ་གཉིས་ཀྱི་དབར་ལ་ཐུན་མིན་གྱི་འབྲེལ་བ་ཤུགས་ཆེན་ཞིག་བསྐྲུན་པ་མ་ཟད། དེའི་ནང་ཡི་དམ་གྱི་ལྷ་ཡང་འཚུད་ཡོད་པ་ཡིན། མཚན་ཉིད་ཡོངས་སུ་ཚང་བའི་བླ་མ་དང་མཉམ་དུ་དབང་གི་རིམ་པ་ལ་ཧུར་བརྩོན་གྱིས་འཇུག་ཅིང་། བླ་མས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཡོངས་སུ་ཐོབ་པའི་དམིགས་འདུན་ལ་མ་སྙེགས་ཀྱི་བར་དུ་ཉམས་ལེན་ཁ་ཤས་ལ་འཇུག་ཆོག་པའི་གནང་བ་སྦྱིན་པ་དེས་སངས་རྒྱས་པར་བྱེད་པའི་ས་བོན་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཤུགས་ཇེ་ཆེར་འགྲོ་བ་ལ་སྐུལ་མ་བྱེད་པ་ཡིན།

གསང་སྔགས་ཀྱི་དབང་བསྐུར། ཡང་ན་བོད་སྐད་དུ་དབང་ཞེས་པ་དེ་ནི། ང་ཚོ་སངས་རྒྱས་པའི་ནུས་པ་དེ་ལས་ལ་འཇུག་ཏུ་བཅུག་པར་བྱེད་པའི་གསང་སྔགས་ཀྱི་ཆོ་ག་ཞིག་ཡིན། ལས་སུ་རུང་བའམ་ལས་ལ་འཇུག་ཏུ་བཅུག་སྟངས་དེ་ཡང་ང་རང་ཚོའི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་སམ་ས་བོན་གྱི་ནུས་ཤུགས་སྤེལ་བར་བྱེད་པ་ཞིག་ཡིན། དེ་ནི་ང་ཚོ་ཚང་མར་ཡོད་པའི་གཞི་རྩའི་བྱ་བར་འཇུག་པའི་རྒྱུ་ཆ་སྟེ། དེ་ཡིས་སོ་སྐྱེ་ཕལ་པའི་ལུས་ངག་ཡིད་གསུམ་དང་། སྦྱོར་བ་དང་ཡོན་ཏན་གང་ཡོད་པ་རྣམས་སངས་རྒྱས་ལ་མངའ་བའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་བསྒྱུར་ཐུབ་པ་དང་། དེ་དག་ལ་མུ་མཐུད་གོང་ནས་གོང་དུ་སྤེལ་བ་ལ་གྲོགས་བྱེད་ཅིང་། ནུས་པ་གཞན་དང་གཞན་གྱི་ས་བོན་འདེབས་པར་བྱེད་ཀྱི་ཡོད། ང་ཚོ་ཚང་མ་ལ་ཡོད་པའི་ཆ་རྐྱེན་ཁག་ནི།

  • རྒྱས་འགྱུར་གྱི་རིགས། དེ་ནི་ནུས་ཤུགས་སྤེལ་ཐུབ་པའི་ཆ་རྐྱེན་ཞིག་སྟེ། དཔེར་ན། ང་ཚོའི་དགེ་བའི་ནུས་ཤུགས་ཀྱི་དྲ་བའི་མ་ལག་དང་། གཏིང་ཟབ་པའི་རིག་པ་ལྟ་བུ་ཡིན། དེ་དག་རྒྱུན་ལྡན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་བསྒྱུར་བ་ཡོད།
  • རང་བཞིན་གནས་རིགས། དེ་ནི་ང་ཚོ་མིའི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ཚང་མའི་ནང་དུས་རྟག་ཏུ་རང་འཇགས་གནས་པའི་ཆ་རྐྱེན་སྟེ། ང་ཚོའི་སེམས་རྒྱུད་ཀྱི་སྟོང་པ་ཉིད་ཟེར་བ་དེ་ཡིན། དེ་ཡིས་དངོས་སུ་བསྒྱུར་བཅོས་བྱེད་པ་ལ་ནུས་པ་སྦྱིན་པ་ཡིན། ལྟ་གྲུབ་ལམ་ལུགས་ཁ་ཤས་ལྟར་བྱེད་ན། ང་ཚོའི་ཐ་སྙད་ཚུར་མཐོང་གི་རང་བཞིན་ཅན་ནམ་འཇིག་རྟེན་འདི་སྣང་གི་སེམས་ཀྱི་བྱེད་ལས་དེ་ཡང་ཚུད་ཡོད་པ་ཡིན།

དབང་འཐོབ་པ་ལ། མཚན་ཉིད་ཡོངས་སུ་ཚང་བའི་གསང་སྔགས་ཀྱི་བླ་མ་ཞིག་དགོས་པ་མ་ཟད། རང་ཉིད་ཚུལ་མཐུན་གྱི་གྲ་སྒྲིག་དང་བསམ་ཤེས་ཅན་ཞིག་དགོས་པ་དང་། ཧུར་བརྩོན་གྱི་སྒོ་ནས་དབང་གི་ཆོ་གའི་རིམ་པའི་ནང་ཆ་ཤས་ལེན་དགོས་པ་ཡིན། ཚུལ་མཐུན་ཡང་དག་གི་སྟ་གོན་ནམ་གྲ་སྒྲིག་ཅེས་པའི་དོན་ནི། ཐོག་མར་མི་ཚེའི་ནང་ཉེན་ཁ་མེད་པའི་ཁ་ཕྱོགས་ཞིག་གི་ནང་དུ་བཞག་ཡོད་པའི་སྐྱབས་འགྲོ་དགོས། དེ་ཡི་དོན་དག་ནི། ང་ཚོ་སངས་རྒྱས་དང་ཆོས། དེ་བཞིན་འཕགས་པའི་དགེ་འདུན་བཅས་ཀྱིས་བསྟན་པའི་ཁ་ཕྱོགས་སུ་ཧུར་བརྩོན་གྱིས་བསྐྱོད་པ་དེ་ཡིན། ཐ་སྙད་ཀྱི་དབང་དུ་བྱེད་ན། ཆོས་ཞེས་པ་དེ་སངས་རྒྱས་པའི་ཆོས་སམ་བསྟན་པ་ལ་གོ་བ་ཡིན་མོད། གཏིང་ཟབ་པའི་དབང་དུ་བྱེད་ན། ཆོས་དེའི་རྗེས་སུ་འཇུག་པ་དང་ཉམས་སུ་བླངས་ནས་གང་འཐོབ་ཀྱི་ཡོད་པ་དེ་ལ་གོ་བ་ཡིན། ང་ཚོའི་སེམས་རྒྱུད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ཐམས་ཅད་གཏན་ནས་མེད་པར་བཟོས་པའི་གོ་འཕང་འཐོབ་ཅིང་། དེའི་ཤུལ་དུ་དེ་ལས་བྱུང་བའི་རྟོགས་པ་ཐམས་ཅད་ཀྱིས་ང་ཚོའི་སེམས་གང་བར་བྱེད་པ་ཡིན། སངས་རྒྱས་ཞེས་བྱ་ནི། ཐུགས་རྒྱུད་ལ་མངའ་བའི་འགོག་པའི་བདེན་པ་ནུས་སྟོབས་དང་ལྡན་པ་གང་ཞིག་ལམ་གྱི་བདེན་པ་སྟེ། དེར་འཁྲིད་པར་བྱེད་པའི་ཡང་དག་པའི་ཤེས་རབ་དང་ལམ་བདེན་གྱི་འབྲས་བུ་དེ་ཡིན། འཕགས་པའི་དགེ་འདུན་ནི། དེ་དག་གི་ཆ་ཤས་དང་ལྡན་པ་ཡིན།

ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་འདིའི་སྟེང་དུ་ངེས་བྱུང་གི་བསམ་པ་དང་ལྡན་པ་ཞིག་ཀྱང་དགོས། དེ་ནི་རང་དབང་མེད་པར་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ཞེས་པ་འདི་ལས་ཐར་བའི་འདུན་པ་ཤུགས་ཆེན་ཞིག་ཡོད་དགོས་པ་ཡིན། ང་ཚོ་འཁོར་བ་ལས་ཐར་བའི་བློ་ཐག་ཆོད་ཟིན་པ་ན། ང་ཚོའི་ལུས་ངག་ཡིད་དང་། སྦྱོར་བ་དང་ཡོན་ཏན་རྣམས་སྐྱེ་བ་རེ་རེ་བླངས་པའི་སྐབས་སུ་ཚད་ངེས་ཅན་བཟོ་བའི་སྡུག་བསྔལ་གྱི་བདེན་པ་དང་དེའི་རྒྱུ་དང་བཅས་པ་སྤོང་འདོད་ཀུན་ནས་སྐྱེ་བ་ཡིན།

གཞན་ཡང་ང་རང་ཚོའི་སངས་རྒྱས་ཀྱི་རིགས་སམ་ས་བོན་དེ་དངོས་གནས་ནུས་ལྡན་བཟོ་བ་ལ། ད་བར་དུ་བྱུང་མེད་པའི་རང་སོ་སོའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་གཞི་རྩའི་བྱང་ཆུབ་སེམས་ཀྱི་དམིགས་པ་དེ་དགོས་པ་ཡིན། འོན་ཀྱང་དེ་ནི་ང་རང་ཚོའི་སངས་རྒྱས་ཀྱི་རིགས་སམ། བདེ་བར་གཤེགས་པའི་སྙིང་པོ་ལ་གཞིར་བཅོལ་བའི་སྒོ་ནས་འབྱུང་ཐུབ་པ་ཡིན། ང་ཚོའི་དམིཌ་ཡུལ་ནི། གོ་འཕང་དེ་འཐོབ་པར་བྱ་རྒྱུ་དེ་ཡིན། དེའི་རྒྱུ་མཚན་ནི། སེམས་ཅན་ཐམས་ཅད་འགོག་ཐབས་མེད་ཅིང་ཡང་ཡང་འབྱུང་བཞིན་པའི་འཁོར་བ་ལས་ཐར་བ་དང་། མཐར་ཡང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་དོན་དུ་ཕན་ཐོགས་ནང་ནས་ཕན་ཐོགས་ཆེ་ཤོས་ཤིག་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ལྟ་བུའི་དམིགས་ཡུལ་གྱི་གཞི་འཛིན་ས་ནི། ཀུན་ལ་མཉམ་པའི་བྱམས་སྙིང་རྗེ་ཤུགས་དྲག་ཅིག་དང་། གོ་ལ་གཅིག་འགྱུར་གྱི་འགན་ནམ་སྤྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཐམས་ཅད་ལ་ཕན་འདོགས་དགོས་པ་དེ་ཡིན། 

མཐར་སྟོང་པ་ཉིད་ལ་གོ་བ་སླེབས་པ་ཞིག་དགོས་པ་ཡིན། དེ་ཡང་ང་རང་ཚོ་དང་། གཞན་དག སྲིད་པ་འཁོར་བ་དང་ཞི་བ་མྱང་འདས། སངས་རྒྱས་ཀྱི་གོ་འཕང་ལ་སོགས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་དང་རང་ངོས་ནས་གྲུབ་པའི་སྟོང་པ་ཞིག་ཡིན་པ་དེ་ཤེས་དགོས། དེ་དག་ཐམས་ཅད་རང་རྐྱ་ཐུབ་པ་ཞིག་མེད་ལ། རྒྱུ་དང་འབྲས་བུ། རྣམ་རྟོག་གི་འཆར་སྒོ་སོགས་ལ་མ་བརྟེན་པར་རང་ཚུགས་སུ་གྲུབ་བསྡད་པ་གཅིག་ཀྱང་མེད། དེར་མ་ཟད་གསང་སྔགས་ཀྱིས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ལ་ཇི་ལྟར་འགོད་པའི་ཚུལ་ལའང་གཞི་རྩའི་གོ་རྟོགས་ཤིག་དགོས་པ་དང་། དེའི་ཐབས་དང་བརྒྱུད་ལམ་དེ་འགྲིམས་པའི་སྐབས་ཀྱི་བླ་མའི་ལམ་སྟོན་དང་ནུས་མཐུ་ལ་གདེང་སྤོབས་ཡོད་པ་ཞིག་དགོས་པ་ཡིན།

རྒྱུད་སྡེ་བཞིའི་དབང་གང་རུང་ལ་ཞུགས་པའི་སྐབས་སུ། ང་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཀྱི་ཡོད། དེ་དང་ཆབས་ཅིག་རྒྱུད་སྡེ་གོང་མ་གཉིས་ཀྱི་སྐབས་ནས་གསང་སྔགས་ཀྱི་སྡོམ་པའང་བླངས་ཀྱི་ཡོད། དེ་ཡང་།

  • བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ང་ཚོས་གཞན་ལ་ཕན་གང་ལེགས་ཐོགས་པ་ལ་འགོག་རྐྱེན་བྱེད་པའི་སྤྱོད་པ་སྤོང་དགོས་པ་དེ་ཡིན།
  • གསང་སྔགས་ཀྱི་སྡོམ་པ་ནི། གསང་སྔགས་ཉམས་ལེན་མཐར་ཕྱིན་པ་ཞིག་ཡོང་བ་ལ་བར་ཆད་བྱེད་པའི་སྤྱོད་པ་དང་བསམ་བློའི་ཁྱེར་སོ་སྤོང་དགོས་པ་དེ་ཡིན།

སྡོམ་པ་དེ་དག་འཐོབ་པར་བྱེད་པ་ལ། རང་ཉིད་ཀྱིས་དྲན་ཤེས་གསལ་པོ་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་མ་འཐོབ་བར་དུ་གང་ཐུབ་ཅི་ཐུབ་ཀྱིས་སྡོམ་པ་དེ་དག་སྲུང་རྒྱུ་ཡིན་བསམ་པའི་ཀུན་སློང་ཆ་ཚང་བའི་ཐོག་ནས་ཁས་ལེན་བྱ་དགོས་ངེས་ཡིན། དེ་དག་ལེགས་པར་སྲུང་པར་བྱེད་པའི་ནུས་པའི་རྨང་གཞི་འདྲ་པོ་དེ་ནི། སོ་སོ་ཐར་པའི་སྡོམ་པ་གང་ལེགས་བསྲུང་བ་ལས་ཐོབ་པའི་རང་ཉིད་རང་ལ་བསྡམ་པའི་ཚུལ་ཁྲིམས་ལ་སྦྱོང་བརྡར་བྱ་རྒྱུ་དེ་ཡིན། དཔེར་ན། ཐར་པ་འཐོབ་པ་ལ། སྲོག་གཅོད་དང་། མ་བྱིན་པ་ལེན་པ་དང། རྫུན་དང་། མྱོས་རྫས་སྤྱོད་པ་དང་། ལོག་གཡེམ་དང་བཅས་པ་སྤོང་བ་ཁྱིམ་པའི་སྡོམ་པ་ལྟ་བུའོ།།

དབང་གི་ཆོ་ག་ལ་ཆ་ཤས་ཚན་པ་མང་པོ་ཡོད་པ་དང་། དེ་དག་རེ་རེ་ལའང་བསྒོམ་སྟངས་མི་འདྲ་བ་སྣ་ཚོགས་པ་རེ་ཡོད་པ་དཔེར་ན། རང་ཉིད་ཀྱི་བླ་མ་དེ་ཡི་དམ་ལྷའི་ངོ་བོར་བསྒོམ་པ་དང་། ང་རང་ཚོའི་གནས་སའི་ཁོར་ཡུག་དེ་ལྷའི་གཞལ་ཡས་ཁང་ངམ་དཀྱིལ་འཁོར་གྱི་ངོ་བོར་བསྒོམ་པ་དང་། སོ་སོ་རང་ཉིད་ཀྱང་ཡི་དམ་གྱི་ལྷ་སྣ་ཚོགས་པར་བསྒོམ་ནས། དེ་དག་གིས། རང་ཉིད་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྒོ་ནས་འཐོབ་བྱ་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཚོན་གྱི་ཡོད། གལ་ཏེ་དེ་དག་གསལ་པོ་ཞིག་བསྒོམ་མ་ཐུབ་པ་ཡིན་ནའང། མ་ཐ་ཡང་ང་རང་ཚོའི་གསང་སྔགས་ཀྱི་བླ་མ་དང་། རང་ཉིད་གནས་སའི་ཁོར་ཡུག་དང་། དེ་བཞིན་དུ་སོ་སོ་རང་ཉིད་ཀྱང་དག་པའི་གཟུགས་དེ་དག་གི་ནང་དུ་ཡོད་པ་ཞིག་ཚོར་དགོས།

དབང་གི་རིམ་པ་རེ་རེའི་མཚམས་སུ། ང་ཚོས་སྟོང་ཉིད་ལ་དམིགས་པ་གཏད་པའི་སེམས་ཀྱི་བདེ་བ་དེ་མྱོང་བཞིན་ཡོད་བསམ་པ་ཞིག་དགོས། དེ་འདྲ་ཏག་ཏག་ཞིག་ཡོང་མི་ཐུབ་པ་སྲིད་ཀྱང་། མ་ཐ་ཡང་གནས་སྟངས་ཅི་འདྲ་ཞིག་འབྱུང་བཞིན་པ་ཡིན་ནའང་དེ་དག་རྒྱུ་དང་འབྲས་བུ་དང་ཆ་ཤས། དེ་བཞིན་ཚིག་དང་རྟོག་པའི་དོན་གང་འདྲ་ཞིག་ལ་གོ་བ་ཡིན་ནའང། རང་དབང་ཚུགས་ཐུབ་ཀྱིས་གྲུབ་པ་ཞིག་མེད་པ་དེ་བསམ་དགོས་པ་ཡིན། ང་ཚོས་དེ་དག་སྟོང་པའི་རང་བཞིན་དངོས་བདེན་ཡིན་པ་དྲན་གསོ་ཞིག་བཏང་དུས། སེམས་དགའ་ལྷང་ལྷང་གི་ཐོག་ནས། འོ། འདི་དེ་འདྲ་ཞིག་རེད་འདུག་བསམ་པའི་ཚོར་སྣང་ཞིག་སྐྱེ་བ་བྱེད་དགོས། འདི་ལྟ་བུའི་དྲན་ཤེས་གསལ་བའི་བདེ་སྟོང་གི་རིག་པའི་ཉམས་མྱོང་དེས། ང་རང་ཚོའི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་ས་བོན་རྒྱས་འགྱུར་གྱི་རིགས་དེ་དངོས་སུ་ཡར་སླངས་པའམ་ནུས་ལྡན་བཟོ་བ་དང་། གོང་འཕེལ་འགྲོ་བར་བསྐུལ་རྐྱེན་བྱེད་པ་དང་། ནུས་ལྡན་གྱི་ས་བོན་མང་པོ་ཞིག་འདེབས་ཀྱི་ཡོད། དེར་བརྟེན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དེ་ལྟ་བུའི་སེམས་ཀྱི་གནས་བབས་ཤིག་བསྐྱེད་ཐབས་བྱ་དགོས། དེ་འདྲའི་བརྒྱུད་རིམ་ལས་དབང་མཐོང་བ་དང་ཐོས་པ་ཙམ་ཞིག་མ་ཡིན་པར། ང་ཚོ་ལ་དངོས་གནས་དྲང་གནས་དབང་དེ་ཐོབ་པ་ཡིན།

ཡི་དམ་གྱི་ལྷའམ་སངས་རྒྱས་ཀྱི་གཟུགས་རྣམ་བྱེ་བྲག་པ་ཞིག་གི་ཉམས་ལེན་གྱི་དབང་ཐོབ་པའི་རྗེས་སུ། མུ་མཐུད་དེ་རྗེས་གནང་གི་ཆོ་ག་ཞིག་ཀྱང་འཐོབ་ཆོག་པ་ཡིན། ང་རང་རང་ཉིད་ཀྱི་བླ་མའི་གཙོ་བོ་༧སྐྱབས་རྗེ་མཚན་ཞབས་སེར་ཀོང་རིན་པོ་ཆེས། གལ་ཏེ་དབང་རལ་གྲི་ལྟ་བུ་ཞིག་ཐོབ་པ་ཡིན་ན། རྗེས་གནང་ནི་རལ་གྲི་དེ་རྣོ་རུ་གཏང་བ་ལྟ་བུ་ཡིན་ཞེས་འགྲེལ་བརྗོད་གནང་སྲོལ་ཡོད། ཆོ་ག་འདིའི་སྐབས་སུ། ང་རང་ཚོའི་ལུས་ངག་ཡིད་གསུམ་དང་། དེ་དག་མཉམ་འབྲེལ་གྱིས་ཡར་རྒྱས་སུ་གཏང་བའི་སྒོ་ནས་རང་ཉིད་ཀྱི་སྡོམ་པ་དང་ཉམས་མྱོང་དག་བསྐྱར་དུ་གཏན་འབེབས་བྱེད་དགོས་པ་ཡིན། དགེ་ལུགས་པའི་ལུགས་སྲོལ་ལྟར་ན། དབང་དང་རྗེས་གནང་གཉིས་པོའི་ཁྱད་པར་དེ་ལས་སླ་པོའི་ངང་ནས་བཤད་ཐུབ་པ་ཡིན། དེ་ཡང་དབང་ནི། གསང་སྔགས་ཀྱི་བླ་མའི་མདུན་དུ་བཤམས་པའི་རྟེན་མཎྜལ་གྱི་གཞལ་ཡས་ཁང་ལ་གཞི་རྩར་བཟུང་ནས་དབང་གནང་བ་ཡིན། རྗེས་གནང་ནི། ཅོང་དབྱིབས་ཅན་གྱི་གཏོར་མ་ཡི་དམ་གྱི་ལྷའམ་སངས་རྒྱས་ཀྱི་གཟུགས་རྣམ་དུ་བསྒོམ་ནས་གནང་བ་ཡིན།

དེ་ལྟར་དབང་ཐོབ་པའི་རྗེས་སུ། རང་ཉིད་ཡི་དམ་ལྷའི་ངོ་བོར་བསྒོམ་པའི་གནང་བ་ཐོབ་པ་ཡིན། རྒྱལ་བ་རྗེ་ཙོང་ཁ་པའི་ལུགས་ལྟར་བྱེད་ན། དེ་སྔ་དབང་ཆ་ཚང་བ་ཞིག་ཐོབ་མྱོང་མེད་པར་རྗེ་གནང་གཅིག་པུ་ཐོབ་པ་ཡིན་ན། སྒོམ་བརྒྱབ་པའི་སྐབས་སུ་རང་ཉིད་ཀྱི་མདུན་དུ་ཡི་དམ་ལྷའི་གཟུགས་ལ་བསྒོམ་ཆོག་པའི་གནང་བ་ཙམ་ཡོད་པ་ཡིན། དེ་ནི་མདུན་བསྐྱེད་ཀྱི་རིམ་པ་ཞེས་བྱ་བ་ཡིན། འོན་ཀྱང་ཡི་དམ་གྱི་ལྷ་དེ་རང་རྒྱུད་སྡེ་གཅིག་པའམ། རྒྱུད་སྡེ་གོང་མའི་དབང་དེ་ཐོབ་ཡོན་ན། དེ་ནས་ལྷ་བྱེ་བྲག་པ་དེའི་དབང་དེ་སྔ་ཐོབ་མྱོང་མེད་ནའང་། རང་ཉིད་་ལྷ་དེའི་གཟུགས་སུ་བསྒོམ་པའི་ཆོག་མཆན་ཡོད་པ་ཡིན། དེ་ནི་བདག་བསྐྱེད་ཀྱི་རིམ་པ་ཞེས་བྱ་བ་དེ་ཡིན།

གང་ལྟར་ཡང་། ང་ཚོར་དབང་དང་རྗེས་གནང་གང་ཞིག་ཐོབ་ཡོད་ནའང་། བླ་མས་གནང་བའི་སྡོམ་པ་དམ་ཚིག་གང་ཡོད་པ་རྣམས་ལ་དགའ་པོའི་ངང་ནས་དང་ལེན་བྱེད་ཀྱི་ཡོད། གང་ལྟར་དེ་ནི་ང་ཚོ་ལམ་དུ་བགྲོད་པའི་ཀུན་སློང་དེ་ཡིན། གལ་ཏེ་ང་ཚོ་བླ་མས་དབང་བསྐུར་གནང་སྐབས་དེ་ག་སེ་ཟུར་ཉན་པའི་ཚུལ་དུ་བཅར་བའམ། བྱིན་རླབས་འཐོབ་པའི་དོན་ཙམ་དང་། ཡང་ན་སྡོམ་པ་ལ་དྲན་གསོ་ཙམ་ཞིག་བྱེད་ཆེད་དུ་མ་གཏོགས། ཆོ་གའི་རྒྱུད་རིམ་ལ་ཧུར་ཐག་གིས་ཆ་ཤས་མ་བླངས་པ་ཡིན་ན། ང་ཚོ་ལ་གསང་སྔགས་ཉམས་སུ་ལེན་པའི་ཁས་ལེན་དམ་བཅའ་མེད་པ་ཡིན། ཡིན་ནའང་། ང་ཚོ་ཕྱོགས་ཞེན་མེད་ཅིང་ཕྱི་གསལ་ནང་གསལ་ཞིག་ཡིན་ན། རང་ཉིད་ཀྱི་མི་ཚེའི་ནང་མི་བཟང་པོ་དང་བློ་གྲོས་དང་ལྡན་པ་ཞིག་ཆགས་པའི་སེམས་སྐུལ་ཐོབ་ཀྱི་ཡོད།

ཕྱོགས་བསྡོམས།།

གང་ལྟར་དེ་དག་ཐམས་ཅད་ཇི་ཙམ་གྱི་སྒྲིབ་བསྡད་པ་མཐོང་བ་ཡིན་ནའང་། སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པའི་ལག་ཆའམ་ཐབས་ལམ་ངོ་མ་དེ་ང་རང་ཚོ་ཚང་མའི་སེམས་རྒྱུད་དུ་ཡོད་པ་ཡིན། སངས་རྒྱས་པའི་ཆོས་ཀྱི་ནང་དུ་གསང་སྔགས་ཀྱི་དབང་དེས། ཐབས་ལམ་དེ་དག་གསལ་སྟོན་བྱེད་པ་ལ་ཕན་ཐོགས་པ་དང་། དེ་དག་ལ་མ་འོངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ས་བོན་རྣམས་ཁྱབ་པར་བྱེད་དུ་འཇུག་པ་ཡིན།

དབང་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད། བོད་ཀྱི་ཆོས་བརྒྱུད་ཁག་སོ་སོའི་ནང་ཐུན་མིན་གྱི་ཡི་དམ་ལྷའི་ཉམས་ལེན་དེ་འདྲ་ཁ་ཤས་ཁྱབ་སྤེལ་བྱེད་ཀྱི་ཡོད་མོད། དེ་དག་གི་དམིགས་ཡུལ་ནི་གཅིག་མཚུངས་ཡིན། དེ་ཡང་དབང་བསྐུར་མཁན་མཚན་ཉིད་ཚང་བའི་བླ་མ་དང་། དབང་ཞུ་མཁན་གྱི་སློབ་མ། དེ་བཞིན་བསྒོམ་བྱ་ཡི་དམ་གྱི་ལྷའམ་སངས་རྒྱས་ཀྱི་གཟུགས་རྣམ་བཅས་ཀྱི་དབར་ལ་དམ་ཚིག་གཙང་ལ་ཤིན་ཏུ་བརྟན་པ་ཞིག་བསྐྲུན་རྒྱུ་དེ་ཡིན། དབང་ལ་དོན་གཉེར་ཧུར་བརྩོན་གྱིས་འཇུག་པ་ནི། རང་ཉིད་ཡར་རྒྱས་གཏང་བ་དང་། སེམས་ཅན་གཞན་ཐམས་ཅད་ལ་ཕན་པའི་མི་ཚེ་གང་པོའི་དམ་བཅའ་ཐོག་མ་དེ་ཡིན།

Top