དུས་ཀྱི་འཁོར་ལོ་ཞེས་པ་དེ་ག་རེ་ཡིན་ནམ།

དུས་འཁོར་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལས་བྱུང་བའི་སྒོམ་གྱི་ཉམས་ལེན་སྣ་ཚོགས་པ་ཞིག་ཡིན། དེ་ནི་རང་དབང་མེད་པའི་ལས་ཀྱི་གནོད་གཞི་ཅན་ལས་ཐར་བར་བྱེད་པ་དང་། གཞན་ཐམས་ཅད་ལ་ཕན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཐབས་ཟབ་མོ་ཞིག་མཁོ་སྤྲོད་བྱེད་པ་མ་ཟད། དད་པ་དང་ཡིད་ཆེས་གང་ཡིན་ལ་མ་ལྟོས་པར། ཀུན་ལ་ཕན་པའི་གནའ་བོའི་རྒྱ་གར་རིག་གནས་ཀྱི་ཤེས་བྱ་མཛོད་ལྟ་བུ་ཞིག་དེའི་རྩོམ་རིག་གི་གྲས་སུ་འཚུད་བསྡད་ཡོད།

ཀཱལ་ཙཀྲ་ཞེས་པའི་དོན་ནི། དུས་ཀྱི་འཁོར་ལོ་ཞེས་བྱ་བ་སྟེ། དུས་ནི་ཕྱིའི་གོ་ལ་འཇིག་རྟེན་གྱི་ཁམས་དང་ནང་སེམས་ཁམས་ཀྱི་འགྱུར་བའི་རང་བཞིན་གྱི་འཇལ་ཚད་དེ་ཡིན། དེ་ལྟར་ཡིན་པ་ལ་ཚད་འཇལ་སྟངས་མི་འདྲ་བ་དུ་མ་ཞིག་ཡོད་དེ། ཕྱིའི་འཇིག་རྟེན་གྱི་དབང་དུ་བྱེད་ན། གཟའ་སྐར་རྒྱུ་ལམ་གྱི་འཁོར་ལོ་དང་། ལོ་རེ་རེའི་ནང་འཁོར་བའི་ཟླ་བ་གཉིས་དང་ནམ་དུས་བཞི། ཟླ་བའི་འཕེལ་འགྲིབ་དང་། ཉིན་གཅིག་གི་དུས་ཡུན་ཆུ་ཚོད་ལ་སོགས་པ་ཡོད། ལོ་རྒྱུས་ཀྱི་འཁོར་ལོ་དང་ཞི་བདེ་དང་དམག་གི་དུས་ཡུན་རྣམས་ནི་སྨྲོས་མི་དགོས་པ་ཞིག་ཡིན། ནང་བཅུད་ཀྱི་དབང་དུ་བྱེད་ན། མི་ཚེ་ནང་གི་དུས་ཀྱི་འཁོར་ལོ་སྟེ། ཐོག་མར་ཕྲུ་གུ་མ་སྦྱར་གྱི་སྐབས་ནས་བྱིས་པའི་དུས་དང་། གཞོན་ནུ་དང་དར་མ། དེ་ནས་རྒས་འཁོགས་ཀྱི་དུས་བཅས་དང་། ཟླ་རེའི་ཁུ་འབབས་ཀྱི་དུས་སམ་ཟླ་མཚན་གྱི་དུས་འཁོར་དང་། གཉིད་དང་། ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་རང་བཞིན་བསྐྱར་ལྡབ་ཀྱིས་འབྱུང་བའི་ལུས་ཁམས་ཀྱི་འཁོར་ལོ་དང་། ཉིན་གཅིག་གི་ནང་དབུགས་བཏང་པའི་གྲངས་ལ་སོགས་པ་ཡོད། ཕྱི་ནང་འཇིག་རྟེན་གྱི་དུས་འཁོར་གཉིས་པོ་ཕན་ཚུན་ཉེ་འགྱང་རིགས་འདྲ་བ་ཡིན་པ་རེད། དེ་ལྟར་སྐར་མ་དང་། གཟའ་སྐར་གྱི་ཁྱུ་ཚོགས་དང་། གོ་ལའི་འཇིག་རྟེན་རྣམས་ནི། ཐོག་མར་ཆགས་པ་དང་། བར་དུ་གནས་པ་དང་། ཐ་མར་ཉམས་ཤིང་སྟོང་པར་གྱུར་བའི་དུས་ཀྱི་འཁོར་ལོར་བརྒྱུད་དེ་འགྲོ་དགོས་པ་དང་། མི་རྣམས་ནི་སྐྱེ་བ་དང་། སྐྱེ་ནས་ཚེ་གང་འཚོ་བ་དང་། དེ་ནས་རྒ་ཤི་ཟུང་འབྲེལ་དང་བཅས་པའི་བར་དོའམ་ཤི་ནས་སྐྱེ་བ་གཞན་མ་བླངས་བར་གྱི་དུས་ཡུན་བཅས་དུས་ཀྱི་འཁོར་ལོ་བརྒྱུད་རིམ་རྣམས་མྱོང་དགོས་པ་ཡིན། དེར་མ་ཟད་ཕྱི་ནང་གི་འཁོར་ལོ་གཉིས་ཀ་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་འཇིག་རྟེན་དང་མི་ཚེའི་སྐྱེ་བ་འདི་མུ་མཐུད་དེ་ལེན་བཞིན་པ་ཡིན།

ཕྱི་ནང་དུས་ཀྱི་འཁོར་ལོ་འདི་དག་གི་ཉམས་མྱོང་ནི་ང་རང་ཚོའི་ལས་ཀྱིས་བཟོས་བཞག་པ་ཞིག་ཡིན། ལས་ཞེས་བྱ་བ་ནི། ང་ཚོར་རང་དབང་མེད་པར་བྱ་བར་འཇུག་བཅུག་པ་དང་། ངག་ནས་སྨྲ་བཅུག་པ་དང་། སེམས་ནང་བསམ་བཅུག་པར་བྱེད་པའི་ཡིད་ཀྱི་བྱེད་ལས་སམ་སེམས་བྱུང་ཞིག་ཡིན་པ་དང་། དེ་གཞི་འཛིན་ས་ནི། ང་རང་ཚོའི་སྤྱོད་པའི་ཤུགས་རྐྱེན་ལ་མགོ་རྨོངས་པ་དང་མ་ཤེས་པ་དང་། རང་དང་གཞན་དེ་བཞིན་ཆོས་ཐམས་ཅད་ཇི་ལྟར་ཡོད་པའམ་གྲུབ་པ་དེ་ཡིན། འགྲེལ་བཤད་ཁ་ཤས་ཀྱི་ནང་དུ། ལས་ཞེས་པ་དེའི་ནང་། ང་ཚོས་དུས་རྒྱུན་རང་དབང་མེད་པའི་ནུས་པ་དང་བཅས་ཏེ་བྱ་བ་བྱེད་པ་དང་སྐད་ཆ་བཤད་པ་དེ་ཚུད་ཡོད་པ་མ་ཟད། ང་ཚོའི་རང་དབང་མེད་པའི་སྦྱོར་བའི་རྣམ་པའམ་བཟོ་ལྟ་གང་ཡིན་པ་དང་། རང་དབང་མེད་པའི་ངག་གི་སྒྲ་གང་ཡིན་དེ་ཡང་འཚུད་ནས་ཡོད་པར་བཤད་ཡོད། ང་རང་ཚོའི་ལས་ཀྱི་བག་ཆགས་དང་སྤྱོད་ཚུལ་ལ་བརྟེན་ནས། ཕྱི་ནང་དུས་ཀྱི་འཁོར་ལོའི་ཉམས་ཉེས་ཀྱི་རང་བཞིན་ཅན་རང་དབང་མེད་པ་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དེ་ཉམས་སུ་མྱོང་གི་ཡོད། ད་དུང་ང་ཚོས་འཁོར་ལོ་དེ་དག་མཉམ་དུ་འབྱུང་འགྱུར་གྱི་མི་སྐྱིད་པའི་འཁོར་ལོའི་སྡུག་བསྔལ་དང་། དུས་ནམ་ཡང་མི་གནས་ཤིང་འདོད་པ་ཚིམ་རྒྱུ་མེད་པའི་བདེ་སྐྱིད་ཀྱི་བྱེ་བྲག་ཅིག་ཉམས་སུ་མྱོང་བ་ཡིན། སེམས་ཀྱི་གཟུགས་བརྙན་ནམ་སྣང་བ་ལ་འགན་འཁྲི་ཡོད་པའི་ལས་རླུང་གི་འཁོར་ལོ་སྟེ། ང་ཚོ་སད་པའི་སྐབས་ཀྱི་དུས་འཁོར་དང་། རྨི་ལམ་གྱི་སྐབས་ཀྱི་དུས་འཁོར་དང་། གཉིད་གཏིང་རིང་པོའི་སྐབས་ཀྱི་དུས་འཁོར་དང་། ཡང་སྐབས་འགར་འཁྲིག་སྦྱོར་གྱི་བདེ་བའི་ཉམས་མྱོང་རྩེ་མོར་སླེབས་སྐབས་སུ་ང་ཚོའི་ཡིད་ཀྱི་བྱེད་ལས་བསྐྱེད་པར་བྱེད་ཀྱི་ཡོད་པ་བཅས་དུས་ཀྱི་འཁོར་ལོའི་ནང་འགྲེལ་བ་འདི་ལ་ཁ་བསྣོན་གྱི་ཚུལ་དུ་གསུངས་ཡོད།

ཡང་ཐབས་གཞན་གྱི་དབང་དུ་བྱས་ཏེ། གཞན་དུས་ཀྱི་འཁོར་ལོ་ཞེས་བྱ་གསུམ་པ་ཞིག་ཡོད་པ་ནི། གསང་སྔགས་དབང་གི་འཁོར་ལོ་དེ་ཡིན། དེ་ལ་ཉམས་སུ་ལེན་ཚུལ་དང་སངས་རྒྱས་ཚུལ་གྱི་རིམ་པ་གཉིས་ཡོད། དུས་ཀྱི་འཁོར་ལོ་གཞན་འདི་ནི། དུས་འཁོར་ཕྱི་ནང་གཉིས་སུ་དབྱེ་བའི་གཞན་དེ་ཡིན་པ་མ་ཟད། དེ་དག་གི་གནོད་གཞིར་གྱུར་བའི་ཤུགས་རྐྱེན་འོག་གི་གཉེན་པོ་ཡང་ཡིན་པ་རེད། གང་ལྟར་ཡང་། གལ་ཏེ་ང་རང་ཚོའི་ནུས་པ་དང་སེམས་ཁམས་ཉམས་འགྱུར་གྱི་གསལ་ཆ་དེ་ནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་པ་ཡིན་ན། ཉིན་མོའི་་ཉི་མའི་འོད་ཟེར་དང་། ཕོ་མོའི་སྐུལ་རྒྱུའམ་ཧོར་མོན་གྱི་འགྱུར་འགྲོས་ (hormonal changes) དང་། ན་ཚོད་རྒས་རྒུད་ལ་སོགས་པས་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པའི་ནུས་པ་ལ་འགོག་རྐྱེན་བྱེད་པ་མ་ཟད། གཞན་ལ་ནུས་ལྡན་གྱིས་ཕན་འདོགས་པ་ལའང་འགོག་ཐབས་བྱེད་ཀྱི་ཡོད།  
 
དུས་ཀྱི་འཁོར་ལོ་ནི། རྣམ་པ་དུ་མའི་སྒོ་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཕྱིའི་དུས་ཀྱི་འཁོར་ལོ་ངོ་སྤྲོད་ཀྱི་ཆ་ཤས་སུ་རྩོམ་རིག་གི་ལམ་ནས་རྩིས་ཀྱི་ལམ་ལུགས་དང་མན་ངག་སྣ་ཚོགས་པ་ཞིག་མཁོ་སྤྲོད་བྱས་ཡོད་པ་དང་། དེ་དག་གིས་ཉི་མ་དང་ཟླ་བ། དེ་བཞིན་རྒྱུ་སྐར་བཅས་ཀྱི་གནས་སྟངས་དང་། དབྱར་དུས་ཉི་མ་རིང་ཤོས་སམ་ཉི་ལྡོག་གི་རིང་ཚད་དང་། ཉི་ཟླ་གཟའ་འཛིན་གྱི་དུས་ཚོད་དང་། ཟླ་བ་འཕེལ་འགྲིབ་ལ་ལྟོས་པའི་ཟླ་ཐོ་དང་ལོ་ཐོ། སྐར་རྩིས་ལུགས་ཀྱི་ཚེ་རབས་ལས་རྩིས་དང་བཅས་པ་རྩིས་སྐོར་བ་ཡིན། དེའི་ནང་དུ་དམག་བྲལ་ཞི་བདེའི་དུས་དང་དམག་འཁྲུག་གི་དུས་སུ་བེད་སྤྱོད་ཆེ་བའི་བཟོ་འཕྲུལ་གྱི་ལག་ཆ་གསར་སྐྲུན་གྱི་ཆེད་བཟོ་ལས་སློབ་ཁྲིད་རྣམས་ཀྱང་འཚུད་ཡོད་པ་ཡིན། ནང་དུས་ཀྱི་འཁོར་ལོའི་བསྐོར་བགྲོ་གླེང་བྱེད་པ་ལས། ང་ཚོར་ལུས་ཀྱི་ཕྲ་བའི་རླུང་གི་མ་ལག་དང་། དེ་དང་མཉམ་དུ་ཙཀྲའམ་འཁོར་ལོ་དང་། རྩ་དང་ཐིག་ལེ། དེའི་སྟེང་དུ་བོད་སྨན་གྱི་གཞུང་ཁག་གི་ནང་དུ་དེ་དག་རྣམ་པ་མང་པོའི་སྒོ་ནས་ཧྲིལ་པོར་སྒྲིལ་བ་རྣམས་དང་། ལེགས་སྦྱར་སྐད་ཀྱི་སྒྲ་གདངས་རིག་པ་ལ་དཔྱད་ཞིབ་བཅས་ཀྱི་འགྲེལ་བརྗོད་ཀྱང་ཞིབ་རྒྱས་མཁོ་སྤྲོད་བྱེད་ཀྱི་ཡོད།
 
དུས་འཁོར་གྱི་དབང་དང་ཉམས་ལེན་གྱི་རིམ་པ་གཉིས་པོ་རྣལ་འབྱོར་བླ་མེད་རྒྱུད་གཞན་དག་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་ཡོད་པའི་སྒོ་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཕྱི་དུས་ཀྱི་འཁོར་ལོ་དང་ནང་དུས་ཀྱི་འཁོར་ལོ་གཉིས་ཀྱི་དབར་ལ་འདྲ་མཚུངས་རང་བཞིན་ཞིག་ཡོད་པ་དེ་སེམས་ལ་བཞག་པའི་ཐོག་མི་ཚེའི་སྔ་ཕྱིའི་བརྒྱུད་རིམ་དང་མཚུངས་ཤིང་། མཚོན་པར་བྱེད་པའི་སྒོ་ནས་དབང་གནང་གི་ཡོད། དཀྱིལ་འཁོར་གྱི་གཞལ་ཡས་ཁང་དང་ཡི་དམ་གྱི་ལྷ་གཙོ་བོའི་སྐུ་གཉིས་པོ་འཇིག་རྟེན་གྱི་ཁམས་དང་མིའི་ལུས་མཚོན་པའི་ཆ་ཚད་མཚུངས་པ་ཡིན། འཇིག་རྟེན་གྱི་ཕྱི་དང་ནང་སྣ་ཚོགས་པ་ཞིག་ཡོད་པའི་རྒྱུ་མཚན་དང་། དེ་གཉིས་ཀར་དག་སྦྱོང་ཡོངས་སུ་རྫོགས་པ་ཞིག་དགོས་པས་ན། རྒྱུད་སྡེ་གཞན་ཕལ་ཆེ་བ་དང་མི་འདྲ་བར་དཀྱིལ་འཁོར་ལ་ཡི་དམ་ལྷ་མང་བ་ཡོད། དཀྱིལ་འཁོར་དེའི་ནང་གི་ལྷ་བདུན་བརྒྱ་ཉི་ཤུ་རྩ་གཉིས་ ༧༢༢ ཡོད་པ་ལས། སྡེ་ཚན་མི་འདྲ་བ་མང་པོ་ཞིག་དང་། གཞལ་ཡས་ཁང་དེའི་གཡས་གཡོན་དུ་སྡེ་ཚན་དེ་དག་དང་མཚུངས་པའི་ལོ་འཁོར་མོའི་ནང་གི་ཉིན་གྲངས་དང་ཟླ་གྲངས། སྐར་ཁྱིམ་འཁོར་ལོའི་རྟགས་དང་། རྒྱུ་སྐར་གལ་ཆེན་ཁག་དང་། ལུས་ཀྱི་རུས་པ་དང་རུས་ཚིགས་ཀྱི་གྲངས། དེ་བཞིན་དུ་དབང་པོ་དང་འབྱུང་བའི་ཁམས་དང་། ལུས་སེམས་ཀྱི་ཕུང་པོའི་ཆ་ཤས་དང་བཅས་པ་ཡོད། དེར་མ་ཟད། ཕྲ་བའི་རླུང་དང་ལྷན་དུ་ཉམས་ལེན་གྱི་རིམ་པ་མཐའ་མའི་སྐབས། ཤིན་ཏུ་ཕྲ་བ་གཉུག་མ་འོད་གསལ་གྱི་སེམས་དེ་ལ་སྙེགས་པའམ་རྟོགས་པའི་ལམ་ཐུན་མོང་མ་ཡིན་པ་ཞིག་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་ཕྲ་བའི་ལུས་གཟུགས་མེད་པ་ཞིག་བསྐྱེད་པ་ནི། སངས་རྒྱས་ཀྱི་གཟུགས་སྐུའི་ཐོག་མའི་ངོ་ཚབ་ཏུ་འགྲོ་བ་ཡིན།

ཕྱོགས་བསྡོམས།།

དུས་ཀྱི་འཁོར་ལོ་ནི་ཧ་ཅང་ཚད་མཐོ་ལ་རྒྱས་སྤྲོས་ཆེ་བའི་ཉམས་ལེན་ཞིག་ཡིན། འདིའི་དཀྱིལ་འཁོར་བསྡུས་པའི་སྒོ་ནས་མགོ་རྙོག་ཆུང་བའི་རིགས་དང་ཡི་དམ་གྱི་ལྷ་ཉུང་ཤས་ལས་བསྒོམ་རྒྱུ་མེད་པ་དེ་འདྲ་ཡིན་ནའང་། ད་དུང་ཉམས་ལེན་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡོད། ཡིན་ནའང་ཀུན་སློང་བཟང་པོ་དང་། གྲ་སྒྲིག་ཡག་པོ། རྒྱུན་མཐུད་པའི་འབད་བརྩོན་ཞིག་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཕན་ནུས་ཧ་ཅང་ཆེན་པོ་ཡོད།

རྒྱུད་དམ་གསང་སྔགས་ཀྱི་ཉམས་ལེན་ཚད་མཐོ་པོ་གཞན་དང་མི་འདྲ་བར་རྒྱ་ཆེ་བའི་མང་ཚོགས་ཆོས་ཞུ་བ་རྣམས་ལ་དུས་ཀྱི་འཁོར་ལོའི་དབང་གནང་སྲོལ་ཞིག་ཡོད། དེ་ནི་འཛམ་གླིང་ནང་ཞི་བདེ་དང་མཐུན་སྒྲིལ་ཁྱབ་སྤེལ་ཡོང་བའི་ལམ་ལྟ་བུ་ཞིག་ཡིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གྱི་དབང་ཐོག་མ་དེ། ཕྱི་ལོ་ ༡༩༥༤ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གནང་ཞིང་། དེ་ནས་བཟུང་སྟེ་རིམ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་ནས། དབང་ཞུ་མི་ས་ཡ་གཉིས་ལ་ཉེ་བ་དེ་འདྲ་བཅར་བ་བྱུང་ཡོད།

Top