སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་རྣམ།

02:40
རྒྱུན་སྲོལ་མི་འདྲ་བ་ལ་ལྟོས་ནས་སྟོན་པ་ཤཱཀྱ་ཐུབ་པ་མི་དཀྱུས་པ་མ་ཞིག་ཡིན་པ་དང་། ཁོང་གིས་ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་པའམ། ཡང་ན་སྔོན་མ་ནས་སངས་རྒྱས་ཟིན་པའི་སྐྱེས་ཆེན་དམ་པ་ཞིག་གིས་ལོ་ངོ་ ༢༥༠༠ སྔོན་ལ་མཛད་པ་སྣ་ཚོགས་བརྒྱུད་སངས་རྒྱས་ཚུལ་གྱི་ལམ་སྟོན་གནང་མཁན་ཡིན་པ་ཞིག་ལ་བལྟ་ཆོག །འདིར་ང་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་མཛད་རྣམ་ལ་བལྟས་ནས། དེ་ལས་ང་རང་ཚོ་སོ་སོའི་ཆོས་ཀྱི་ལམ་ཉམས་སུ་ལེན་པ་ལ་སེམས་སྐུལ་གང་འདྲ་ཞིག་ཐེབས་ཐུབ་པར་བལྟ་རྒྱུ་ཡིན།

སྲོལ་རྒྱུན་གྱི་ལོ་ཚིགས་ནང་ལྟར་བྱས་ན། སངས་རྒྱས་ཤཱཀྱ་ཐུབ་པའམ་གཽ་ཏ་མ་ཞེས་སུ་གྲགས་པ་ཁོང་རྒྱ་གར་འཕགས་པའི་ཡུལ་གྱི་དབུས་བྱང་གི་ཕྱོགས་སུ་ཕྱི་ལོ་སྔོན་གྱི་ལོ་ ༥༦༦ ནས་ ༤༨༥ བར་བྱོན་ཞིང་བཞུགས་པ་དང། ནང་པའི་ཆོས་འབྱུང་འདྲ་མིན་ནང་སངས་རྒྱས་ཀྱི་མཛད་རྣམ་སྐོར་མི་འདྲ་བ་མང་པོ་གསལ་ཡོད། དེ་དང་མཉམ་དུ་མུ་མཐུད་ཁོང་གི་མཛད་རྣམ་ཞིབ་ཅིང་ཕྲ་བ་རིམ་པས་བྱུང་ཡོད། ཞིབ་ཕྲའི་མཛད་རྣམ་དེ་དག་མང་པོ་ཞིག་འཁྲུལ་མེད་ཡང་དག་ཅིག་ཡིན་པའི་ངེས་ཤེས་རྙེད་ཡག་ཁག་པོ་ཡོད། གང་ཡིན་ཞེ་ན། ནང་པ་སངས་རྒྱས་པའི་གསུང་རབ་ཀྱི་གཞུང་དང་པོ་དེ་སངས་རྒྱས་མྱ་ངན་ལས་འདས་ནས་དུས་རབས་གསུམ་གྱི་རྗེས་སུ་གཞི་ནས་ཡི་གེར་བཀོད་ཡོད་པས་རེད། དེ་ལྟར་ཡིན་ནའང་། ཁོང་གི་རྣམ་ཐར་ཞིབ་ཕྲ་འགའ་ཞིག་གཞན་དག་གི་རྗེས་ནས་ཡི་གེར་འཁོད་པ་བྱུང་བ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་དག་ཁུངས་ལྡན་མ་ཡིན་པའི་རྒྱུ་མཚན་འདང་ངེས་ཤིག་མིན། དེ་གང་ཡིན་ཟེར་ན། རྣམ་ཐར་མང་པོ་ཞིག་ནི་མུ་མཐུད་དེ་ངག་རྒྱུན་ནམ་སྙན་ནས་སྙན་དུ་བརྒྱུད་ནས་བྱུང་བ་ཡོད་ཆོག་པ་ཡིན།

སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་ཉིད་གཙོས་པའི་ནང་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྣམས་ཀྱི་སྲོལ་རྒྱུན་གྱི་རྣམ་ཐར་ལོ་རྒྱུས་དེ་དག་བསླབ་པ་སློབ་གཉེར་དང་ཆོས་ཁྲིད་ལམ་སྟོན་གྱི་ཆེད་དུ་དམིགས་ནས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པ་ལས་ལོ་རྒྱུས་ཡིག་ཆའི་ནང་ཟིན་ཐོ་འགོད་པ་ཙམ་གྱི་ཆེད་དུ་མིན། བྱེ་བྲག་ཏུ་མཁས་གྲུབ་དེ་དག་གི་རྣམ་ཐར་རྣམས་ནང་པའི་རྗེས་འཇུག་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཆོས་ཀྱི་ལམ་ལ་རྩེ་གཅིག་ཏུ་འཇུག་པའི་ཆེད་དུ་སློབ་འཁྲིད་དང་སེམས་སྐུལ་གྱི་ཚུལ་དུ་བཟོ་བཀོད་བྱས་བཞག་པ་ཞིག་ཡིན། སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་ལས་གཞན་ལ་ཕན་ཐོགས་ཡོང་བ་ལ། ང་ཚོས་སྐབས་དོན་འདིའི་ཐོག་ནས་དེ་ཤེས་པར་བྱེད་དགོས་ཤིང་། དེ་ལས་སྦྱངས་ཐུབ་པའི་བསླབ་བྱ་ཁག་ལ་བརྟག་དཔྱད་བྱེད་དགོས།

སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་གྱི་འབྱུང་ཁུངས།

སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་གྱི་འབྱུང་ཁུངས་ཆེས་སྔ་ཤོས་གྲས་སུ། གནས་བརྟན་སྨྲ་བའམ་གནས་བརྟན་སྡེ་པའི་གཞུང་ནང་མདོ་སྡེ་འབྲིང་བུ་ (Majjhima Nikaya) ལས་བྱུང་བའི་པཱ་ལིའི་མདོ་གཞུང་ཁ་ཤས་དང་། ཐེག་དམན་གྱི་གཞུང་སྣ་ཚོགས་པ། དེ་བཞིན་རབ་བྱུང་གི་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་གཞུང་ཁ་ཤས་བཅས་ཡོད། འོན་ཀྱང་གཞུང་དེ་དག་རེ་རེས་སངས་རྒྱས་ཀྱི་རྣམ་ཐར་ཐོར་བུ་ཙམ་ལས་སྟོན་གྱི་མེད།

སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ་དེ་དང་པོ་སྙན་ངག་གི་ལམ་ནས་ཡེ་ཤུ་མ་འཁྲུངས་སྔོན་གྱི་དུས་རབས་གཉིས་པའི་དུས་མཇུག་ཏུ་དངོས་པོ་ཆེན་པོ་ (Mahavastu) ཞེས་བྱ་བ་ལྟ་བུ་ཐེག་དམན་གྱི་ཕལ་ཆེན་སྡེ་པའི་གཞུང་ནང་གསལ། གཞུང་འདི་ནི་སྡེ་སྣོད་གསུམ་གྱི་ཁོངས་སུ་གཏོགས་ཀྱི་མེད། དཔེར་ན། སངས་རྒྱས་ནི་རྒྱལ་པོའི་ཁྱིམ་ཚང་ཞིག་གི་སྲས་སུ་སྐུ་འཁྲུངས་ཞེས་པ་ལྟ་བུ་ཁ་སྣོན་བརྒྱབ་ཡོད། དེ་མིན་གྱི་སྙན་ངག་གི་ལམ་ནས་བརྩམས་པའི་རྣམ་ཐར་གཅིག་ནི་ཐེག་དམན་གྱི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་རྒྱ་ཆེར་རོལ་པའི་མདོའི་ནང་གསལ་ཞིང་། ཕྱིས་སུ་མདོ་དེའི་ཐེག་ཆེན་གྱི་འགྲེལ་ཚུལ་ནི་ཐེག་དམན་གྱི་མདོ་དེ་གཡར་ནས་སྔར་ལས་རྒྱས་སུ་བཏང་ཡོད། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་མ་ནས་སངས་རྒྱས་ཟིན་པའི་སྐོར་དང་། ཁོང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་རྣམ་སྤྲུལ་དུ་བྱོན་ཚུལ་སྐོར་འགྲེལ་བརྗོད་བྱས་ཡོད་པ་ནི། གཞན་སེམས་ཅན་རྣམས་ལ་གདམས་ངག་ལམ་སྟོན་བྱེད་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུལ་བསྟན་པ་ཙམ་ཡིན།

རིམ་པས་སངས་རྒྱས་ཀྱི་རྣམ་ཐར་དེ་དག་ལས་འགའ་ཞིག་སྡེ་སྣོད་གསུམ་གྱི་ནང་དུ་བཅུག་ཡོད། དེ་དག་ལས་སྙན་གྲགས་ཆེ་ཤོས་ཀྱི་གཞུང་ནི་སྙན་ངག་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ (Buddhacarita) དེ་ཡིན་ཅིང་། དེ་ནི་དུས་རབས་དང་པོའི་ནང་བྲིས། དེའི་འགྲེལ་ཚུལ་གཞན་དག་ཕྱིས་སུ་སྔགས་ཀྱི་གཞུང་ནང་དུའང་གསལ། དཔེར་ན། འཁོར་ལོ་བདེ་མཆོག་གམ་འཁོར་ལོ་སྡོམ་པའི་གཞུང་ལྟ་ལྟ་བུའི་ནང་གསལ་ཡོད། དེའི་ནང་སངས་རྒྱས་ཀྱིས་ཕྱོགས་གཅིག་ནས་མདོ་སྡེའི་ཁོངས་སུ་གཏོགས་པའི་ཤེར་ཕྱིན་གྱི་མདོའི་གདམས་པ་གནང་བ་དང་དུས་མཉམ་དུ་རྡོ་རྗེ་འཆང་གི་རྣམ་པར་སྤྲུལ་ནས་གསང་སྔགས་ཀྱི་ཆོས་རྣམས་གསུངས་ཞེས་འགྲེལ་བརྗོད་བྱས་ཡོད།

འགྲེལ་བ་དེ་དག་རེ་རེ་ལས་ང་ཚོར་བློ་སྐྱེད་དང་་སེམས་སྐུལ་ཐོབ་ཀྱི་ཡོད། འོན་ཀྱང་ང་ཚོས་གཙོ་བོ་ལོ་རྒྱུས་རིག་པའི་ནང་སངས་རྒྱས་ཀྱི་མཛད་རྣམ་མཚོན་པའི་འགྲེལ་ཚུལ་ཁག་ལ་བལྟ་རྒྱུ་ཡིན།

སྐྱེ་བ་དང་། སྐུ་ཚེའི་སྟོད། ངེས་འབྱུང་།

ཆེས་སྔ་ཤོས་ཀྱི་ལོ་རྒྱུས་ཡིག་ཆ་་ཁག་ལ་གཞིགས་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་ཤཱཀྱའི་རྒྱལ་ཁབ་ཀྱི་རྒྱལ་ས་སེར་སྐྱའི་གྲོང་དུ་སྡེ་དཔོན་མི་དྲག་འབྱོར་བ་ཅན་དམག་མིའི་ཁྱིམ་ཞིག་གི་ནང་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། དེང་སང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཡོད། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱལ་པོའི་ཁྱིམ་ཚང་ཞིག་ནང་སྐུ་འཁྲུངས་པའི་རྒྱལ་སྲས་ཤིག་ཡིན་པར་བརྗོད་མེད། རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པ་དང་གཞོན་ནུ་དོན་གྲུབ་ཅེས་མཚན་གསོལ་བའི་རྣམ་ཐར་དེ་ནི་དུས་ཕྱིས་སུ་བྱུང་བ་ཞིག་ཡིན། ཁོང་གི་ཡབ་ཀྱི་མཚན་ལ་ཟས་གཙང་མ་ཟེར་བ་དང། དུས་ཕྱིས་ཀྱི་མཛད་རྣམ་འགྲེལ་ཚུལ་ལྟར་ན། ཁོང་གི་ཡུམ་གྱི་མཚན་ལ་ལྷ་མོ་སྒྱུ་འཕྲུལ་མ་ཞེས་གསལ་ཡོད་པ་མ་ཟད། རྫུ་འཕྲུལ་གྱི་སྒོ་ནས་ཡུམ་གྱི་མངལ་དུ་གླང་པོ་ཆེ་མཆེ་བ་དྲུག་ལྡན་ཞིག་ཞུགས་པའི་རྨི་ལམ་བཏང་ཞིང་། དྲང་སྲོང་ཨ་སི་ཏས་ཕྲུ་གུ་དེ་ནི་རྒྱལ་པོའམ་དྲང་སྲོང་ཞིག་ཡོང་རྒྱུ་ཡིན་པར་ངེས་ཞེས་ལུང་བསྟན་གནང་བ་དང་། དེ་བཞིན་གྲོང་ཁྱེར་སེར་སྐྱའི་གནས་ལས་མི་རིང་བའི་བར་གནས་ལུམ་བི་ནི་ཚལ་དུ་སྐུ་འཁྲུངས་མ་ཐག་གོམ་པ་བདུན་སྤོས་ནས། “ང་ནི་འཇིག་རྟེན་འདི་རུ་བྱོན་ཡོད་” ཅེས་གསུངས་པ་དང་སྐུ་འཁྲུངས་པའི་རྗེས་སུ་ཡུམ་འདས་གྲོངས་སུ་ཕྱིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད།


སྐུ་གཞོན་ནུའི་སྐབས། སྟོན་པས་མི་ཚེའི་ནང་གི་དགའ་བདེའི་ལོངས་སྤྱོད་ལ་རོལ་ཞིང།  གྲགས་འཛིན་མ་བཙུན་མོར་བཞེས་ནས་སྲས་སྒྲ་གཅན་འཛིན་ནམ་རཱ་ཧུལ་འཁྲུངས་པ་རེད། འོན་ཀྱང་དགུང་ལོ་ ༢༩ ཕེབས་སྐབས་རང་གི་ཁྱིམ་དང་རྒྱལ་སྲིད་སྤངས་ནས་བསོད་སྙོམས་ལ་བརྟེན་ནས་གང་སར་འཁྱམ་མྱུལ་གནང་མཁན་གྱི་དགེ་སྦྱོང་ཞིག་ཏུ་གྱུར་བ་རེད།

སངས་རྒྱས་གང་དུ་བཞུགས་སའི་སྤྱི་ཚོགས་དང་དུས་ཚོད་དང་བསྟུན་ནས་ཇི་ལྟར་ངེས་འབྱུང་སྐྱེ་བའི་ཚུལ་ལ་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན། བསོད་སྙོམས་ལ་བརྟེན་པའི་དགེ་སྦྱོང་ཞིག་ཆགས་པའི་ཆེད་དུ་ཁོང་གིས་རང་གི་སྐུ་ཟླ་དང་བུ་ཕྲུག་མི་ཚེ་སྐྱོ་པོ་དང་དཀའ་ངལ་ཅན་ཞིག་གི་ནང་བཞག་ནས་ཞལ་གྱེས་གནང་བ་མ་ཡིན། ཁོང་ཚོ་ནི་སངས་རྒྱས་རང་ཉིད་ཀྱི་འབྱོར་བདག་ཅན་གྱི་ཁྱིམ་མིས་ལྟ་རྟོག་གནང་ངེས་ཡིན་པ་རེད། གཞན་ཡང་སངས་རྒྱས་ནི་དམག་དཔོན་རིགས་ཀྱི་ཁོངས་མི་ཞིག་ཡིན་པར་གྲགས་པས། དེའི་རིགས་ཀྱི་བུ་རྣམས་དམག་ལ་ཞུགས་པ་ནི་སྐྱེས་པ་རྣམས་ཀྱི་ལས་འགན་དུ་ཁས་ལེན་བྱེད་ཀྱི་ཡོད་པ་སོང་ཙང་། དུས་ནམ་ཞིག་གི་ཚེ་ཁོང་གིས་ཁྱིམ་བཞག་སྟེ་དམག་ལ་ཞུགས་རྒྱུར་ཐེ་ཚེམ་མེད་པ་རེད།

མ་གཞི་ནས་དམག་འཁྲུག་ཕྱི་ཡི་དགྲ་བོའི་ཁ་གཏད་གཅོག་པའི་ཆེད་དུ་མཐའ་མེད་པར་རྒྱག་ཆོག་ཀྱང་། དམག་ངོ་མ་དེ་ང་ཚོའི་ནང་གི་དགྲ་ལ་རྒྱག་དགོས་ཀྱི་ཡོད་པས། དེ་ནི་སངས་རྒྱས་ཀྱིས་ཞུགས་པའི་དམག་དེ་ཡིན། སངས་རྒྱས་ཀྱིས་རང་གི་མི་ཚེ་གང་པོ་དམིགས་ཡུལ་འདི་རིགས་ཆེད་དུ་གཉེར་ནས་འབད་རྒྱུ་ནི་དགེ་སྦྱོང་ཞིག་གི་ལས་འགན་ཡིན་པ་སྟོན་ཕྱིར་ཁྱིམ་ནས་ཁྱིེམ་མེད་པར་ཕེབས་གནང་བ་རེད། གལ་སྲིད་དེང་སང་ང་ཚོའི་འཛམ་གླིང་ནང་ང་ཚོས་སོ་སོའི་གཉེན་ཉེ་དུ་དང་ཁྱིམ་ཚང་དོར་ཏེ་རབ་ཏུ་བྱུང་བ་ཡིན་ན། གཉེན་ཉེ་དེ་དག་ལ་ལྟ་རྟོག་ཡག་པོ་བྱེད་མཁན་ཡོད་མེད་ངེས་བརྟན་བཟོ་དགོས་ཀྱི་ཡོད། དེ་ཡང་ང་ཚོའི་རོགས་ཟླ་དང་ཕྲུ་གུ་ཁོ་ནའི་ལྟ་རྟོག་ཆེད་དུ་མིན་པར། ང་ཚོའི་ཕ་མ་རྒན་རབས་ཚོ་ལའང་ལྟ་དགོས་པའི་དོན་ཡིན། འོན་ཀྱང་ང་ཚོས་སོ་སོའི་ཁྱིམ་ཚང་བཞག་ནས་འགྲོ་དང་མི་འགྲོ་གང་ལྟར་ཡང་། སངས་རྒྱས་ཀྱིས་གང་མཛད་པ་ནང་བཞིན་འཁོར་བའི་བདེ་བར་ངན་གོམས་ཤོར་ནས་ཆགས་པ་ལས་ཐར་བར་བྱས་ཏེ། སྡུག་བསྔལ་ཉུང་དུ་གཏོང་ཐབས་ལ་འབད་དགོས་པ་ནི་ནང་པའི་དགེ་སྦྱོང་ཞིག་གི་ལས་འགན་ཡིན།

སངས་རྒྱས་ཀྱིས། སྐྱེ་བ་དང་། རྒ་བ། ན་བ། འཆི་བ། ཡང་སྲིད། སེམས་སྡུག །རྨོངས་པ་སོགས་ཀྱི་རང་བཞིན་ཤེས་རྟོགས་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་འདོད་ཡོད་པ་རེད། དུས་ཕྱིས་ཀྱི་མཛད་རྣམ་ལོ་རྒྱུས་ནང་། སངས་རྒྱས་ཀྱི་ཤིང་རྟ་འདྲེན་མཁན་ཆནྣས་ཤིང་རྟའི་ཐོག་བཞུགས་སུ་གསོལ་ནས་ཕོ་བྲང་གི་ཕྱི་ལ་ཕེབས་ཤིང། གྲོང་ཁྱེར་ནང་སངས་རྒྱས་ཀྱིས་ན་བ་དང་། རྒ་བ། འཆི་བ། དཀའ་ཐུབ་ཅན་གྱི་དགེ་སྦྱོང་བཅས་གཟིགས་པ་དང་ཆབས་ཅིག་ཤིང་རྟ་མཁན་ཆནྣས་དེ་དག་རེ་རེ་བཞིན་འགྲེལ་བརྗོད་ཞུས་པས། ་ེ་དག་གི་གནས་ལུགས་རྣམས་ཞུས་པས་སངས་རྒྱས་ཀྱིས་མི་ཚང་མས་མྱོང་དགོས་པའི་སྡུག་བསྔལ་དེ་ངོ་རྟགས་ཆོད་ནས་དེ་ལས་ཐར་བའི་ལམ་ཞིག་ལ་དགོངས་པ་བཞེས་ཐབས་གནང་བ་རེད།
              
ཆོས་ཀྱི་དཀའ་བ་དཔྱད་པའི་སྐབས་ཤིང་རྟ་མཁན་ཆནྣས་རོགས་རམ་བྱེད་པའི་གཏམ་རྒྱུད་ལེ་ཚན་དེ་ནི་ཧིན་དུའི་བྷ་ག་ཝད་གཱི་ཏ་ (Bhagavadgita) ཞེས་པའི་གཞུང་ནང་གི་སྲིད་སྒྲུབ་ (Arjuna) ལ་ཤིང་རྟ་མཁན་ནག་པོས་ (Krishna) དམག་མི་ཞིག་ཏུ་རང་གི་སྤུན་མཆེད་ཀྱི་ཁ་གཏད་དུ་དམག་བརྒྱབ་པའི་ལོ་རྒྱུས་བཤད་པ་ནང་བཞིན་དེ་གཉིས་འདྲ་པོ་ཡོད། ནང་པ་དང་ཧིན་དུ་གཉིས་ཀའི་ནང་ང་ཚོས་བདེན་དོན་འཚོལ་ཐབས་སུ་མི་ཚེ་བདེ་པོ་དང་སྐྱིད་པོའི་ངང་མ་བསྡད་པར། དེ་ལས་བརྒལ་ནས་འགྲོ་རྒྱུ་ནི་དེ་བས་གལ་ཆེ་བ་ཡིན་པར་གསུངས་པ་དེ་མཐོང་ཐུབ། དེ་གཉིས་སོ་སོའི་ཐད་ཤིང་རྟས་གཅིག་བྱས་ན། ཐར་པར་བགྲོད་པའི་སེམས་ཀྱི་ཤིང་རྟ་འཁོར་ལོ་མཚོན་པ་དང་ཤིང་རྟ་མཁན་གྱི་ངག་གིས་ཤིང་རྟ་འབུད་མཁན་གྱི་ཤུགས་མཚོན་ཞིང་། དངོས་པོའི་གནས་ལུགས་རྟོགས་པར་བྱེད་པའི་སྐུལ་འདེད་མཚོན་ཆོག་པ་ཡིན།

བསླབ་པ་སློབ་གཉེར་དང་སངས་རྒྱས་ཀྱི་གོ་འཕང་།

ཚངས་སྤྱོད་ལ་བརྟེན་པའི་དགེ་སྦྱོང་ཞིག་ཡིན་པའི་ཆ་ནས། སངས་རྒྱས་ཀྱིས་བསམ་གཏན་དང་གཟུགས་མེད་སྙོམས་འཇུག་སྦྱོང་བའི་ཐབས་སུ་དགེ་བའི་བཤེས་གཉེན་གཉིས་བསྟེན། མ་གཞི་སངས་རྒྱས་ཀྱིས་སྡུག་བསྔལ་རགས་པ་མི་མྱོང་བ་དང་། ཐ་ན་འཇིག་རྟེན་པའི་བདེ་བ་ཉི་ཚེ་བ་ཙམ་ཡང་མི་མྱོང་བའི་ཡང་དག་ལ་གཏིང་ཟབ་པའི་བསམ་གཏན་ཀྱི་གོ་འཕང་མཐོ་ཤོས་དེ་ཐོབ་ཐུབ་ཀྱི་ཡོད་ཀྱང་། དེ་ཙམ་གྱིས་ཐུགས་ཚིམས་པར་མ་མཛད། དེ་དག་གིས་གནས་སྐབས་ཀྱི་བདེ་བ་ཙམ་སྦྱིན་པ་ལས་སྐྱོན་ཅན་གྱི་ཚོར་བ་དེ་དག་ལས་གཏན་དུ་ངལ་གསོ་བའི་བདེ་བ་མི་ཐོབ་ཅིང་། ཡོངས་ཁྱབ་ཀྱི་སྡུག་བསྔལ་ཕྲ་མོ་རྣམས་མེད་པར་བཟོ་མི་ཐུབ་པར་སངས་རྒྱས་ཀྱིས་གཟིགས་ནས། དེ་རྗེས་ཆོས་གྲོགས་ལྔ་དང་ལྷན་དུ་བྱ་བྲལ་ཏུ་བཞུགས་ཏེ་ཧ་ཅང་དཀའ་ཐུབ་ཀྱི་ཉམས་ལེན་མཛད་གནང་བ་རེད། དེས་ཀྱང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་སྡུག་བསྔལ་ཀྱི་རྩ་བ་དེ་མེད་པ་བཟོ་ཐུབ་མེད། དུས་ཕྱིས་ཀྱི་རྣམ་ཐར་ལོ་རྒྱུས་ནང་གཞི་ནས་ཁོང་ཆུ་བོ་ནཻརཉྫནའི་དྲུང་དུ་ལོ་དྲུག་སྨྱུང་གནས་ཀྱི་དཀའ་བ་སྤྱད་པ་དང་། ལེགས་འཚོ་མའམ་ལེགས་སྐྱེས་མས་སངས་རྒྱས་ལ་འོ་འབྲས་ཕོར་པ་གང་ཕུལ་བའི་ལོ་རྒྱུས་བྱུང་བ་རྣམས་གསལ་བ་ཡིན།

ང་ཚོར་སངས་རྒྱས་ཀྱི་དཔེ་མཚོན་དེས་སྒོམ་རྒྱག་པའི་སྐབས་སུ་སྨན་རྫས་ལ་སོགས་པའི་བཅོས་མའི་ཐབས་ལ་བརྟེན་ནས་མཐའ་གཅིག་ཏུ་ཞི་ལྷོད་དུ་གནས་པར་ཡིད་ཚིམས་ནས་སྡོད་རྒྱུ་ཞིག་རྩ་བ་ནས་མིན་པར་སྟོན་གྱི་ཡོད། སེམས་ཀྱི་གནས་སྐབས་གཏིང་ཟབ་པོའི་ནང་ཡོངས་སུ་གཡེངས་ནས་སྡོད་པའམ་སོ་སོས་སོ་སོ་ལ་སྡུག་སྦྱོང་གཏོང་བ། ཡང་མིན་ན་ཉེས་ཆད་འགེལ་བ་སོགས་ཀྱང་དཀའ་ངལ་སེལ་ཐབས་ཞིག་མ་ཡིན། ང་ཚོས་ངེས་པར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་བགྲོད་དགོས་པ་ལས་དེ་ལྟ་བུའི་དམིགས་ཡུལ་བསྒྲུབ་མི་ཐུབ་པའི་ཆོས་ཕྱོགས་ཀྱི་ཐབས་ལམ་རྣམས་ལ་ཚིམས་ནས་སྡོད་རྒྱུ་མེད།

སངས་རྒྱས་ཀྱིས་དཀའ་ཐུབ་མཚམས་འཇོག་གནང་རྗེས་འཇིགས་པ་ལས་ཐར་ཆེད་ཁོང་རང་གཅིག་པུ་ནགས་ཀྱི་ཁྲོད་དུ་རྩེ་གཅིག་ཏུ་སྒོམ་རྒྱག་པར་ཕེབས་གནང་བ་རེད། འཇིགས་པ་ཀུན་གྱི་གཞི་རྟེན་དུ་གྱུར་བ་ནི་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པར་འཛིན་པའི་ “ང་” དེ་དང་། ང་ཚོའི་ངང་ངམ་ཤུགས་ཀྱིས་འཚོལ་བའི་བདེ་བ་དང་སྐྱིད་སྣང་གི་གཞི་རྟེན་དུ་གྱུར་བ་དེ་ལས་ཀྱང་ཤུགས་ཆེ་བའི་རང་འདོད་དོན་གཉེར་གྱི་བསམ་ཕྱོགས་དེ་ཡིན། དེར་བརྟེན་བློ་སྦྱོང་མཚོན་ཆ་འཁོར་ལོའི་ནང་། དུས་རབས་བཅུ་པའི་རྒྱ་གར་གྱི་སློབ་དཔོན་ཆོས་སྐྱོབ་བམ་དྷརྨ་རཀྴི་ཏས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་ཆགས་དང་། ཁོང་ཁྲོ། གཏི་མུག་བཅས་ཉོན་མོངས་དུག་གསུམ་པོ་བཀོལ་སྤྱོད་དང་བཅོས་བསྒྱུར་བྱས་པ་བརྒྱུད་རང་འདོད་དོན་གཉེར་གྱི་བསམ་ཕྱོགས་དང་། ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པར་འཛིན་པའི་ “ང་” དེ་ལས་ཐར་བར་རོགས་བྱེད་པའི་མཚོན་དོན་དུ། དུག་ཅན་རྩི་ཤིང་གིས་ཁེངས་པའི་ནགས་ཀྱི་ཁྲོད་དུ་རྨ་བྱ་རྣམས་འཁྱམས་བཞིན་པའི་སྣང་བརྙན་བེད་སྤྱོད་གནང་ཡོད།

དེ་ལྟར་ཡུན་རིང་སྒོམ་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་ནས་དཀའ་བ་སྤྱད་རྗེས། དགུང་གྲངས་སོ་ལྔར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། དུས་ཕྱིས་ཀྱི་མཛད་རྣམ་ལོ་རྒྱུས་ནང་། སངས་རྒྱས་ཀྱི་གོ་འཕང་དེ་བྱང་ཆུབ་ཤིང་གི་དྲུང་དུ་ཐོབ་པ་ཞེས་དེང་སང་རྡོ་རྗེ་གདན་ལ་ཡིན་པ་རེད། སྐབས་དེར་ཕྲག་དོག་ཅན་གྱི་བདུད་རྣམས་ཀྱིས་འཇིགས་སུ་རུང་བ་དང་ཆགས་ཅན་གྱི་བུད་མེད་སོགས་ཀྱི་རྣམ་པ་དུ་མར་སྤྲུལ་ནས་སངས་རྒྱས་ཀྱི་སྒོམ་ལ་བར་ཆད་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགོག་རྐྱེན་ག་ཚོད་བྱེད་ཐབས་བྱས་ཀྱང་། གནོད་པ་ཐམས་ཅད་ཞི་བས་བཅོམ་པའམ་བདུད་བཅོམ་པའི་མཛད་པ་ཞེས་པ་དེ་བསྟན་ནས་མཐར་སངས་རྒྱས་ཚུལ་ཞིབ་ཕྲ་གསལ་ཡོད།

ཆེས་སྔ་ཤོས་ཀྱི་མཛད་རྣམ་ལོ་རྒྱུས་ནང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཚུལ་དེ་མཁྱེན་པ་གསུམ་ཐོབ་པའི་སྒོ་ནས་གསུངས་ཡོད་པ་སྟེ། ཁོང་རང་ཉིད་ཀྱི་འདས་པའི་སྐྱེས་རབས་ཐམས་ཅད་མཁྱེན་པ་དང་། སེམས་ཅན་གཞན་གྱི་ལས་དང་སྐྱེ་བ་ཐམས་ཅད་མཁྱེན་པ། འཕགས་པའི་བདེན་པ་བཞི་བཅས་ཇི་ལྟ་བ་བཞིན་དུ་གཟིགས་ནས་སངས་རྒྱས་པར་གསུངས། དུས་ཕྱིས་ཀྱི་མཛད་རྣམ་ལོ་རྒྱུས་ཁག་གི་ནང་སངས་རྒྱས་པ་དང་མཉམ་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྲེལ་བརྗོད་བྱེད་ཀྱི་ཡོད།

ཆོས་བསྟན་པ་དང་དགེ་འདུན་གྱི་སྡེ་གསར་འཛུགས་གནང་བ།

ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྗེས། སངས་རྒྱས་རང་གིས་རྟོགས་པ་ནང་བཞིན་གཞན་ལ་སྟོན་པར་ཐུགས་དོགས་གནང་བ་རེད། ཁོང་གི་དགོངས་པར། རང་ཉིད་ཀྱིས་རྟོགས་པའི་ཆོས་དེ་གཞན་སུ་གཅིག་གིས་མགོ་ཚོད་ཀྱི་མ་རེད་དགོངས་པ་རེད། འོན་ཀྱང་འཇིག་རྟེན་བཀོད་པ་པོར་ངོས་འཛིན་བྱས་པའི་རྒྱ་གར་གྱི་ལྷ་ཚངས་པ་ (Brahma) དང་ལྷའི་རྒྱལ་པོ་དབང་པོ་ (Indra) གཉིས་ཀྱིས་སངས་རྒྱས་ལ་ཆོས་གསུང་རོགས་ཞེས་ནན་གྱིས་གསོལ་བ་བཏབ་པ་རེད། དེ་ལྟར་ཞུ་འབོད་གསོལ་འདེབས་དང་བཅས་ལྷ་ཚངས་པས་སངས་རྒྱས་ལ། གལ་ཏེ་སངས་རྒྱས་ཀྱིས་ཆོས་མ་བསྟན་ན་འཛམ་གླིང་ནང་སྡུག་བསྔལ་ཟད་མཐའ་མེད་པ་མྱོང་རྒྱུ་རེད་འདུག་ཅེས་ཞུས་པ་དང་། མ་མཐར་ཡང་མི་ཉུང་ཤས་ཀྱིས་སངས་རྒྱས་ཀྱི་ཆོས་མགོ་ཚོད་ཐུབ་ངེས་རེད་ཅེས་གསོལ་བ་བཏབ་པ་རེད།

འདི་ལྟ་བུའི་ཞིབ་ཅིང་ཕྲ་བ་ནི་ཟུར་ཟའི་གྲུབ་ཆ་ཞིག་ཡིན་སྲིད་པ་རེད། དེས་སྐབས་དེའི་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ལས་ཀྱང་སྟོན་པས་བསྟན་པའི་ཐབས་ལམ་ཁྱད་པར་དུ་འཕགས་པ་ཡོད་པ་ཤུགས་ཀྱིས་སྟོན་གྱི་ཡོད། གལ་ཏེ་དཀོན་མཆོག་མཐོ་ཤོས་དེ་ཚོས་ཀྱང་འཛམ་གླིང་ནང་སྡུག་བསྔལ་རྩ་མེད་དུ་བཟོ་ཆེད་སངས་རྒྱས་ཆོས་ལ་བརྟེན་དགོས་པ་ལས། ཁོང་ཚོར་གཞན་གྱི་སྡུག་བསྔལ་གྱི་རྩ་བ་གཅོད་པའི་ཐབས་མེད་པ་ཁས་ལེན་དེ་ལྟར་བྱེད་ན།  ང་རང་ཚོ་གང་ཟག་ཕལ་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་དེ་ག་ཚོད་ཀྱི་དགོས་མཁོ་ཡོད་པ་བཤད་མི་དགོས་པ་ཞིག་རེད། གཞན་ཡང་ནང་པའི་སྣང་བརྙན་དུ་ཚངས་པ་ནི་ཁེངས་དྲེགས་ཅན་ཞིག་སྟེ། ཚངས་པས་རང་ཉིད་ནུས་མཐུ་ཀུན་ལྡན་གྱི་འཇིག་རྟེན་བྱེད་པོ་ ༼སྤྱི་གཙོ་བོ་༽ ཡིན་ཅིང་། ཡིན་པ་མི་སྲིད་པར་གྲུབ་པའི་ “ང་” དེ་དངོས་སུ་གྲུབ་ཡོད་པ་དང་། དེས་མི་ཚེའི་ནང་གི་བྱ་གཞག་ཆ་ཚང་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་བསམ་པའི་རྨོངས་པའི་བདག་ཉིད་ ༼རྣམ་འགྱུར་ཐམས་ཅད་ཀྱི་བདག་ཉིད་༽ ཅན་གྱི་ཡིད་ཆེས་ལོག་པ་དེ་མཚོན་གྱི་ཡོད། དེ་ལྟ་བུའི་ཡིད་ཆེས་ལོག་པས་སུན་སྣང་དང་སྡུག་བསྔལ་བསྐྲུན་རྒྱུ་ངེས་པ་རེད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱི་ཆོས་ཀྱིས། ང་རང་ཚོ་ཇི་ལྟར་གནས་པའམ་གྲུབ་པའི་ཚུལ་བསྟན་ཞིང་། སྡུག་བསྔལ་གྱི་བདེན་པ་དང་དེའི་རྒྱུ་དངོས་འགོག་པར་བྱེད་པའི་འགོག་བདེན་ཐོབ་ཚུལ་གྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་གྱི་ཡོད།

ཚངས་པ་དང་དབང་པོའི་རེ་བ་ཐུགས་བཞེས་གནང་སྟེ། སངས་རྒྱས་ཉིད་ཡུལ་ཝཱ་རཱ་ཎ་སཱིའི་ (སཱ་ར་ནཱ་ཐ) ཕེབས་ནས་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་འཁོར་གྱི་ཐོག་མར་ལྔ་སྡེ་བཟང་པོར་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་སྐོར་གནང་བ་རེད། ནང་པའི་སྣང་བརྙན་གྱི་ནང་། རི་དྭགས་ཤ་བས་ཞི་བ་དང་འཇམ་པ་མཚོན་པ་དང་། དེར་བརྟེན་སངས་རྒྱས་ཀྱིས་ཞི་བའི་ཐབས་ལམ་བསྟན་ཡོད་པ་ནི། གནས་སྐབས་ཀྱི་བདེ་བ་ཁོ་ནར་དོན་དུ་གཉེར་བའི་མཐའ་ ༼འདོད་པ་བསོད་སྙོམས་ཀྱི་མཐའ་༽ དང་དཀའ་ཐུབ་ལ་གནས་པའི་མཐའ་ ༼ངལ་ཞིང་དུབ་པའི་མཐའ་༽ གཉིས་སུ་མ་ལྷུང་བའི་བྱེད་ཚུལ་དེ་ཡིན།

མི་རིང་བར་ཡུལ་ཝཱ་རཱ་ཎ་སཱིའི་ཉེ་འགྲམ་གྱི་སྐྱེ་བོ་མང་པོས་སངས་རྒྱས་ཀྱི་རྗེས་སུ་འབྲངས་ནས་ཚངས་སྤྱོད་ལ་དམ་པོར་གནས་པ་རེད། ཁོང་ཚོའི་ཡབ་ཡུམ་རྣམས་ཀྱང་ཁྱིམ་པ་མི་སྐྱའི་རྟེན་ལ་ཆོས་སྒོར་ཞུགས་ཏེ་དགེ་འདུན་གྱི་སྡེ་རྣམས་ལ་འཚོ་རྟེན་བསོད་སྙོམས་ཕུལ། ཁོང་ཚོའི་ནང་ནས་སུ་འདྲ་ཞིག་སྦྱངས་པ་མཐར་ཕྱིན་པ་དང་ཚད་ལྡན་གྱི་མཁས་པར་གྱུར་ན་སངས་རྒྱས་ཀྱིས་དེ་དག་སེམས་ཅན་གཞན་ལ་ཆོས་སྟོན་པར་མངགས་གནང་གི་ཡོད། དེ་ལྟར་སངས་རྒྱས་ཀྱི་རྗེས་འབྲང་གདུལ་བྱ་རྣམས་རིམ་གྱིས་ཇེ་མང་དུ་སོང་ནས་རིམ་པས་གནས་སོ་སོར་གཞིས་ཆགས་ནས་ “དགེ་འདུན་གྱི་” སྡེ་ཚུགས་པ་རེད།

སངས་རྒྱས་ཀྱིས་དགེ་འདུན་གྱི་སྡེ་དེ་རྣམས་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་གཞིར་བཟུང་སྒྲིག་འཛུགས་བཟོས་གནང་བ་རེད། གལ་ཏེ་ང་ཚོས་དགེ་འདུན་ཞེས་པའི་ཐ་སྙད་འདི་སྔ་ས་ནས་བེད་སྤྱོད་བྱས་པའི་དབང་དུ་བཏང་ན། ཁོང་ཚོས་འོས་མི་རྣམས་སྡེ་ཚན་ནང་ཞུགས་རྒྱུ་མོས་མཐུན་བྱེད་ཐུབ་ཀྱང། ཁོང་ཚོས་ཆོས་དང་མ་འབྲེལ་བའི་དབང་ཚད་དང་རྡབ་འཁྲུག་མི་ཡོང་བའི་ཆེད་དུ་ཚད་བཀག་འགའ་ཤས་ལག་བསྟར་བྱེད་དགོས་ཀྱི་ཡོད། དེར་བརྟེན་ད་ལྟའི་ཆར་སངས་རྒྱས་ཀྱིས་ནག་ཉེས་ཅན་དང་། དེ་བཞིན་རྒྱལ་པོའི་སྲི་ཞུ་སྒྲུབ་མཁན། དཔེར་ན། དམག་མི་དང། བྲན་གཡོག་ནས་མ་ཐར་བའི་བྲན་གཡོག །མཛེ་ནད་ལྟ་བུའི་འགོ་ཉེན་ཅན་གྱི་ནད་ཡམས་ཡོད་པ་རྣམས་དགེ་འདུན་གྱི་སྡེར་ཞུགས་མི་ཆོག་པ་བཟོས་གནང་ཡོད། དེར་མ་ཟད། ལོ་ན་ཉི་ཤུར་སོན་མེད་ཚེ་ཆོས་སྒོར་ཞུགས་མི་ཆོག །དེ་ལྟར་གནང་དགོས་དོན་ནི། སངས་རྒྱས་ཀྱིས་དཀའ་རྙོག་མི་ཡོང་བའི་ཆེད་དུ་དང་། དགེ་འདུན་གྱི་སྡེ་དང་ནང་ཆོས་ལ་མི་མང་གིས་མོས་གུས་སྲ་བརྟན་ཐོབ་ཐུབ་པའི་ཆེད་དུ་ཡིན། སངས་རྒྱས་ཀྱི་རྗེས་འཇུག་པ་ཡིན་པའི་ཆ་ནས་དེས་ང་ཚོར་ཡུལ་སྲོལ་གོམས་གཤིས་ལ་གུས་བཀུར་དང་བྱ་སྤྱོད་ཚུལ་བཞིན་དུ་སྤེལ་དགོས་པར་བསླབ་བྱ་གནང་ཞིང་། དེ་ལ་བརྟེན་མི་མང་ཚོས་སེམས་ནང་ནང་ཆོས་ལ་མཐོང་སྣང་ཡག་པོ་ཡོང་བ་དང་གུས་བཀུར་བྱེད་ཐུབ་པ་ཡོང་གི་ཡོད།

མི་རིང་བར་སངས་རྒྱས་རྡོ་རྗེ་གདན་དུ་ཆགས་པའི་རྒྱལ་ཁམས་ཡུལ་མ་ག་དྷར་ཕྱིར་ཕེབས་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོའི་ཁབ་ཏུ་གདན་འདྲེན་ཞུས་པས། རྒྱལ་པོ་དེ་ཉིད་སངས་རྒྱས་ཀྱི་སྦྱིན་བདག་དང་སློབ་མར་གྱུར། དེར་ཤཱ་རིའི་བུ་དང་མོའུ་དགལ་གྱི་བུ་གཉིས་སངས་རྒྱས་ཀྱི་འཕེལ་བཞིན་པའི་དགེ་འདུན་གྱི་སྡེར་ཞུགས་ནས་ཁོང་གི་ཐུགས་ཐག་ཉེ་ཤོས་ཀྱི་སློབ་མ་ཁ་ཤས་ཆགས་པ་རེད།

སངས་རྒྱས་ནས་ལོ་ངོ་གཅིག་གི་ནང་། གྲོང་ཁྱེར་སེར་སྐྱའི་གནས་སུ་ཁོང་ཉིད་ཀྱི་ཁྱིམ་དུ་ཕྱིར་ཕེབས་པ་དང། དེར་ཁོང་གི་བུ་སྒྲ་གཅན་འཛིན་དགེ་འདུན་གྱི་སྡེར་ཞུགས། ཕ་མ་གཅིག་གཅིག་པ་ཡིན་པའི་སངས་རྒྱས་ཀྱི་ལྟ་ན་སྡུག་པའི་སྐུ་མཆེད་གཅུང་དགའ་བོ་ནི་སྔ་ས་ནས་ཁྱིམ་བཞག་སྟེ་ཆོས་སྒོར་ཞུགས་ཚར་བ་ཡིན། ཡབ་ཟས་གཙང་མའི་ཐུགས་ལ་ཁྱིམ་གྱི་བརྒྱུད་པ་ཆད་པར་དོགས་ནས་ཐུགས་འཁྲལ་ཚད་མེད་བྱུང་སྟབས། མ་འོངས་པར་བུ་གཞན་རྣམས་ཆོས་སྒོར་ཞུགས་པ་ལ་ངེས་པར་དུ་ཕ་མའི་ཆོག་མཆན་དགོས་ཞེས་སངས་རྒྱས་ལ་འབོད་སྐུལ་ཞུས་པ་རེད། དེར་སངས་རྒྱས་ཀྱིས་ཞལ་བཞེས་ཆ་ཚང་གནང་། རྣམ་ཐར་འདིའི་གནད་དོན་གཙོ་བོ་ནི། སངས་རྒྱས་རང་གི་ཡབ་ལ་སྙིང་རྗེ་མེད་པ་གནང་བའི་དོན་མ་ཡིན་པར། དེ་ནི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་སོ་སོའི་ཁྱིམ་ཚང་ནང་ཁུལ་ལ་སྡང་སེམས་དང་གུས་བཀུར་མེད་པ་མི་ཡོང་བའི་ཆེད་དུ་ཡིན།

དུས་ཕྱིས་ཀྱི་ཞིབ་ཕྲའི་རྣམ་ཐར་ལྟར་ན། སངས་རྒྱས་ཀྱིས་རྫུ་འཕྲུལ་གྱི་སྒོ་ནས་ལྷ་གནས་སུམ་ཅུ་རྩ་གསུམ་ལ་ཕེབས་ནས་ཁོང་གི་ནང་མི་དང་མཇལ་འཕྲད་བྱུང་ཞེས་དང། ཡང་ལོ་རྒྱུས་ཀྱི་འབྱུང་ཁུངས་ཁ་ཤས་ལྟར་ན། ཁོང་དགའ་ལྡན་གྱི་གནས་སུ་ཕེབས་ནས་དེར་སྐྱེ་བ་ལེན་པའི་ཡུམ་ལ་ཆོས་གསུངས་བའི་སྐོར་མཇལ་རྒྱུ་ཡོད། དེས་ནི་ཡུམ་གྱི་དཀའ་དྲིན་ལ་རྗེས་སུ་ཡི་རངས་དང་དྲིན་ལན་མཇལ་དགོས་པའི་གལ་གནད་དེ་སྟོན་གྱི་ཡོད།

ནང་པའི་དགེ་འདུན་གྱི་སྡེའི་འཕེལ་རིམ།

གནའ་བོའི་ནང་པའི་དགེ་འདུན་གྱི་སྡེ་པ་རྣམས་ཧ་ཅང་ཆུང་ཆུང་ཡིན་ཅིང་། སྡེ་པ་རེར་དགེ་འདུན་ཞལ་གྲངས་ཉི་ཤུ་ཙམ་ལས་མེད། སྡེ་པ་སོ་སོར་རང་སྐྱོང་གི་དབང་ཚད་ལྡན་ཞིང་། བསོད་སྙོམས་ལ་ཕེབས་སའི་ཡུལ་ཡང་སོ་སོར་ཡོད། དགེ་འདུན་གྱི་སྡེ་སོ་སོའི་ལས་དོན་དང་ཐག་གཅོད་རྣམས་ཀྱང་མི་མཐུན་པའི་འཁྲུག་རྩོད་ཀྱི་རིགས་སེལ་བའི་ཆེད་དུ་རང་རང་གི་ཁོངས་མི་ནང་ནས་མང་མོས་ཐག་གཅོད་ཀྱིས་འོས་བསྡུ་བྱེད་ཀྱི་ཡོད་པ་ལས། གང་ཟག་བྱེ་བྲག་པ་གཅིག་ཁོ་ནར་ཐག་གཅོད་བྱེད་པའི་དབང་ཆ་མེད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱིས་ནང་ཆོས་ཀྱི་བསླབ་པ་རྣམས་ཐག་གཅོད་བྱེད་པོ་རང་སོ་སོ་ཡིན་པ་ངོས་འཛིན་བྱེད་དགོས་ཞེས་བཀའ་བསྩལ་གནང་ཡོད། ཐ་ན་དགོས་དབང་ཡོད་ན་དགོན་པའི་ཁྲིམས་ཀྱང་འགྱུར་བ་གཏོང་ཆོག་ཀྱང་། དེའང་དགེ་འདུན་ཐུན་མོང་གི་མང་མོས་ཐག་གཅོད་ལ་གཞི་འཛིན་ནས་འགྱུར་བ་གང་འདྲ་ཞིག་ཡིན་ནའང་གཏོང་དགོས་ཞེས་བཀའ་གནང་ཡོད།

རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ལ། གཅེར་བུ་བ་ལྟ་བུ་ཟླ་རེར་ཐེངས་བཞི་རེ་གསོ་སྦྱོང་འཚོགས་ཤིང་། བསོད་སྙོམས་ལ་བརྟེན་པའི་དགེ་སྦྱོང་གི་སྡེ་གཞན་གྱི་ཆོས་སྲོལ་ཁ་ཤས་རང་ལུགས་སུ་བསྟེན་ཆོག་པའི་བསམ་ཚུལ་ཞུས་པ་རེད། ཆོས་སྲོལ་དེ་ལ་གཞིགས་ན། དགེ་འདུན་གྱི་སྡེའི་ཁོངས་གཏོགས་རྣམས་ཟླ་བའི་འཕེལ་འགྲིབ་བཞི་རེའི་འགོ་འཛུགས་པའི་མཚམས་སུ་ལྷན་འཛོམས་ཐོག་ཆོས་ཀྱི་བགྲོ་གླེང་གནང་གི་ཡོད། དེ་ལ་སངས་རྒྱས་ཀྱི་ཞལ་བཞེས་མཛད་པས། སངས་རྒྱས་ཉིད་ཀྱང་སྐབས་དེར་ལུགས་སྲོལ་དེ་ཕྱག་བཞེས་གནང་གི་ཡོད་པ་གསལ་པོ་རེད། གཅེར་བུ་པའི་རྗེས་སངས་རྒྱས་ཀྱིས་རང་གི་དགེ་འདུན་གྱི་སྡེའི་རྣམ་པ་མང་པོ་ཞིག་དང་ཆོས་ཀྱི་སྒྲོམ་གཞིའི་རྣམ་པ་མང་པོ་ཞིག་དཔེའི་ཐོག་ནས་མཚོན་པར་གནང་ཡོད། གཅེར་བུ་པའི་སྲོལ་གཏོད་མཁན་དཔའ་བོ་ཆེན་པོ་ (Mahavira) སངས་རྒྱས་ལས་དུས་རབས་ཕྱེད་ཀའི་སྔོན་དུ་བྱོན་པ་ཞིག་ཡིན།

ཤཱ་རིའི་བུས་མི་རིང་བར་དགེ་འདུན་པའི་ཆེད་གདུལ་བའི་བཅའ་ཁྲིམས་ཤིག་མཛད་རོགས་ཞེས་སངས་རྒྱས་ལ་གསོལ་བ་བཏབ་ཀྱང། སངས་རྒྱས་ཀྱིས་དཀའ་ངལ་བྱེ་བྲག་པ་ཞིག་མ་བྱུང་བར་སྒུག་དགོས་ཞེས་ཐུགས་ཐག་བཅད་པ་དང་། དེ་ནས་དཀའ་ངལ་ལམ་ཉེས་པ་དེ་དང་འདྲ་བ་ཞིག་བསྐྱར་དུ་མི་ཡོང་བའི་ཆེད་གདུལ་ཁྲིམས་ཤིག་གཏན་འབེབས་འགོ་འཛུགས་གནང་གི་ཡིན་ཞེས་གསུངས་གནང་བ་རེད། དེ་ཡང་སངས་རྒྱས་ཀྱིས། འདི་ལྟ་བུའི་ཐབས་ཇུས་ནི་རང་གཞན་སུས་བྱས་ཀྱང་རང་བཞིན་གྱི་གནོད་འཚེ་ཆེ་བའི་བྱ་སྤྱོད་ ༼རང་བཞིན་གྱི་ཁ་ན་མ་ཐོ་བ་༽ ཀྱི་རིགས་དང་། བཟང་སྤྱོད་ཀྱི་ཐོག་ནས་བཏང་སྙོམས་ཀྱི་ལས་ཏེ། གནས་སྟངས་ཁ་ཤས་ཀྱི་ནང་གང་ཟག་ཁ་ཤས་ལ་རྒྱུ་མཚན་ཁ་ཤས་ཀྱི་ཐོག་ནས་བཀག་སྡོམ་བྱས་པའི་ ༼བཅས་པའི་ཁ་ན་མ་ཐོ་བ་༽ གཉིས་ཀའི་རྗེས་སུ་འབྲངས་ནས་བཅའ་ཁྲིམས་གཏན་འབེབས་མཛད་གནང་བ་རེད། དེར་བརྟེན་གདུལ་ཁྲིམས་ནི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ཆེད་འཛུགས་གནང་བ་ཞིག་དང་། དེ་ཡང་སངས་རྒྱས་ཀྱི་དགོངས་གཞི་གཙོ་བོ་དཀའ་རྙོག་མི་ཡོང་བའི་ཕྱིར་དང་ཚུལ་ཁྲིམས་དང་འགལ་བའི་བྱ་སྤྱོད་འགོག་པའི་ཆེད་དུ་མཛད་གནང་བ་ཞིག་ཡིན།

དེ་ལྟ་བུའི་གདུལ་ཁྲིམས་གཞིར་བཞག་ཐོག་ཟླ་རེར་ཐེངས་བཞི་རེ་དགེ་འདུན་འདུས་ཚོགས་སུ་སྡོམ་པ་ཁག་ཁ་འདོན་བྱེད་པའི་ཕྱག་སྲོལ་འགོ་འཛུགས་གནང་ནས་དགེ་འདུན་པ་རྣམས་ཀྱིས་མངོན་གསལ་དོད་པོས་འདུལ་ཁྲིམས་དང་མི་འགལ་ཞིང་ལྟུང་བ་མི་འབྱུང་བར་བྱེད་ཀྱི་ཡོད། འདུལ་ཁྲིམས་དང་འགལ་བའི་ཉེས་པའམ་ལྟུང་བ་ནང་ནས་ཚབས་ཆེ་ཤོས་བྱེད་མཁན་བྱུང་ན་དགེ་འདུན་གྱི་སྡེ་ནས་ཕྱིར་འབུད་བྱེད་པ་ཡིན། དེ་མིན་ཉེས་ལྟུང་འབྱུང་ཉེན་གྱི་རྒྱུད་རིམ་ལ་མིང་ཆད་ཙམ་ཆགས་ཀྱི་ཡོད། དུས་ཕྱིས་སུ་འདུས་ཚོགས་དེ་ཟླ་བ་གཉིས་རེའི་མཚམས་སུ་རེར་འཚོག་སྲོལ་བྱུང་བ་རེད།

དེ་ནས་སངས་རྒྱས་ཀྱིས་ཆར་དུས་སུ་ཟླ་གསུམ་རིང་གི་དབྱར་གནས་འགོ་འཛུགས་གནང་བ་རེད། དེའི་རིང་དགེ་འདུན་པ་རྣམས་ཀྱིས་བཞུགས་གནས་གཅིག་རང་ལ་བཞུགས་ཏེ་འགྲུལ་བཞུད་མི་གནང་བ་དང་། དམིགས་ཡུལ་ནི་ལམ་ཁ་རྣམས་ཆར་ཆུས་ཁྱབ་པའི་སྐབས་སུ་ཞིང་ཁ་བརྒྱུད་ནས་ཕེབས་དགོས་ཀྱི་ཡོད་སྟབས་ལོ་ཏོག་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ་ཡིན། དེ་ལྟར་མུ་མཐུད་གཏན་གནས་དགེ་འདུན་གྱི་སྡེ་གསར་བཙུགས་ཐུབ་པ་བྱུང་ཡོད་པ་དེ་ནི་ཁ་ཡོད་ལག་ཡོད་ཀྱི་སྲོལ་ཞིག་ཆགས་པ་རེད། དེ་བཞིན་དབྱར་གནས་ཀྱི་རྒྱུན་སྲོལ་ཡར་རྒྱས་ཕྱིན་པ་དེས་ཁྱིམ་པའི་སྤྱི་ཚོགས་ཁྲོད་དུ་བརྡབ་གསིགས་དང་གནོད་འཚེ་མི་ཡོང་བ་དང་མི་མང་གི་གུས་ཞབས་འཐོབ་ཐུབ་པ་ཡོང་གི་ཡོད།

དབྱར་གནས་ཐེངས་གཉིས་པ་དེ་ནས་འགོ་བཙུགས་ཏེ། སངས་རྒྱས་ཀྱིས་ཀོ་ས་ལའི་རྒྱལ་ཁམས་ཀྱི་གྲོང་ཁྱེར་གཉན་ཡོད་ཅེས་བྱ་བའི་ཕྱི་ལོགས་སུ་དབྱར་དུས་ཐེངས་ཉི་ཤུ་རྩ་ལྔའི་རིང་རྒྱལ་བྱེད་ཀྱི་ཚལ་དུ་ཆེད་མངགས་བཞུགས་གནང་མཛད་པ་རེད། དེར་ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་དང་དགེ་འདུན་པ་རྣམས་ཀྱི་ཆེད་དགོན་པ་ཞིག་བཞེངས་པ་དང་། ད་དུང་རྒྱལ་པོ་གསལ་རྒྱལ་གྱིས་དགེ་འདུན་འདུས་ཚོགས་ལ་སྦྱིན་བདག་མཛད། རྒྱལ་བྱེད་ཚལ་དུ་ཡོད་པའི་དགོན་པ་དེ་སངས་རྒྱས་ཀྱི་སྐུ་ཚེའི་ནང་གི་ཧ་ཅང་གལ་ཆེ་བའི་གནས་ཤིག་ཡིན། དེ་དག་ལས་ཁོང་གི་མཛད་རྗེས་སྐད་གྲགས་ཆེ་ཤོས་ནི་ཕལ་ཆེར་རྫུ་འཕྲུལ་གྱི་འགྲན་སྡུར་ནང་སྐབས་དེའི་ཕྱི་རོལ་པའི་གྲུབ་མཐའ་ཆེ་ཁག་དྲུག་གི་འགོ་ཁྲིད་རྣམས་ཕམ་པར་མཛད་པ་དེ་ཡིན།

དེང་གི་ཆར་ང་ཚོ་སུ་གཅིག་གིས་ཀྱང་དེ་ལྟ་བུའི་རྫུ་འཕྲུལ་གྱི་ངོ་མཚར་ཆེ་བའི་བྱ་སྤྱོད་སྤེལ་མི་ཐུབ། ཡིན་ནའང་། སངས་རྒྱས་ཀྱིས་རང་གི་ཚད་མའི་ལམ་མ་ཡིན་པར་རྫུ་འཕྲུལ་བེད་སྤྱོད་གནང་ནས་རང་གི་ཁ་གཏད་ཚར་གཅོད་བྱེད་དགོས་དོན་ནི། འགའ་ཤས་རྒྱུ་མཚན་ཁས་ལེན་མི་བྱེད་མཁན་ཚོར་སངས་རྒྱས་ཀྱི་སྟོབས་ཆེ་བའི་ནུས་པ་བེད་སྤྱོད་མ་བྱས་ན་མི་རྣམས་རྒྱུད་མ་དག་པས། ལེགས་ཤོས་ནི་ང་ཚོའི་གོ་རྟོགས་དང་མཐུན་པའི་བྱ་སྤྱོད་སྤེལ་རྒྱུ་དེ་ཡིན། དེ་ནི་དབྱིན་སྐད་ནང་དུའང་ “ཁ་ནས་བཤད་པ་ལས་བྱ་སྤྱོད་སྤེལ་བ་དེ་དོན་གོ་ཆེ་བ་ཡོད་” ཅེས་པའི་ཤོད་སྲོལ་ཞིག་ཡོད་པ་ལྟར་རེད།

དགེ་འདུན་བཙུན་མའི་སྡེ་གསར་འཛུགས་གནང་བ།

དུས་ཕྱིས་སུ་སངས་རྒྱས་ཀྱི་སྐུ་ཚེའི་མཛད་པའི་ནང་། ཁོང་གི་ཨ་སྲུ་སྐྱེ་དགུའི་བདག་མོ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སངས་རྒྱས་ཀྱིས་ཡངས་པ་ཅན་དུ་དགེ་འདུན་བཙུན་མའི་སྡེ་འགོ་འཛུགས་གནང་བ་རེད། ཐོག་མར་དེ་ལྟ་བུའི་སྡེ་ཞིག་གསར་འཛུགས་གནང་རྒྱུར་ཐུགས་མོས་ཡོད་ལ་མེད་ལ་བྱུང་ཡོད། འོན་ཀྱང་ཁོང་གིས་དགེ་འདུན་པ་ལས་དགེ་འདུན་བཙུན་མར་སྡོམ་ཁྲིམས་གྲངས་མང་བ་བཟོས་ན་འགྲིགས་པར་དགོངས་ནས་བཙུན་མའི་སྡེ་གསར་འཛུགས་གནང་རྒྱུའི་ཐུགས་ཐག་བཅད་གནང་བ་རེད། དེ་ལྟར་མཛད་པས། སངས་རྒྱས་ཀྱིས་བུད་མེད་རྣམས་སྐྱེས་པ་ལས་སྒྲིག་ལམ་ངན་པ་ཡོད་པ་སོང་ཙང་། སྡོམ་ཁྲིམས་མང་བ་བཟོས་ཏེ་འདུལ་དགོས་ཞེས་གསུངས་པ་མིན། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱི་དགོངས་པར། བུད་མེད་ལ་བཙུན་མའི་སྡེ་ཞིག་བཙུགས་ན། དེས་བསྟན་པར་མཚན་ངན་དང་གེགས་བར་ཆད་བྱུང་ནས་ཁོང་གི་ཆོས་དུས་ལ་མ་བབས་གོང་ནས་འཇིག་ཉེན་ཆེ་བའི་ཐུགས་དྭོགས་ཤིག་ཡོད་པས་ཡིན། དེར་མ་ཟད། གཙོ་བོ་སྤྱི་ཡོངས་ཀྱི་ཆ་ནས་བཙུན་མའི་སྡེ་ལ་གུས་བརྩི་མེད་པ་མི་ཡོང་བའི་ཐུགས་འདོད་ཡོད་པ་དང་། བཙུན་མའི་སྡེར་ཚུལ་མིན་གྱི་བྱ་སྤྱོད་གང་རུང་ཡོད་དགོས་པའི་བློ་དྭོགས་ཡོད་པར་བརྟེན་བསླབ་ཁྲིམས་མང་བ་དགོས་པར་གཟིགས་ཡོད།

མདོར་བསྡུས་ན། སངས་རྒྱས་ཀྱིས་བསླབ་ཁྲིམས་གཏན་འབེབས་གནང་བར་ཐུགས་འདོད་མེད་པ་དང་། དགོས་མཁོ་མེད་པའི་རིགས་ཀྱི་འདུལ་ཁྲིམས་ཆུང་བ་འགའ་ཤས་མེད་པ་བཟོས་གནང་ནའང་། དེའི་ཐབས་ཇུས་ནི་བདེན་པ་གཉིས་ཀྱི་རྒྱུད་རིམ་ལམ་ལུགས་སྟོན་གྱི་ཡོད་པ་སྟེ། དོན་དམ་བདེན་པ་དང་ད་དུང་ཡུལ་སྲོལ་འགྲོ་ལུགས་ལ་བསྟུན་ནས་ཀུན་རྫོབ་བདེན་པའི་ཆ་ལ་གུས་བརྩི་དགོས་པ་སྟོན་གྱི་ཡོད། དོན་དམ་བདེན་པའི་དབང་དུ་བྱས་ན། དགེ་འདུན་བཙུན་མའི་རྒྱུད་པ་སྤེལ་བར་དཀའ་ངལ་ཅི་ཡང་མེད། འོན་ཀྱང་དེའི་སྐབས་ཀྱི་མི་ཕལ་པ་རྣམས་ཀྱི་ནང་ཆོས་ལ་ལྟ་ཕྱོགས་མི་མཛེས་པ་དང་མཐོང་ཆུང་མི་བྱེད་པའི་ཆེད། བཙུན་མ་རྣམས་ལ་བསླབ་ཁྲིམས་མང་བ་གཏན་འབེབས་བྱེད་དགོས་ཀྱི་ཡོད། དོན་དམ་བདེན་པའི་ཐོག་ནས་སྤྱི་ཚོགས་ནང་གང་བཤད་པ་དང་གང་བསམ་ནའང་ཁྱད་པར་མེད། འོན་ཀྱང་འཇིག་རྟེན་ཀུན་རྫོབ་བདེན་པ་ཟེར་དུས། མི་མང་གི་གུས་བརྩི་དང་ཡིད་ཆེས་ལ་ཆ་འཇོག་དགོས་པ་ནང་པའི་དགེ་འདུན་གྱི་སྡེ་ལ་གལ་ཆེན་པོ་ཆགས་ཡོད། དེ་འདྲ་ཡིན་པ་སོང་ཙང་། དེང་དུས་ཀྱི་སྤྱི་ཚོགས་ནང་བཙུན་མའམ་བུད་མེད་རྣམས་ལ་སྤྱིར་བཏང་ངམ་གྲངས་ཉུང་བར་ནང་པའི་སྲོལ་རྒྱུན་གྱིས་ཕྱོགས་ལྷུང་བྱས་ན། གུས་ཞབས་མེད་པ་ཆགས་ངེས་ཡིན་པ་དང། སངས་རྒྱས་ཀྱི་དགོངས་པ་ནི་དུས་ཚོད་ཀྱི་འགྲོ་སྟངས་འགྲོ་ལུགས་དང་བསྟུན་ནས་དེ་དག་ལ་བསྐྱར་བཅོས་བྱ་རྒྱུ་དེ་ཡིན།

གང་ལྟར་ཡང་། བཟོད་སྒོམ་དང་སྙིང་རྗེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་དོན་དེ་ཡིན། དཔེར་ན། སངས་རྒྱས་ཀྱིས་སློབ་མ་གསར་པ་སུ་ཡིན་རུང་དེ་ལ་སྔོན་མ་རང་གི་ཆོས་བརྒྱུད་གང་ཡིན་ཀྱང་དེ་ལ་གུས་བརྩི་དང་རྒྱབ་སྐྱོར་མུ་མཐུད་གནང་དགོས་སྐོར་བློ་སྟོབས་སྤེལ་གནང་གི་ཡོད། ནང་པའི་སྒྲིག་འཛུགས་ནང་། མི་རྣམས་གཅིག་གིས་གཅིག་ལ་དོ་འཁུར་དང་གཅེས་སྐྱོང་བྱེད་དགོས་པར་གསུངས་ཡོད། དཔེར་ན། གལ་ཏེ་དགེ་འདུན་ཞིག་ནད་ཀྱིས་མནར་བ་ན། དགེ་འདུན་གཞན་གྱིས་ཁོང་ལ་ལྟ་རྟོག་བྱེད་དགོས། གང་ཡིན་ཟེར་ན། ཚང་མ་ནང་པའི་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུ་ཡིན་པས་རེད། འདི་ནི་སྐྱ་སེར་དབྱེར་མེད་པར་ཚང་མར་གལ་ཆེ་བའི་བསླབ་ཁྲིམས་ཤིག་ཡིན།

སངས་རྒྱས་ཀྱི་ཆོས་ཁྲིད་ཐབས་ལམ།

སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་ངག་གི་སྒོ་ནས་དང་། ཁོང་གི་སྐུ་ཚེའི་བླ་ན་མེད་པའི་དཔེ་གཉིས་ཀྱི་ཐོག་ནས་ཆོས་ཁྲིད་ལམ་སྟོན་གནང་ཡོད། ངག་གི་གདམས་ངག་ལ་མཚོན་ན། སྡེ་པའམ་མི་ཁྱུ་ཚོགས་ཤིག་གམ། ཡང་མིན་ན་གང་ཟག་སྒེར་པ་གཅིག་གང་རུང་གཞིར་བཞག་ཐོག་ཁོང་གིས་ཐབས་ཚུལ་གཉིས་ཀྱི་སྒོ་ནས་ཆོས་ཁྲིད་གནང་ཡོད། སྡེ་པ་མི་ཚོགས་ལ་ཆོས་གསུངས་སྐབས་རྒྱུན་དུ་གླེང་མོལ་གྱི་རྣམ་པ་དང་བཅས་ཏེ། གནད་དོན་གཅིག་ལ་བརྗོད་ཚིག་སྣ་ཚོགས་ཀྱི་ཐོག་ནས་བསྐྱར་ཟློས་གནང་སྟེ་འགྲེལ་བརྗོད་གནང་གི་ཡོད། དེའི་རྒྱུ་མཚན་ནི། ཆོས་ཞུ་བའམ་གདུལ་བྱ་སློབ་མ་རྣམས་ཀྱིས་གང་གསུངས་པའི་ཆོས་ཀྱི་སྙིང་པོ་རྣམས་ཡག་ག་མགོ་ཚོད་པ་དང་དྲན་པ་མི་བརྗེད་པའི་ཆེད་དུ་ཡིན། འོན་ཀྱང་ནམ་རྒྱུན་ཁོང་དང་དགེ་འདུན་པ་རྣམས་ཁྱིམ་པ་ཚོས་ཞལ་ལག་ལ་གདན་དྲངས་ནས་དེ་རྗེས་གང་ཟག་བྱེ་བྲག་པར་གསུང་ཆོས་གནང་སྐབས། སངས་རྒྱས་ཀྱི་ཐབས་ཚུལ་མི་འདྲ་བའི་ཐོག་ནས་ཆོས་གསུང་གི་ཡོད། ཁོང་གིས་ཆོས་ཉན་པ་པོའི་ལྟ་ཚུལ་ལ་རྩོད་ལེན་གནང་བའམ་ཁ་གཏད་ནམ་ཡང་མ་བཅག་པར། ཁོང་ཚོའི་ལངས་ཕྱོགས་དང་བསྟུན་ནས་ཁོང་ཚོའི་བསམ་ཚུལ་གསལ་པོ་ཡོང་བའི་ཆེད་དྲི་བ་དྲིས་ལན་གྱི་ཐོག་ནས་རོགས་མགོན་གནང་གི་ཡོད། དེ་ལྟར་སངས་རྒྱས་ཀྱིས་གང་ཟག་དེ་ལ་སོ་སོའི་ལངས་ཕྱོགས་གོང་མཐོར་གཏོང་བཅུག་ནས་མཐར་རིམ་པས་དངོས་པོའི་གནས་ལུགས་ལ་གོ་རྟོགས་ཡོང་བར་གནང་གི་ཡོད། དཔེ་གཅིག་ནི། སངས་རྒྱས་ཀྱིས་བྲམ་ཟེའི་རིགས་ནས་ཡིན་པའི་ང་རྒྱལ་ཅན་གྱི་དྲང་སྲོང་ཞིག་ལ། མི་སོ་སོར་བླ་ན་མེད་པའི་ཡོན་ཏན་ནམ་ཁྱད་འཕགས་ཀྱི་རང་བཞིན་ཞིག་ཡོད་པ་དེ་ནི། རང་ཉིད་ཀྱི་སྐྱེས་སའི་རིགས་རུས་ཀྱི་ཐོག་ནས་ཡོང་བ་ཞིག་མ་ཡིན་པར། དེ་ནི་མི་སོ་སོའི་སེམས་རྒྱུད་ཀྱི་ཡོན་ཏན་གོང་དུ་སྤེལ་བ་ལས་ཡོང་གི་ཡོད་པ་དེ་ཤེས་སུ་འཇུག་གནང་བ་ལྟ་བུ་རེད།

དཔེ་མཚོན་གཞན་ཞིག་ནི། མྱ་ངན་གྱིས་ནོན་པའི་ཨ་མ་ཞིག་གིས་རང་གི་ཕྲུ་གུ་མ་འབྱར་ཤི་བའི་ཕུང་པོ་ཁྱེར་ནས་སངས་རྒྱས་ལ་ཕྲུ་གུ་དེ་སླར་གསོན་པོར་གནས་པ་གནང་རོགས་ཞེས་གསོལ་བ་བཏབ་པའི་སྐབས་སུ་བསྩལ་བའི་གདམས་ངག་ལྟ་བུ་ཡིན། དེ་ཡང་སངས་རྒྱས་ཀྱིས་ཨ་མ་དེར་འཆི་བ་ནམ་ཡང་བྱུང་མྱོང་མེད་པའི་ཁྱིམ་ཞིག་ནས་ཡུངས་དཀར་གྱི་ས་བོན་ཞིག་འཁྱེར་ཤོག །དེ་ནས་ངས་ག་རེ་བྱེད་ཐུབ་མིན་ལྟ་ཆོག །ཅེས་བཀའ་གནང་། དེར་བརྟེན་ཨ་མ་དེས་ཁྱིམ་ནས་ཁྱིམ་བརྒྱུད་ཚང་མར་ཕྱིན་ཀྱང་། འཆི་བ་མ་བྱུང་བའི་ཁྱིམ་གཅིག་ཀྱང་མ་རྙེད། རིམ་གྱིས་ཨ་མ་དེས་མི་ཚང་མ་ནམ་ཞིག་འཆི་དགོས་པའི་གནས་ལུགས་ཤེས་པ་དང་། སེམས་ཞི་བའི་ངང་རང་གི་ཕྲུ་གུའི་ཕུང་པོ་མེར་སྲེག་བཏང་བ་ནང་བཞིན་རེད།

སངས་རྒྱས་ཀྱི་ཆོས་ཁྲིད་ཐབས་ཚུལ་གྱིས། མི་སྒེར་པར་འཕྲད་པའི་དཀའ་ངལ་ལ་རོགས་པ་བྱེད་པར། ངོ་རྒོལ་ཅན་ཞིག་མི་བྱེད་རྒྱུ་དེ་ཡག་ཤོས་ཡིན། ཕན་ནུས་ཆེ་ཤོས་ཀྱི་ཐབས་ཚུལ་ནི་ཁོང་ཚོའི་ཆེད་དུ་བསམ་བློ་བཏང་ནས་རོགས་རམ་བྱེད་དགོས། འོན་ཀྱང་རབ་བྱུང་ན། སྡེ་པའམ་མི་ཚོགས་མང་པོའི་ནང་ཆོས་ཁྲིད་གནང་སྐབས་གཡོ་ཟོལ་མེད་པ་དང་གསལ་པོ་གསལ་རྐྱང་གི་ཐོག་ནས་འགྲེལ་བཤད་བྱེད་དགོས།

བརྙན་པར། འབུམ་རམས་པ་ཨེ་ལེན་ཝཱ་ལ་སི། “ང་ཚོ་གཉིད་ལས་སད་ཡོད་དམ། ཡང་ན་གཉིད་ལམ་གཏོང་བཞིན་ཡོད།”

སངས་རྒྱས་དང་ཆོས་ལུགས་ཟུར་གྱེས་ལ་ངན་བྱུས་བཏིངས་པ་།

སངས་རྒྱས་སྐུ་མྱ་ངན་ལས་མ་འདས་པའི་ལོ་བདུན་གྱི་སྔོན་དུ་ཁོང་གི་ཚ་བོ་ཕྲག་དོག་ཅན་ལྷས་བྱིན་གྱིས་དགེ་འདུན་སྡེ་དང་ཆོས་རྒྱུད་ཀྱི་འགོ་འཛིན་ཆགས་པའི་ཆེད་དུ་སངས་རྒྱས་ཀྱི་གོ་གནས་འཕྲོག་རྒྱུའི་ངན་བྱུས་བཏིངས་པ་རེད། དེ་ག་ནང་བཞིན་སྲས་མ་སྐྱེས་དགྲས་རང་གི་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གོ་གནས་འཕྲོག་སྟེ་ཡུལ་མ་ག་དྷའི་རྒྱལ་པོ་བྱེད་འདོད་ཀྱིས་ངན་བྱུས་བཏིངས། དེར་བརྟེན་ཁོ་གཉིས་ཀྱིས་ངན་བྱུས་མཉམ་དུ་བཤམས་པ་དང་། སྲས་མ་སྐྱེས་དགྲས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལྐོག་གསོད་བྱེད་རྩིས་བྱས་པ་ལ་བརྟེན་ནས་རྒྱལ་པོས་རང་གི་བུ་ལ་རོགས་བྱས་ཏེ་རྒྱལ་སྲིད་སྤངས་པ་རེད། མ་སྐྱེས་དགྲའི་ལམ་ལྷོང་དང་གྲུབ་འབྲས་མཐོང་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲར་སངས་རྒྱས་ཀྱི་སྐུ་ལ་གནོད་པ་སྐྱེལ་དགོས་པའི་རེ་ངན་བཅངས། འོན་ཀྱང་སངས་རྒྱས་ཀྱི་སྐུ་ལ་གནོད་འཚེ་བྱ་རྒྱུའི་ངན་བྱུས་ཚང་མར་ལམ་ལྷོང་ཅི་ཡང་མ་བྱུང་།

ལྷས་བྱིན་གྱིས་དེ་ནས་རང་ཉིད་སངས་རྒྱས་ “ལས་རྩ་ཆེ་བ་” ཡོད་སྐོར་བཤད་དེ་དགེ་འདུན་པ་རྣམས་སླུ་བྲིད་བྱེད་ཐབས་བྱས་པ་དང་། དམ་བསྒྲགས་ཆེ་བའི་སྒྲིག་ཁྲིམས་ཤིག་གཏན་འབེབས་དགོས་པའི་གྲོས་འཆར་བཏོན་པ་རེད། དུས་རབས་བཞི་པའི་ནང་གནས་བརྟན་སྨྲ་བའི་སློབ་དཔོན་སངས་རྒྱས་དབྱངས་ཀྱིས་མཛད་པའི་རྣམ་པར་དག་པའི་ལམ་ (Visuddhimagga) ལ་གཞིགས་ན། ལྷས་བྱིན་གྱིས་དགེ་འདུན་པ་རྣམས་ལ་བཏོན་པའི་གྲོས་འཆར་གསར་པ་ཁག་ནི།

  • གོས་ཧྲུལ་གྱིས་ལྷན་པ་བརྒྱབ་པའི་ན་བཟའ་གྱོན་པ།
  • ན་བཟའ་གསུམ་ཁོ་ན་གྱོན་པ།
  • བསོད་སྙོམས་གཅིག་པུར་འགྲོ་བ་ལས་ཞལ་ལག་ཆེད་གདན་དྲངས་ན་ནམ་ཡང་ངོས་ལེན་མི་བྱེད་པ།
  • བསོད་སྙོམས་ལ་འགྲོ་སྐབས་ཁྱིམ་ཚང་གཅིག་ཀྱང་མི་དོར་བ།
  • བསོད་སྙོམས་ལས་ཟས་གང་བྱུང་བ་ཚང་མ་སྡོད་གནས་གཅིག་རང་ལ་བཟའ་བ།
  • རང་གི་བསོད་སྙོམས་ལྷུང་བཟེད་ཁོ་ན་ལས་ཟས་བཟའ་བ།
  • ཟས་རིགས་གཞན་ཚང་མ་མི་ཟ་བ།
  • ནགས་ཀྱི་ཁྲོད་ཁོ་ནར་སྡོད་པ།
  • ཤིང་གི་འོག་འདུག་པ།
  • ཕྱི་ལོགས་སུ་སྡོད་པ་ལས་ཁང་པའི་ནང་མི་སྡོད་པ།
  • མང་ཆེ་བ་དུར་ཁྲོད་དུ་སྡོད་དགོས་པ།
  • ས་ཆ་གཅིག་ནས་གཅིག་བརྒྱུད་བསྐྱོད་པའི་སྐབས་སྡོད་གནས་གང་རྙེད་ཀྱང་དེ་ལ་འདོད་པ་ཚིམ་དགོས་པ།
  • ཙོག་པུར་འདུག་སྟངས་ནང་གཉིད་ཁུག་པ་ལས་མར་ཉལ་ནས་ནམ་ཡང་གཉིད་མི་ཁུག་པ་བཅས་ཡིན།

དེ་ལ་སངས་རྒྱས་ཀྱིས། གལ་ཏེ་དགེ་འདུན་པ་རྣམས་ཀྱིས་ཁྲིམས་དེ་དག་གི་རྗེས་སུ་འབྲང་འདོད་ན། དེ་འགྲིགས་ཐག་ཆོད་རེད། འོན་ཀྱང་སུ་གཅིག་ལའང་དེ་ལྟར་བྱེད་དགོས་ཞེས་བཙན་ཤེད་བྱེད་མཁན་མེད། དགེ་འདུན་པ་མང་པོ་ཞིག་གིས་ལྷས་བྱིན་གྱི་རྗེས་སུ་ཕྱིན་ནས་སངས་རྒྱས་ཀྱི་སྡེ་ནས་ཐོན་པ་དང་ཁོང་ཚོའི་སོ་སོའི་རྒྱུད་པ་ཞིག་ཟུར་དུ་ཆགས་པ་རེད།

གནས་བརྟན་སྨྲ་བའི་ཆོས་བརྒྱུད་ཀྱི་ནང་། ལྷས་བྱིན་གྱིས་གཏན་ལ་ཕབ་པའི་བསླབ་ཁྲིམས་འཕར་མ་རྣམས་ལ་ “བརྟུལ་ཞུགས་ཡན་ལག་བཅུ་གསུམ་” ཞེས་ཟེར། དཔེར་ན། ནགས་ཁྲོད་ཀྱི་དགེ་འདུན་པའི་སྲོལ་རྒྱུན་ནི་དེང་སང་ཡང་ཐེ་ལན་ཌིའི་ནང་མཐོང་རྒྱུ་ཡོད་ཅིང་། དེ་ནི་ཉམས་ལེན་དེ་ལས་བྱུང་བ་འདྲ་པོ་ཡོད། སངས་རྒྱས་ཀྱི་སློབ་མ་འོད་བསྲུང་ཆེན་པོ་ནི་དམ་བསྒྲགས་ཆེ་བའི་བསླབ་ཁྲིམས་དེ་ཉམས་ལེན་གནང་མཁན་གྱི་མཚན་གནས་ཆེ་ཤོས་ཤིག་ཡིན། ཁྲིམས་དེའི་རིགས་མང་པོ་ཞིག་ད་དུང་ཧིན་དུའི་ཆོས་ལུགས་ནང་གི་གནས་ངེས་མེད་དུ་འཁྱམ་ཞིང་མྱུལ་བའི་བྲམ་ཟེ་དེ་ཚོས་ཀྱང་ལག་བསྟར་བྱེད་ཀྱི་ཡོད། ཁོང་ཚོའི་ཉམས་ལེན་ནི་སངས་རྒྱས་ཀྱི་དུས་སུ་བསོད་སྙོམས་ལ་བརྟེན་པའི་དགེ་སྦྱོང་རྣམས་ཀྱི་སྲོལ་རྒྱུན་གྱི་བརྒྱུད་པ་མུ་མཐུད་ནས་སླེབས་པ་འདྲ་པོ་ཡོད།

ཐེག་པ་ཆེན་པའི་ཆོས་སྲོལ་གྱི་ནང་དུ་དེ་དང་ཕྱོགས་མཚུངས་བརྟུལ་ཞུགས་ཀྱི་ཁྱད་ཆོས་བཅུ་གཉིས་ཀྱི་ཐོ་གཞུང་རེའུ་མིག་ཅིག་ཡོད། ཐོ་གཞུང་དེའི་ནང་། “བསོད་སྙོམས་ལ་ཕེབས་སྐབས་ཁྱིམ་གཅིག་ཀྱང་མ་ལུས་པར་འགྲོ་དགོས།” ཞེས་པ་དེ་ཕྱིར་འདོན་བྱས་ནས་དེའི་ཚབ་ལ་ “ཕྱག་དར་གྱི་སྣོད་ནང་དོར་བའི་གོས་སམ་ན་བཟའ་གྱོན་དགོས་” ཞེས་ཁ་སྣོན་བྱས་པ་དང་། “བསོད་སྙོམས་ལ་ཕེབས་སྐབས་” དང་ “རང་གི་བསོད་སྙོམས་ལྷུང་བཟེད་ཁོ་ན་ལས་བཟའ་དགོས་པ་” རྣམས་གྲངས་ཀ་གཅིག་ལ་བརྩིས་ཡོད། དུས་ཕྱིས་སུ་སྒྲིག་ཁྲིམས་དེ་དག་གཙོ་ཆེ་བ་ཐེག་ཆེན་དང་ཧིན་དུའི་ཆོས་ལུགས་གཉིས་ཀའི་ནང་རྒྱ་གར་སྲོལ་རྒྱུན་ཁྲོད་ཀྱི་གྲུབ་ཐོབ་ཆེན་པོའམ་མ་ཧཱ་སིདྡྷ་རྣམས་ཀྱིས་ཉམས་ལེན་གནང་གི་ཡོད།

ནང་པའི་སྲོལ་རྒྱུན་སྲ་བརྟན་ཡོད་པ་ཞིག་ནས་ཁ་གྱེས་ཏེ་རྒྱུད་པ་གཞན་ཞིག་བཙུགས་པའམ། ཡང་ན་དེང་དུས་ཀྱི་ཐ་སྙད་བེད་སྤྱོད་བྱས་ན། ཕལ་ཆེར་ཆོས་ཚོགས་ཁག་ཁག་ཅིག་བཙུགས་པ་དང་འདྲ། དེ་ནི་དཀའ་ངལ་ཞིག་མ་རེད། དེ་ལྟར་བྱེད་པས་ “ཆོས་ལུགས་ཟུར་གྱེས་གཏོང་བ་” ཞིག་མ་ཡིན། དགེ་འདུན་དབྱེན་འབྱེད་ནི་མཚམས་མེད་ལྔའི་ནང་ནས་གཅིག་ཡིན། ལྷས་བྱིན་གྱིས་དེ་ལྟ་བུའི་ཆོས་ལུགས་ཟུར་གྱེས་དང་དགེ་འདུན་དབྱེན་འབྱེད་ཀྱི་ལས་བསགས་ཡོད། གང་ཡིན་ཞེ་ན། ལྷས་བྱིན་གྱིས་ཆོས་ལུགས་ཁ་ཐོར་བཏང་ནས་སངས་རྒྱས་ཀྱི་དགེ་འདུན་གྱི་སྡེ་ལ་སྡང་སེམས་དང་སྐྱོན་འཛུགས་ཚབས་ཆེན་བྱས་ཡོད། འགྲེལ་བ་འགའ་ཞིག་ལ་གཟིགས་ན། དེ་ལྟ་བུའི་ཆོས་ལུགས་ཟུར་གྱེས་ཀྱི་བསམ་ངན་དེ་དུས་རབས་ཁ་ཤས་རིང་གནས་པར་བཤད་ཡོད།

ཆོས་ལུགས་ཟུར་གྱེས་ཀྱི་འགྲེལ་བརྗོད་འདིས་སངས་རྒྱས་ནི་ཧ་ཅང་བཟོད་བསྲན་ཆེ་བ་ཞིག་ཡིན་པ་ལས་ལྟ་བ་མཁྲེགས་འཛིན་ཅན་ཞིག་རྩ་ནས་མིན་པར་སྟོན་གྱི་ཡོད། གལ་ཏེ་ཁོང་གི་རྗེས་འཇུག་རྣམས་ཀྱིས་གཏན་འབེབས་ཀྱི་བསླབ་ཁྲིམས་ལས་དམ་བསྒྲགས་ཆེ་བ་ཞིག་འདེམ་སྒྲུག་བྱེད་འདོད་ཡོད་ན། དེས་འགྲིགས་པ་ཞིག་དང་། གལ་སྲིད་ཁོང་ཚོས་དགོས་འདོད་མེད་ན། དེས་ཀྱང་འགྲིགས་ཀྱི་རེད་ཅེས་གསུངས་ཀྱི་ཡོད། ཁོང་གིས་གང་གསུངས་པ་དེ་ཉམས་སུ་ལེན་དགོས་ཞེས་སུ་གཅིག་ལའང་བཙན་བཀའ་གཏོང་གི་མེད། གང་ལྟར་གནོད་ཚབས་ཆེ་ཤོས་ནི། ནང་པའི་ཆོས་སྡེ་སྤྱི་དང་། དམིགས་བསལ་དགེ་འདུན་གྱི་སྡེ་ལ་དབྱེན་འབྱེད་བྱེད་པ་དང་། དེ་དག་སྡེ་པ་གཉིས་སམ་དེ་ལས་མང་བར་ཁ་ཕྲལ་དུ་བཏང་ནས་ཕན་ཚུན་གཅིག་གིས་གཅིག་ལ་སྡང་སེམས་བཅངས་པ་དང་། ཕན་ཚུན་མིང་ཆད་བཟོ་བ་དང་གནོད་སྐྱེལ་རེས་བྱེད་པ་དེ་ཡིན། དེར་མ་ཟད། དེ་འདྲའི་སྡང་འཛིན་གྱི་ལས་འགུལ་སྤེལ་བའི་ཤོག་ཁག་ཅིག་གི་ནང་འཛུལ་ཞུགས་བྱས་པ་ནི་ཧ་ཅང་གནོད་གཞི་ཅན་ཞིག་ཡིན། གང་ལྟར་ཡང་། གལ་སྲིད་སྡེ་པ་གཅིག་གིས་གནོད་ཚབས་དང་གནོད་འཚེ་ཆེ་བའི་བྱ་བར་འཇུག་པའམ། ཡང་ན་གནོད་འཚེ་ཅན་གྱི་སྒྲིག་ལམ་རྗེས་སུ་འབྲང་གི་ཡོད་ན། སྙིང་རྗེས་ཀུན་ནས་བསླངས་ཏེ་མི་རྣམས་ལ་སྡེ་པ་དེར་ཞུགས་ན་ཉེན་ཁ་ཡོད་པའི་ཉེན་བརྡ་གཏོང་དགོས་ཀྱང་། དེ་ལྟར་བྱེད་རྒྱུའི་ཀུན་སློང་དེ་ཁོང་ཁྲོ་དང་། ཞེ་སྡང་། ཡང་ན་འཁོན་ལན་གྱིས་ནམ་ཡང་མ་བསླད་པ་བྱེད་དགོས།

སངས་རྒྱས་སྐུ་མྱ་ངན་ལས་འདས་ཚུལ།

མ་གཞི་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱས་ཟིན་པས། རང་དབང་མེད་པར་འཆི་བའི་རྒྱུན་ལས་ཐར་ནའང་། དགུང་གྲངས་ ༨༡ ལ་སྐུ་ལུས་དང་བྲལ་ནས་འཆི་བ་མི་རྟག་པ་སྟོན་ན་དགེ་མཚན་ཆེ་བར་གཟིགས་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། དེའི་སྔོན་དུ་ཁོང་གི་སྐུ་འཁོར་ཀུན་དགའ་བོར་དྲི་བ་འདྲི་བའི་གོ་སྐབས་གནང་། འོན་ཀྱང་ཀུན་དགའ་བོས་སངས་རྒྱས་ཀྱི་དགོངས་པ་མ་མཁྱེན་པ་རེད། དེས་འདུལ་བྱ་རྣམས་ཀྱིས་ཆོས་སྟོན་རོགས་ཞེས་གསོལ་བཏབ་པའི་སྐབས་སངས་རྒྱས་ཀྱིས་ཆོས་སྟོན་པ་དང། དེ་ལྟར་གསོལ་བ་མ་བཏབ་པའམ་དོ་དབྱིངས་མེད་ན། སེམས་ཅན་གཞན་གྱི་སླད་དུ་མཛད་འཕྲིན་རླབས་ཆེ་བ་ཡོང་བར་དགོངས་ནས་ཡུལ་གཞན་དང་གཞན་དུ་ཕེབས་འགྲོ་གི་ཡོད། སྟོན་པ་དང་བསྟན་པ་གནས་མི་གནས་ནི་སློབ་མ་རང་ལ་རག་ལས་ཡོད།

ཀུ་ཤའི་གྲོང་ཁྱེར་རམ་རྩྭ་མཆོག་གྲོང་ནང་སྦྱིན་བདག་ཙུནྡའི་ཁྱིམ་དུ་སངས་རྒྱས་དང་རྗེས་འཇུག་དགེ་འདུན་ཁག་ཅིག་ཞལ་ལག་ཕུལ་བ་དེ་བཞེས་པ་དང་སངས་རྒྱས་འཆི་བ་ལྟར་གྱི་ནད་ཀྱིས་མནར་བའི་ཚུལ་མཛད། སྐུ་མྱ་ངན་ལས་འདའ་ཁར་བཞུགས་འཁྲིའི་སྟེང་བཞུགས་ནས་དགེ་འདུན་པ་རྣམས་ལ། ཁྱེད་ཚོར་དྲི་བ་དང་དོགས་འཆར། དེ་བཞིན་ལན་འདེབས་མ་བྱས་པའི་དྲི་བ་གང་ཡོད་ན་དྲིས་ཤོག་ཅེས་དང་། ཁོང་གིས་གསུངས་པའི་ཆོས་དང་ཚུལ་ཁྲིམས་ལ་ཡིད་རྟོན་དགོས་ཞིང་། དེ་དག་ནི་ཁྱེད་རང་ཚོས་དགེ་རྒན་ཡིན་ཞེས་བཀའ་གནང་། སངས་རྒྱས་ཀྱིས་མི་རེ་ངོ་རེས་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་པའི་སྐབས། སོ་སོའི་གནད་དོན་གང་ཡོད་པ་རྣམས་ལ་བརྟག་དཔྱད་དང་གསལ་འདོན་དགོས་པ་ལས་ལན་ཚང་མ་འདི་ཡིན་ཞེས་དོན་དམ་ལྟོས་མེད་ཀྱི་དབང་ཚད་ལྡན་པ་ཞིག་མེད་ཅེས་གསུངས་ཏེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་རེད།

ཙུནྡ་རྦད་དེ་མགོ་རྨོངས་ནས་ཁོས་སངས་རྒྱས་ལ་དུག་ཕུལ་སོང་བསམས་ནས་འགྱོད་པ་ཆེན་པོ་སྐྱེས་པ་རེད། འོན་ཀྱང་ཀུན་དགའ་བོས་ཁོང་ལ། ཁྱེད་ཀྱིས་སངས་རྒྱས་མྱ་ངན་ལས་འདའ་ཁར་ཞལ་ཟས་ཕུལ་ནས་དགེ་བའི་ལས་དང་བསོད་ནམས་རླབས་པོ་ཆེ་བསགས་ཡོད་ཅེས་སེམས་གསོ་གནང་ཡོད། སངས་རྒྱས་ཀྱི་སྐུ་མེར་བསྲེགས་ནས་སྐུ་ལུས་ཀྱི་ཐལ་བ་རྣམས་མཆོད་རྟེན་ནང་བཞུགས་སུ་གསོལ་ཞིང་ལྷག་པར་ནང་པའི་གནས་ཆེན་བཞིའི་མཆོད་རྟེན་རྣམས་ལ་བགོས་ནས་བཞག་པ་རེད། ནང་པའི་གནས་ཆེན་བཞི་ནི།

  • ལུམ་བི་ནི། སངས་རྒྱས་སྐུ་འཁྲུངས་པའི་གནས།
  • རྡོ་རྗེ་གདན། སངས་རྒྱས་པའི་གནས།
  • ཝཱ་རཱ་ཎ་སཱི། སཱ་ར་ནཱ་ཐ། ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས།
  • ཀུ་ཤའི་གྲོང་ངམ་རྩྭ་མཆོག་གྲོང་། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་གནས་བཅས་ཡིན།

ཕྱོགས་བསྡོམས།

ནང་པའི་ཆོས་སྲོལ་འདྲ་མིན་གྱིས་སངས་རྒྱས་ཀྱི་རྣམ་ཐར་སྣ་ཚོགས་གསུང་སྲོལ་ཡོད། དེ་ལྟར་མི་འདྲ་བའི་ཁྱད་པར་ཡོད་པ་དེས་ཆོས་སྲོལ་རེ་རེས་སངས་རྒྱས་ཀྱི་མཛད་འཕྲིན་ལ་གོ་བ་ལེན་ཕྱོགས་དང་ཁོང་གི་བླ་ན་མེད་པའི་མཛད་པ་ལས་ང་ཚོས་ག་རེ་སྦྱང་ཐུབ་པ་སྟོན་གྱི་ཡོད།  

  • ཐེག་དམན་གྱི་ལུགས་ཀྱི་འགྲེལ་ཚུལ་ལྟར་བྱས་ན། ལོ་རྒྱུས་ཐོག་བྱུང་བའི་སངས་རྒྱས་གཅིག་པུའི་སྐོར་བཤད་ཀྱི་ཡོད། དེ་ཡང་ཇི་ལྟར་སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཆེད་དཀའ་སྤྱད་ཤུགས་ཆེན་གནང་ཚུལ་དང་། ང་རང་ཚོ་མི་ཕལ་པས་ཀྱང་འབད་བརྩོན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་སྟོན་གྱི་ཡོད།
  • ཐེག་པ་ཆེན་པོ་སྤྱིའི་ལུགས་ཀྱི་འགྲེལ་ཚུལ་ལྟར་བྱས་ན། བདག་ཅག་གི་སྟོན་པ་ནི་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཟིན་པ་དང། དེ་ཡང་སྐུ་ཚེའི་མཛད་པ་བཅུ་གཉིས་བསྟན་ནས་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བརྩོན་དགོས་ཚུལ་གསུང་གི་ཡོད།
  • གསང་སྔགས་བླ་མེད་རྒྱུད་ཀྱི་ལུགས་ལྟར་བྱས་ན། བདག་ཅག་གི་སྟོན་པ་སངས་རྒྱས་པ་དང་དུས་མཉམ་དུ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་དང་། རྡོ་རྗེ་འཆང་གི་རྣམ་རོལ་ཏུ་གསང་སྔགས་ཀྱི་ཆོས་གསུངས་པར་བཞེད། དེས་གསང་སྔགས་ཀྱི་ཉམས་ལེན་ནི་དབུ་མའི་ལུགས་ཀྱི་སྟོང་ཉིད་ཀྱི་ལྟ་བ་ལ་ཡོངས་སུ་གཞི་བཞག་ཡོད་པ་སྟོན་གྱི་ཡོད།

དེ་འདྲ་སོ་ཙང། ང་ཚོས་སངས་རྒྱས་ཀྱི་མཛད་རྣམ་འགྲེལ་ཚུལ་རིགས་མི་འདྲ་བ་རེ་རེ་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་རིམ་པ་འདྲ་མིན་ཐོག་སེམས་སྐུལ་ཐེབས་པ་དང་བསླབ་བྱ་ལེན་རྒྱུ་ཡོད།།

Top