ངེས་འབྱུང་དང་སྙིང་རྗེ་གཉིས་སེམས་ཀྱི་གནས་བབས་གལ་ཆེན་གཉིས་ཡིན་ཞིང་། ནང་ཆོས་ཀྱི་ལམ་དུ་འགྲིམ་པའི་སྐབས་ང་ཚོས་དེ་གཉིས་ཀུན་སློང་གི་ཆ་ཤས་སུ་སྐྱེད་དགོས། བྱེ་བྲག་ཏུ་ངས་སེམས་ཀྱི་གནས་བབ་དེ་གཉིས་དང་འབྲེལ་བའི་གནད་དོན་འགའ་ཞིག་འཚོལ་ཞིབ་བྱེད་འདོད་བྱུང་། ལྷག་དོན་དུ་དེ་གང་ཡིན་ཞེ་ན། དེ་གཉིས་ཕན་ཚུན་ཧ་ཅང་འབྲེལ་བ་ཉེ་པོ་ཡོད། དོན་ངོ་མར་དེ་གཉིས་ཀྱིས་གང་དུ་དམིགས་པའི་ཡུལ་མི་འདྲ་བ་ཙམ་མ་གཏོགས་གཞན་སེམས་ཀྱི་གནས་བབ་གཅིག་པ་རེད།
ནང་ཆོས་ཀྱིས་ང་ཚོར་སྡུག་བསྔལ་གྱི་རིགས་རྣམས་སྤོང་ཕྱིར་རོགས་བྱེད་རྒྱུའི་དམིགས་ཀྱི་ཡོད། དེ་དག་སྤོང་བའི་ཐབས་བེད་སྤྱོད་བྱས་པ་ནི། རང་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་རྒྱུ་དངོས་རྣམས་རྟོགས་རྒྱུ་དང་། རྒྱུ་དེ་དག་སྤངས་ཏེ་སླར་ཡང་སྡུག་བསྔལ་སྐྲུན་མི་ཐུབ་པ་བཟོ་དགོས། ཐབས་འདི་ནི་སྡུག་བསྔལ་གྱི་རྒྱུ་རྣམས་སླར་མི་འབྱུང་བའི་ཚུལ་དུ་སྤོང་རུང་ཡིན་པར་ངེས་ཤེས་རྙེད་པའི་ཐོག་གཞི་བཅོལ་ཡོད། དེ་ལྟར་འགྲུབ་པར་སེམས་ཀྱི་ལམ་མམ་ལམ་གྱི་བདེན་པ་གོང་འཕེལ་གཏོང་དགོས། ལམ་གྱི་བདེན་པར་གོ་རྟོགས་རྙེད་པའི་སྒོ་ནས་ང་ཚོའི་སྡུག་བསྔལ་གྱི་རྒྱུ་གོ་རྟོགས་མེད་པའམ་མི་ཤེས་པ་ལ་ཁ་གཏད་གཅོག་པ་དང་མེད་པ་བཟོ་གི་ཡོད།
འདི་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཐོག་མའམ་གཞི་རིམ་གྱི་ཆོས་ཏེ། འཕགས་པའི་བདེན་པ་བཞིའི་སྒྲོམ་གཞི་རྒྱུན་སྐྱོང་བྱེད་པ་ཡིན། ང་ཚོས་ངེས་འབྱུང་དང་སྙིང་རྗེ་ལ་བལྟ་བའི་སྐབས། དེ་གཉིས་ཀས་སྡུག་བསྔལ་ལ་དམིགས་ནས་སྡུག་བསྔལ་དེ་མེད་པ་ཆགས་ན་བསམ་པའི་ཡིད་སྨོན་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། ངེས་འབྱུང་སྐབས་ང་ཚོའི་སེམས་དེ་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་ཐོག་དམིགས་པ་གཏད་པ་དང་། སྙིང་རྗེའི་སྐབས་སེམས་ཅན་གཞན་གྱི་སྡུག་བསྔལ་ཐོག་དམིགས་པ་གཏད་ཀྱི་ཡོད། བྱས་ཙང་། དེ་གཉིས་ཀྱི་སེམས་ཀྱི་གནས་བབས་དེ་ཧ་ཅང་འདྲ་པོ་ཡོད། མ་རེད་དམ། ཡིན་ནའང་སེམས་ཚོར་དངོས་གནས་གཅིག་པ་ཡིན་ནམ། ང་ཚོས་གཅིག་ནས་གཞན་ལ་ཇི་ལྟར་འཕོ་འགྱུར་གཏོང་གི་ཡོད་དམ་ཞེས་པའི་དྲི་བ་དེ་འབྱུང་གི་ཡོད།
ངེས་འབྱུང་དང་སྙིང་རྗེའི་གོ་དོན།
ངེས་འབྱུང་ལ་ཨིན་སྐད་དུ་ Renunciation ཞེས་བསྒྱུར་བ་ཡོད། ཐ་སྙད་འདི་ཨིན་སྐད་གཅིག་པུ་ཙམ་དུ་མ་ཟད། ནང་ཆོས་ནུབ་ཕྱོགས་སུ་ངོ་སྤྲོད་དང་འགྲེལ་བརྗོད་བྱས་པའི་སྐད་ཡིག་གཞན་ཚང་མའི་ནང་ཁ་ཡོད་ལག་ཡོད་ཀྱིས་བེད་སྤྱོད་བྱས་ཡོད། གང་ལྟར་ཡང་། ཐ་སྙད་དེ་ལེགས་སྦྱར་སྐད་དམ་ཡང་ན་བོད་སྐད་ཀྱི་ཐ་སྙད་ངོ་མའི་གོ་དོན་ཏག་ཏག་བསྒྱུར་བ་ཆགས་ཀྱི་ཡོད་མེད་ཀྱི་དྲི་བ་སླེབ་ཀྱི་ཡོད། ཕལ་ཆེར་ཁ་ཅིག་གིས། གལ་ཏེ་ཐ་སྙད་འདི་ནུབ་ཕྱོགས་སུ་ནང་ཆོས་ཡིག་བསྒྱུར་བྱེད་མཁན་གྱི་སྔ་ཤོས་གྲས་ཀྱི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཚོས་གསར་བཟོ་བྱས་པ་ཞིག་དང་། ཁོང་ཚོས་ནང་ཆོས་ཀྱི་གོ་བ་དེ་མ་དཔེའི་གོ་དོན་ལས་མི་འདྲ་བའི་ཐོག་རྟོག་པའི་སྒྲོམ་གཞིའི་སྟེང་དུ་རྟོགས་ཡོད་ཅེས་བསམ་སྲིད། གང་ལྟར་དུ་ Renunciation ཞེས་པའི་ཐ་སྙད་འདིས་ཚང་མ་བློས་གཏོང་དགོས་པའི་ཐུན་མིན་གྱི་གོ་བ་ཞིག་སྤྲོད་ཀྱི་ཡོད། གང་ཡིན་ཟེར་ན། འཁོར་བའི་ཆོས་ལ་མགོ་འཐོམས་ནས་སྡོད་རྒྱུ་དང་། བྲག་ཕུག་དང་དགོན་པའི་ནང་སྡོད་རྒྱུ་དེ་ཡག་པོ་ཞིག་མ་ཡིན། འོན་ཀྱང་ལེགས་སྦྱར་སྐད་དུ་ “ནིཿ་ས་རཎ་” ཞེས་དང་བོད་སྐད་ནང་ “ངེས་འབྱུང་” ཞེས་པའི་གོ་དོན་ཁྱད་པར་བ་དེ་མ་རེད། ང་ཚོས་བོད་སྐད་ཀྱི་ངེས་འབྱུང་ཞེས་པར་དམིགས་སུ་བཀར་ནས་བལྟས་ན། དེའི་དོན་ནི་ཆོད་སེམས་སམ་དམ་བཅའ་ཞིག་ལ་གོ་བ་ཡིན། དེ་ཡང་ངེས་པ་རྙེད་པ་ལ་གོ །བྱེ་བྲག་ཏུ་དེ་ནི་དམིགས་པ་གཏད་སའི་ཡུལ་སྡུག་བསྔལ་ལས་ཐར་བའི་ཆོད་སེམས་བརྟན་པོ་དེ་ལ་ཟེར།
དེ་ལྟ་བུའི་སྡུག་བསྔལ་ལས་ཐར་བའི་ཆོད་སེམས་གོང་འཕེལ་གཏོང་བར། སྡུག་བསྔལ་དང་དེའི་རྒྱུ་སྤོང་བའི་འདུན་པ་དེ་དགོས་ཀྱི་ཡོད། རྒྱུ་མཚན་དེའི་ཕྱིར་ན། གཅིག་བློས་གཏོང་བྱེད་པའམ་གཅིག་ལས་རྒྱབ་ཀྱིས་ཕྱོགས་པའི་གོ་དོན་ཞིག་ཡོད། “གཅིག་ལས་” ཞེས་ཟེར་དུས་ “གཅིག་” དེ་ནི་ང་ཚོས་དམིགས་པ་གཏད་སའི་སྡུག་བསྔལ་དང་དེའི་རྒྱུ་རེད། དེ་ང་ཚོས་ཐོག་མར་ངོས་འཛིན་དགོས་པ་དང་དེའི་རྗེས་སུ་གཞི་ནས་འདི་ངས་མྱོང་བཞིན་པའི་སྡུག་བསྔལ་རེད། འདི་སྡུག་བསྔལ་གྱི་རྒྱུ་རེད། ང་རང་དེ་དག་མྱོང་འདོད་རྩ་ནས་མེད། དེ་དག་ལས་ཐར་བར་འདོད་ཀྱི་འདུག །དེ་དག་སྤོང་བའི་འདུན་པ་དེ་ང་ཚོས་སྐྱེད་ཐུབ་བམ་ཞེས་འབྱུང་གི་ཡོད། “སྡུག་བསྔལ་འདི་མེད་པ་ཆགས་ན་བསམ་གྱི་འདུག་” ཅེས་པ་ནི་བཏང་སྙོམས་ཀྱི་སྒོ་ནས་བརྗོད་སྟངས་ཤིག་ཡིན་སྲིད། འདིའི་སྐབས་སུ་ང་ཚོས་སེམས་ཀྱི་གནས་བབས་དེས་རང་སོ་སོའི་སྡུག་བསྔལ་ལ་དམིགས་ཀྱི་ཡོད་དམ། ཡང་ན་སྙིང་རྗེ་ལྟ་བུ་དེས་གཞན་གྱི་སྡུག་བསྔལ་ལ་དམིགས་ཀྱི་ཡོད་བལྟ་རྒྱུ་དེ་རེད། ཡིན་ནའང་རང་གཞན་གང་གི་ཕྱོགས་སུ་ཡིན་རུང་སྡུག་བསྔལ་མྱོང་བཞིན་པའི་གང་ཟག་མི་འདྲ་བ་ཡིན་ནའང་། འདུན་པའམ་ཡིད་སྨོན་དེ་གཅིག་པ་རེད།
ངེས་འབྱུང་དང་སྙིང་རྗེ་བསྐྱེད་པའི་ཆ་རྐྱེན།
རང་གཞན་སུས་ཉམས་སུ་མྱོང་བའི་སྡུག་བསྔལ་བྱེ་བྲག་པ་འགའ་ཞིག་དང་དེ་དག་གི་རྒྱུ་དངོས་ལྟ་བུར་དམིགས་པ་གཏད་ཀྱིན་ཡོད་པ་དེ་གང་ཡིན་པ་ངོས་འཛིན་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། དེ་དང་མཉམ་དུ་ཆ་རྐྱེན་གཞན་མང་པོ་ཚུད་ཡོད་པ་དེའང་ངོས་འཛིན་དགོས། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་མདོ་སྔགས་ཉམས་ལེན་གྱི་གདམས་ངག་ ༼ལམ་གྱི་རིམ་པ་མདོ་ཙམ་དུ་བསྟན་པ་༽ ཅེས་པའི་ནང་། སྤྱིར་བཏང་སྒོམ་ཕན་ནུས་ལྡན་པ་རྒྱག་ཐུབ་པར་ཆ་རྐྱེན་གང་དང་གང་ཚང་དགོས་པའི་སྐོར་ཧ་ཅང་གསལ་པོར་འགྲེལ་བརྗོད་གནང་ཡོད། ཐོག་མར་ང་ཚོས་སྒོམ་ཟེར་ན་གང་རེད་ཤེས་དགོས། སྒོམ་ནི་ཡུལ་གང་ཡང་རུང་བའམ་སེམས་ཀྱི་གནས་བབས་ཤིག་ལ་ཡང་ནས་ཡང་དུ་དམིགས་པ་གཏད་ནས་དེ་ལ་འདྲིས་སུ་འཇུག་པ་དང་གོམས་སུ་འཇུག་པའི་ཐབས་ལམ་ཞིག་ཡིན།
སེམས་ཀྱི་གནས་བབས་དེ་ལ་ཇི་ལྟར་འདྲིས་སུ་འཇུག་དགོས་མིན་ཤེས་པའི་ཕྱིར། ང་ཚོས་དེའི་བྱེ་བྲག་ཆ་ཚང་ཤེས་དགོས། དེ་ཡང་ང་ཚོས།
- སེམས་ཀྱི་གནས་བབས་དེས་གང་ལ་དམིགས་པ་གཏད་ཡོད་དམ་ཞེ་ན། སྐབས་འདིར་དེས་སྡུག་བསྔལ་དང་དེའི་རྒྱུ་ལ་དམིགས་པ་གཏད་ཡོད་པ་ཤེས་དགོས།
- སེམས་དེ་ཡུལ་དེ་དང་འབྲེལ་བ་ཇི་ལྟར་ཡོད་པ་དང་། དེའི་ཐུན་མིན་གྱི་བརྡ་ཆད་ནི། “སེམས་དེ་ཡུལ་ལ་ཇི་ལྟར་དམིགས་ཚུལ་” དེ་རེད། འདིར་ང་ཚོའི་སེམས་ཡུལ་ལ་དམིགས་ཚུལ་ནི་སྡུག་བསྔལ་དེ་མེད་པ་ཆགས་ན་བསམ་པའི་ཡིད་སྨོན་དེ་རེད། སེམས་ཀྱིས་སྡུག་བསྔལ་དང་དེའི་རྒྱུ་ཙམ་ལ་དམིགས་ནས་དོ་སྣང་སྤྲོད་ཀྱི་ཡོད་པ་ཙམ་མིན། སེམས་ཀྱི་ཡུལ་ལ་འབྲེལ་བ་བྱེད་སྟངས་དེ་ནི། སྡུག་བསྔལ་དེ་མེད་པ་ཆགས་པར་དམིགས་ཀྱི་ཡོད་པ་ཤེས་དགོས།
སེམས་ཀྱི་གནས་བབས་གང་ཡིན་རུང་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ཀུན་སློང་སོགས་སེམས་བྱུང་མི་འདྲ་བ་སྣ་ཚོགས་པ་ལས་འདུས་ཤིང་བྱས་པ་རེད། གལ་ཏེ་ང་ཚོས་སེམས་བྱུང་དེ་དག་ཐམས་ཅད་ཤེས་ན། རང་གི་ཇི་ལྟར་འདོད་པའི་སེམས་ཀྱི་གནས་བབས་དེ་སྐྱེད་པར་དངོས་སུ་ཕན་གྱི་ཡོད། དེ་ལ་རྗེ་ཙོང་ཁ་པ་ཆེན་པོས། ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གཞན་མང་དག་ཅིག་ཁ་གསལ་པོར་གསུངས་གནང་ཡོད་པ་ནི།
- སེམས་ཀྱི་གནས་བབས་དེ་གང་ལ་བརྟེན་ནས་ཡོད་པའམ། ཕྱོགས་གཞན་ཞིག་ནས་དེའི་སྔ་རོལ་ཏུ་ང་ཚོས་ཡར་རྒྱས་གཏོང་དགོས་པ་དང་། སེམས་ཀྱི་གནས་བབས་དེར་བསླེབ་པར་རོགས་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་སེམས་ཀྱི་གནས་བབས་གང་དང་གང་རེད། དཔེར་ན། སོ་སོ་རང་གི་རྒྱུད་དང་གཞན་གྱི་རྒྱུད་དུ་སྡུག་བསྔལ་ངོས་བཟུང་ནས་ཧ་གོ་བ་ལྟ་བུ་རེད།
- ང་ཚོས་སྐྱེད་པར་འདོད་པའི་སེམས་ཀྱི་གནས་བབས་ལ་སེམས་བྱུང་གང་གིས་ཕན་པ་དང་གང་གིས་གནོད་པ་སྟེ། དཔེར་ན། བྱམས་བརྩེས་དེ་ལ་ཕན་ཐོགས་ཀྱི་རེད། དེ་ཡང་བྱམས་བརྩེ་རང་གིས་རང་ལ་བྱམས་བརྩེ་ཡོད་པའམ་ཡང་གཞན་ལ་ཡོད་པ་གང་ཡིན་རུང་ཕན་ཐོགས་ཀྱི་ཡོད། དེ་ལས་ལྡོག་སྟེ། ཞེ་སྡང་ནི་གནོད་གཞི་ཅན་ཆགས་ཀྱི་ཡོད། དེ་ཡང་རང་གི་རང་ལ་ཞེ་སྡང་ངམ་གཞན་ལ་ཞེ་སྡང་གང་ཡིན་རུང་གནོད་གཞི་ཅན་ཡིན།
- ང་ཚོས་སེམས་ཀྱི་གནས་བབས་དེ་བསྐྱེད་པའི་རྗེས་སུ་དེའི་ཕན་ཡོན་ནམ་བེད་སྤྱོད། ཡང་མིན་ན་དེའི་བྱེད་ལས་གང་ཡིན་ནམ། དཔེར་ན། ངེས་འབྱུང་གིས་ང་ཚོར་སྡུག་བསྔལ་ལས་ཐར་བར་རོགས་བྱེད་པ་དང་སྙིང་རྗེས་ང་ཚོར་གཞན་རྣམས་སྡུག་བསྔལ་ལས་ཐར་བར་རོགས་བྱེད་ཐུབ་པ་ལྟ་བུ་རེད།
འདིའི་སྐོར་ཞིབ་ཅིང་ཕྲ་བའི་རྒྱས་བཤད་མང་པོ་ཡོད་པའི་བཟོ་འདྲ་ཡོད་ཀྱང་། བྱམས་པ་དང་སྙིང་རྗེ་ལྟ་བུ་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་ཡོད་པའི་ཐོག་ནང་ཆོས་ཉམས་ལེན་ལ་འཇུག་པའམ་ཡང་ན་སེམས་དོན་གྱི་སྦྱོང་བརྡར་གང་འདྲ་ཞིག་ལ་ཞུགས་ནའང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་ཇི་ལྟར་བྱེད་དམ་ཞེ་ན། བྱམས་པ་དང་སྙིང་རྗེ་ཞེས་པ་དེ་གང་ཡིན་ཏག་ཏག་ཅིག་ང་ཚོས་ནམ་རྒྱུན་མི་ཤེས་པའི་གནད་དོན་ཞིག་ཡོད། བྱས་ཙང་། ང་ཚོའི་སེམས་སྟོང་སང་ངེ་གནས་ཏེ་ཅི་བྱེད་དགོས་ཤེས་ཀྱི་མེད། ཡང་ན་བྱམས་པ་དང་སྙིང་རྗེ་གང་འདྲ་ཞིག་ལ་གོ་དགོས་མིན་གྱི་རང་སོ་སོའི་བསམ་ཚུལ་ཡོད་སྲིད། འོན་ཀྱང་ང་རང་ཚོ་སོ་སོའི་བསམ་ཚུལ་རྣམས་ནམ་རྒྱུན་གསལ་ཁ་མེད་པ་རེད། གལ་ཏེ་ང་ཚོས་གསལ་ཁ་མེད་པ་ཞིག་སྐྱེད་ཐབས་བྱེད་ཀྱིན་ཡོད་ན། རེ་བ་ཡག་ཤོས་བྱེད་ཐུབ་པ་ནི། གསལ་ཁ་མེད་པའི་ཚོར་བ་ཞིག་ཡོད་པ་དང་། དེ་ཡང་ནང་ཆོས་ནས་ཡར་རྒྱས་གཏོང་དགོས་ཞེས་ལམ་སྟོན་མ་བྱས་པའི་ཚོར་བ་ཞིག་ཡིན་སྲིད།
ནང་ཆོས་ཉམས་ལེན་གྱི་ནང་། ང་ཚོས་ “སེམས་དོན་གྱི་རིན་ཐང་” ཞེས་ཟེར་སྲིད་པའི་སེམས་ཀྱི་གནས་བབས་སོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེ་ནི་རིགས་པ་དང་མཐུན་ཞིང་གནད་དུ་འཁེལ་བའི་ཐབས་ཚུལ་ཞིག་རེད། དེ་གནད་དུ་འཁེལ་བ་ཡིན་པའི་རྒྱུ་མཚན་ནི། ང་ཚོས་སེམས་ལ་བརྟེན་ནས་ག་རེ་བྱེད་ཐབས་བྱེད་པ་དང་ཇི་ལྟར་བྱེད་ཐབས་བྱེད་ཀྱིན་ཡོད་པ་དེ་ཏག་ཏག་ཤེས་ཀྱི་ཡོད། གལ་ཏེ་སེམས་དང་སེམས་ཚོར་ལ་བརྟེན་ནས་བྱ་བ་ཇི་ལྟར་བྱེད་དགོས་པའི་ཐད་ལ་འཕྱུག་པ་མེད་པ་ཞིག་ཡིན་ན། ང་ཚོས་དེ་དག་བཟང་ཕྱོགས་སུ་ཡར་སྐྱེད་གཏོང་ཐུབ། དེ་མིན་ཧ་ཅང་གསལ་ཁ་མེད་པ་རེད།
ང་ཚོ་ཁ་ཤས་ཤིག་ནི་རྒྱུ་མཚན་རིགས་པ་ལ་ལྟོས་མི་དགོས་མཁན་ཡིན་སྲིད། ཡང་ང་ཚོ་འགའ་ཞིག་ནི་རིག་ཤེས་གྲུང་ཤ་དོད་པོ་དང་སེམས་ཚོར་ལ་བརྟེན་ནས་བྱ་བ་བྱེད་དགོས་མཁན་ཡིན་སྲིད། འོན་ཀྱང་གལ་ཏེ་ང་ཚོས་རིག་ཤེས་སམ་མངོན་རྟོགས་ལ་ཡག་པོ་བལྟས་ན། མངོན་རྟོགས་ཀྱི་ནང་ནས་ཡག་ཤོས་ནི་གནད་དུ་འཁེལ་བ་དེ་ཡིན་པ་ཤེས་ཀྱི་ཡོད། རིག་ཤེས་གསལ་ཁ་མེད་པ་དེས་ང་ཚོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་མེད། དེར་བརྟེན་ང་ཚོར་རང་སོ་སོ་སྒེར་གྱི་གཤིས་སྤྱོད་ཅི་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར། འཕྱུག་པ་མེད་པ་དང་གནད་འཁེལ་གྱི་གནད་དོན་ནི་ཕན་ཐོགས་ཧ་ཅང་ཆེན་པོ་ཡིན།
ངེས་འབྱུང་དང་སྙིང་རྗེའི་གྲོགས་སུ་འགྱུར་བའི་སེམས་བྱུང་ཁག་སྟེ། ཡིད་ཐང་ཆད་པའི་ཚོར་བ།
ངེས་འབྱུང་དང་སྙིང་རྗེ་གཉིས་ཀྱི་གྲོགས་སུ་འགྱུར་བའི་སེམས་བྱུང་རྣམས་གང་དག་ཡིན་ནམ། ནང་ཆོས་ནས་གསུངས་པའི་སེམས་བྱུང་དེ་དག་གང་དག་ཡིན་པའི་སྐོར་ཁ་གསལ་ཞིག་ཞུ་རྒྱུ་ཡིན། ཡིན་ནའང་ང་ཚོས་སེམས་ཀྱི་གནས་བབས་དང་སེམས་ཚོར་དེ་དག་གནད་དུ་འཁེལ་བ་ཞིག་འགྲེལ་བཤད་བྱེད་ཐུབ་ཀྱང་། དེ་དག་ཇི་ལྟར་ཚོར་ཐུབ་བམ་ཞེས་པའི་དྲི་བ་ཞིག་རང་བཞིན་གྱིས་འབྱུང་གི་ཡོད། དེ་ནས་ང་ཚོས་གང་ཚོར་བ་དེ་དངོས་ཡོད་ཡིན་མིན་ཇི་ལྟར་ཤེས་ཐུབ་བམ།
རེད། གལ་ཏེ་དངོས་ཡོད་ཅིག་ཆགས་པར་སེམས་ཀྱི་གནས་བབས་དེ་དག་ལ་གང་དགོས་ཀྱི་ཡོད་པའི་ཐོག་ལ་བསམ་ཚུལ་མ་ནོར་བ་ཞིག་ཡོད་ན། དེ་ནས་ང་ཚོས་ད་ལྟ་གང་མྱོང་བཞིན་པ་དང་དངོས་ཡོད་གང་ཡིན་དགོས་པའི་དབར་ལ་བསྡུར་ཞིབ་བྱེད་ཆོག །ང་ཚོས་གང་ཚོར་གྱིན་ཡོད་པའི་ཐོག་དཔྱད་པའི་སྐབས། དེ་ཞིབ་ཕྲར་དཔྱད་པ་བྱས་ཏེ་དེའི་ནང་འགྲོ་བའི་ཆ་ཤས་ཡོངས་སུ་རྫོགས་པར་བལྟས་ནས་སེམས་ཀྱི་གནས་བབས་དེའི་ཆ་ཤས་གང་ཞིག་ཞན་པོའམ་མ་ཚང་བ་ཡོད་པ་རྟོགས་དགོས། དེ་ལྟར་སེམས་ཀྱི་གནས་བབས་གནད་དུ་འཁེལ་བ་ཞིག་འཐོབ་པའི་ཆེད་ང་ཚོས་འབད་བརྩོན་བྱེད་དགོས་པ་ཤེས་ཀྱི་རེད། ང་ཚོའི་ཚོར་བ་ལ་བརྟག་དཔྱད་བྱེད་པ་དང་གོ་རྟོགས་སྐྱེ་བ་དེས་ཚོར་བ་རྣམས་འཇོམས་པར་བྱེད་པའི་རྒྱུད་རིམ་ཞིག་མིན། དེ་ནི་སེམས་ཁམས་གསོ་ཐབས་ཀྱི་ནང་ལག་ལེན་བསྟར་བའི་རྒྱུད་རིམ་ཞིག་ཀྱང་ཡིན་ཏེ། དེས་ང་ཚོར་བཅོས་ཐབས་བྱེད་པ་དང་རང་དང་གཞན་གཉིས་ཀར་ཕན་རླབས་ཆེ་བ་ཡོང་གི་ཡོད།
ངེས་འབྱུང་དང་སྙིང་རྗེའི་ནང་ཡོད་པའི་དབང་སྒྱུར་བྱེད་ཀྱི་སེམས་ཚོར་གང་ཡིན་ནམ། བོད་སྐད་ནང་ “ཡིད་འབྱུང་” ཞེས་ཟེར་ཞིང་། དེ་ཡིག་བསྒྱུར་བྱ་རྒྱུ་ཁག་པོ་ཞིག་ཡོད། འོན་ཀྱང་དེ་ནི་གདན་དོན་ཞིག་ལ་ཞེ་ལོག་སྐྱེ་བར་གོ་གི་ཡོད། དཔེར་ན། “ང་ལ་དགོས་ཡག་འདང་ངེས་ཡོད་” ཅེས་ཞེ་ལོག་པ་ལྟ་བུ་རེད། སྐབས་རེར་ཨིན་སྐད་ནང་ Disgust ཞེ་མེར་ལང་བ་ཞེས་གོ་དོན་ཏོག་ཙམ་ཤུགས་ཆེ་བར་བསྒྱུར་ཡོད་པ་དང་། ངས་ཀྱང་འདས་པའི་དུས་སུ་དེ་ལྟར་བསྒྱུར་ཡོད། ང་ཚོས་རང་གི་སྡུག་བསྔལ་དང་གཞན་གྱི་སྡུག་བསྔལ་ལ་ཞེ་མེར་ལངས་ཡོད། དེ་ལས་གཏིང་ཟབ་པར་བསམ་བློ་བཏང་ན། དེ་ནི་ཚིག་ཧ་ཅང་ཤུགས་ཆེན་པོ་ཞིག་རེད་བསམ་གྱི་འདུག །གང་ཡིན་ཞེ་ན། ཞེ་མེར་ལངས་བ་དེ་ལས་སླ་པོའི་སྒོ་ནས་ཞེ་སྡང་གི་ཉོན་མོངས་ཅན་དུ་འགྱུར་གྱི་ཡོད། སེམས་ཚོར་འདིའི་ངར་ཤུགས་དེ་ཏོག་ཙམ་བར་མའམ་བཏང་སྙོམས་ཡོད་བསམ་གྱི་འདུག །“སྡུག་བསྔལ་འདང་ངེས་བཞིན་པ་འདི་འཛད་རྒྱུ་རེད།” སྡུག་བསྔལ་དེ་རང་གི་ཡིན་ན་འདྲ་གཞན་གྱི་ཡིན་ནའང་འདྲ་སྟེ། རྫོགས་འགྲོ་རྒྱུ་ཡོད། དེར་བརྟེན་འདི་ལ་ “དེ་ག་རང་རེད། ད་འགྲིགས་སོང་།” ཞེས་དེ་ལ་ཐག་ཆོད་པའི་གྲུབ་ཆ་འགའ་ཞིག་ཡོད་པ་རེད།
ང་ཚོས་འདི་སྤྱིར་བཏང་གི་ཉམས་མྱོང་དཀྱུས་མའི་ནང་འབྲེལ་བ་བྱེད་ཐུབ། ང་ཚོས་སྡུག་བསྔལ་མྱོང་བཞིན་ཡོད་པ་དང་དེ་ལས་ཐར་འདོད་ཡོད་སྲིད། འོན་ཀྱང་ང་ཚོས་སོ་སོའི་སེམས་ཐག་བརྟན་པོ་བཅད་དེ་ “དེ་ག་རང་རེད། ད་འགྲིགས་སོང་།” ཞེས་བརྗོད་པའི་མཚམས་སུ་མ་བསླེབ་བར་དུ་ང་ཚོས་དངོས་སུ་སྡུག་བསྔལ་ལས་ཐར་ཐབས་གང་ཡང་བྱེད་ཀྱི་མེད། བྱས་ཙང་། “ད་འགྲིགས་སོང་” ཞེས་ཚོར་བ་དེ་ངེས་འབྱུང་གི་གྲུབ་ཆ་གཅིག་ཡིན་པ་དང་སེམས་ཚོར་གྱི་ངར་དེ་ཡིན།
བདེན་དོན་ཞིག་ལ་ཡིད་ཆེས་པ། ༼དད་པ།༽
ངེས་འབྱུང་དང་སྙིང་རྗེ་ལ་གྲོགས་སུ་གྱུར་བའི་སེམས་བྱུང་གཞན་ཞིག་ནི་བདེན་པའི་དོན་ཞིག་ལ་ཡིད་ཆེས་བྱེད་པ་དེ་རེད། སྐབས་རེར་དེ་ལ་དད་པའམ་ཨིན་སྐད་དུ་ Faith ཞེས་བསྒྱུར་ཡོད། འོན་ཀྱང་དེ་ནི་ཡིག་བསྒྱུར་རན་འཚམས་ཤིག་རེད་བསམ་གྱི་མི་འདུག །རན་འཚམས་མིན་པའི་རྒྱུ་མཚན་ནི་དད་པ་ཞེས་པ་དེ་ལོག་པ་དང་ངེས་མེད་ཅིག་ཆགས་སྲིད། དཔེར་ན། དཔལ་འབྱོར་གྱི་འཕེལ་སྐྱེད་བརྟན་པོར་དད་པ་བྱེད་པ་ལྟ་བུ་རེད། འདིར་བདེན་དོན་ཞིག་ལ་ཡིད་ཆེས་པ་ནི་གང་དངོས་ཡོད་ཡིན་པ་ལ་དམིགས་ནས་དེ་བདེན་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་ཡེ་ཤུ་བསྐྱར་གསོའི་དུས་ཆེན་ནམ་ཨཱིས྄་ཊར་ཉིན་གྱི་ཨ་ཕོ་རི་བོང་ Easter Bunny གིས་ཕྲུ་གུར་བྱ་དགའ་གསོལ་རས་ཁྱེར་ནས་ཡོང་གི་རེད་ཅེས་ཡིད་ཆེས་བྱེད་པ་ལྟ་བུའི་སྐོར་ཤོད་ཀྱི་མེད།
བདེན་དོན་ཞིག་ལ་རྒྱུ་མཚན་གཞིར་བཞག་པའི་དད་པ། ༼ཡིད་ཆེས་པའི་དད་པ།༽
སྤྱིར་བཏང་དད་པ་ལ་རིགས་གསུམ་ཡོད། དང་པོ་ནི་རྒྱུ་མཚན་གཞི་ལ་བཞག་པའི་དད་པ་དེ་རེད། དེ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་ལ་དམིགས་ནས་འདི་སྡུག་བསྔལ་ངོ་མ་ཡིན་པ་དང་དེ་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན་པར་ཡིད་ཆེས་བརྟན་པོ་སྐྱེ་གི་ཡོད། དེའི་སྒང་ལ་ཡིད་ཆེས་པའི་དད་པ་ཡོད། དེ་ནི་སྡུག་བསྔལ་སྤོང་ནུས་ཡིན་པ་དང་། དེ་ཡང་རྩད་ནས་མེད་པ་བཟོ་ཐུབ་པ་དེ་རེད།
དད་པ་མཐའ་མ་དེ་ནི་ཧ་ཅང་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན། གལ་ཏེ་རྒྱུ་མཚན་གཞི་ལ་བཞག་པའི་ཡིད་ཆེས་ཀྱི་དད་པ་སྟེ། སྡུག་བསྔལ་སྤོང་རུང་ཡིན་པ་དང་དེ་ཡང་ལྡོག་ཕྱོགས་ཀྱི་གཉེན་བྱེ་བྲག་པ་ཞིག་གིས་སྡུག་བསྔལ་རྩད་ནས་སྤོང་ཐུབ་པའི་དད་པ་དེ་མེད་ན། དེའི་སེམས་ཚོར་གྱི་ངར་ཚང་མ་མི་འདྲ་བ་ཆགས་ངེས་རེད། དཔེ་ཆ་བཞག་ན། ང་ཚོའི་མི་ཚེའི་ནང་དཀའ་ངལ་འགའ་ཞིག་ཡོད་པ་ངོས་འཛིན་བྱེད་སྲིད་ལ་དཀའ་ངལ་གྱི་རྒྱུ་གང་ཡིན་པའི་ཐོག་ལའང་གོ་རྟོགས་མི་ཉུང་བ་ཡོད་སྲིད། དཀའ་ངལ་དེ་དག་ལས་ཐར་འདོད་ཀྱི་སེམས་ཤིག་ཀྱང་ཡོད་སྲིད། དེ་ག་ནང་བཞིན་ད་ང་ཚོར་འདང་ངེས་ཡོད་ཅེས་པའི་ཚོར་བ་གཏིང་ཟབ་ཅིག་མྱོང་བའི་མཚམས་སུའང་སླེབས་ཡོད་སྲིད། ང་ཚོས་དེའི་ཐད་གཅིག་བྱེད་འདོད་ངོ་མ་ཡོད་ཀྱང་། ང་ཚོས་དེ་ལ་རེ་བ་མེད་པ་དང་དེ་ལས་ཐར་བའི་ལམ་ཞིག་མེད་པ། དེ་ལ་ཡ་ལན་གང་ཡང་མེད་པར་མཉམ་གནས་བྱེད་དགོས་ཞེས་བསམ་པའམ། ཡང་ན་ང་ཚོར་དཀའ་ངལ་འདི་འདྲ་ཞིག་རྟག་ཏུ་འབྱུང་རྒྱུ་ངེས་པ་ཞིག་ལ་བསམ་གྱི་ཡོད། ནང་ཆོས་ནང་དད་པའི་སྐོར་འགྲེལ་བརྗོད་བྱས་པ་ལྟར་ན། དེ་ནི་སེམས་ཀྱི་གནས་བབས་ཧ་ཅང་མི་འདྲ་བ་ཞིག་རེད། རེད་དམ་མ་རེད། ང་ཚོས་རེ་བ་མེད་པའི་ཚོར་བ་ཡོད་པའི་སེམས་ཀྱི་གནས་བབས་དེའི་ནང་གནས་སྟངས་ཚང་མར་ཧ་ཅང་སེམས་ངལ་ཡི་མུག་ཆགས་རྒྱུ་ཧ་ཅང་ལས་སླ་པོ་ཡོད། ང་ཚོ་སེམས་ཧ་ཅང་མི་སྐྱིད་པ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་སྡུག་བསྔལ་ལས་ཐར་འདོད་ཡོད་ཀྱང་། དེ་ནི་རེ་འདུན་ནམ་ཡིད་སྨོན་ཙམ་ཡིན་པ་ལས་དེ་ལས་ལྷག་པ་ཞིག་བྱེད་ཡག་མེད་པ་ང་ཚོས་ཤེས་ཀྱི་ཡོད།
དེ་ལ་བརྟེན་ནས་འདིར་ང་ཚོས་སྡུག་བསྔལ་རྩད་ནས་སྤོང་ཐུབ་པའི་ཡིད་ཆེས་དེ་རྒྱུ་མཚན་རིག་པ་ལ་གཞི་བཅོལ་དགོས། ང་ཚོས་སྡུག་བསྔལ་ཇི་ལྟར་སྤོང་ཐུབ་པ་ཤེས་ཀྱི་ཡོད་ལ་དེ་སྤོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། འདིས་ང་ཚོར་རེ་བ་ཞིག་སྟེར་བ་དང་། རེ་བ་དེས་ང་ཚོར་ནུས་སྟོབས་ཤིག་སྦྱིན་གྱི་ཡོད། ནུས་སྟོབས་ནི་ང་ཚོས་སྡུག་བསྔལ་དངོས་སུ་སྤོང་བར་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་རྒྱུ་མཚན་ལ་བརྟེན་ནས་བདེན་དོན་ཞིག་ལ་དད་པ་བྱེད་པ་དེ་རེད།
བདེན་དོན་ཞིག་ལ་དང་བའི་སྒོ་ནས་དད་པ། ༼དང་བའི་དད་པ།༽
བདེན་དོན་ཞིག་ལ་ཡིད་ཆེས་པའི་རིགས་གཉིས་པ་དེ་ནི་དང་བའི་དད་པ་རེད། དང་བའི་དད་པ་ཞེས་པ་ནི་ཡུལ་རང་འཇོམས་པར་མི་བྱེད་པར་ང་ཚོའི་ཉོན་མོངས་པའི་སེམས་འཇོམས་པར་བྱེད་ཀྱི་ཡོད། འདིའི་དོན་གང་རེད་དམ། སྡུག་བསྔལ་རྩད་ནས་སྤོང་ནུས་པའི་ཡིད་ཆེས་ཀྱི་དད་པ་དེས་ང་ཚོའི་སེམས་ངལ་དང་། རེ་དྭོགས། ཞེད་སྣང་སེལ་གྱི་ཡོད། ང་ཚོར་དཀའ་ངལ་གྱི་རིགས་མང་པོ་ཡོད་པའི་སྐབས། ང་ཚོ་ཧ་ཅང་ཞེད་སྣང་གི་ནང་གནས་ཏེ། “གནས་སྟངས་འདི་རྟག་ཏུ་གནས་ཀྱི་རེད།” ཅེས་པའམ། ཡང་ན་ “ངས་གནས་སྟངས་ཇེ་སྡུག་ཏུ་གཏོང་སྲིད་བསམས་ནས་གང་བྱེད་ཀྱང་ཞེད་སྣང་འདུག” །ཅེས་བསམ་གྱིན་ཡོད།
ང་ཚོ་ཚང་མས་སོ་སོ་རང་ཉིད་ཡང་ན་གཞན་ལ་ལྟོས་ཏེ་འདིའི་དཔེ་མཚོན་རྣམས་ཤེས་ཀྱི་ཡོད། དཔེར་ན། ང་ཚོ་མི་ཞིག་དང་མཉམ་དུ་ཧ་ཅང་འཇིགས་རུང་དང་། གནོད་འཚེ་ཅན། ཚུལ་མིན་གྱི་འབྲེལ་བ་ཞིག་གི་ནང་ཡོད་སྲིད་ཀྱང་། འབྲེལ་བ་དེ་ལས་ཕྱིར་ཐོན་ནས་འབྲེལ་ཐག་གཅོད་རྒྱུ་ཞེད་སྣང་ཡོད། གང་ཡིན་ཟེར་ན། མི་དེ་དང་བྲལ་བའི་མི་ཚེ་ནི་དེ་བས་སྡུག་ག་ཡོད་སྲིད་པ་རེད། འོན་ཀྱང་ཡིད་ཆེས་པའི་དད་པ་ལ་བརྟེན་ནས་ང་ཚོས་འབྲེལ་ཐག་བཅད་དེ་སྡུག་བསྔལ་མེད་པ་བཟོ་ཐུབ། དེ་མེད་པ་བཟོས་པས་ང་ཚོ་མི་ཚེའི་ནང་གི་གནས་སྟངས་ཚང་མ་བཟང་དུ་འགྲོ་བ་དང་། ང་ཚོའི་སེམས་ནང་གི་ཞེད་སྣང་དང་དྭོགས་པ་སེལ་གྱི་ཡོད།
ཡིད་ཆེས་ཀྱི་དད་པའི་རིགས་གཉིས་པ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་གྱི་ངན་ཕྱོགས་ལ་བསམས་ནས་སྒྲོ་འདོགས་བྱ་རྒྱུ་དེ་ཡང་མེད་པ་བཟོ་དགོས། ང་ཚོར་དཀའ་ངལ་ཞིག་དངོས་གནས་ཡོད་སྲིད་ཀྱང་། གལ་ཏེ་དཀའ་ངལ་དེའི་ངན་ཕྱོགས་ལ་སྒྲོ་འདོགས་བྱས་ན། ང་ཚོས་དཀའ་ངལ་དེ་རང་སེམས་ནང་འཇིགས་སུ་རུང་བའི་གདོང་འདྲེ་ཞིག་བཟོ་གི་ཡོད། ང་ཚོས་ད་དུང་དཀའ་ངལ་དེ་དག་ཕྱི་ལོགས་སུ་ཡོད་པའི་ངོར་བདུད་ཀྱི་ལས་ཞིག་ཏུ་བཟོས་ནས་སོ་སོ་རང་ཉིད་ཀྱི་ཞེད་སྣང་དེ་སྔར་ལས་མང་དུ་གཏོང་གི་ཡོད། ཡིན་ནའང་དང་བའི་དད་པར་གཞི་བཞག་པའི་ངེས་འབྱུང་ལ་སྡུག་བསྔལ་རྩད་ནད་སྤོང་རུང་ཡིན་པ་དང་དེར་ང་ཚོ་ཞེད་སྣང་སྐྱེ་གི་མེད། ང་ཚོས་དཀའ་ངལ་ལ་ཞེད་སྣང་སྐྱེས་ནས་དེ་ལས་གཡོལ་ཐབས་མི་བྱེད་པར། དེ་ལས་ལྡོག་སྟེ། ང་ཚོས་དཀའ་ངལ་དང་ཕྲད་ནས་དེ་ལས་ཐར་བ་དང་ལམ་ལྷོང་ཡོང་བའི་ཡིད་ཆེས་པའི་དད་པ་དང་བཅས་རེ་དེར་གདོང་ལེན་བྱེད་དགོས།
ང་ཚོས་ “འཁོར་བའི་བཙོན་ལས་ཐར་བ་” ཞེས་བརྗོད་པའི་ནང་སེམས་ཚོར་གྱི་གནས་བབས་ཇི་ལྟར་ཚུད་ཡོད་མེད་ཐོག་གཟབ་གཟབ་བྱེད་དགོས། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་རང་བཞིན་གྱི་འཁོར་བའི་གནས་སྟངས་ལ་ཞེད་སྣང་དང་སྡང་སེམས་ཡོད་པའི་རྒྱུ་མཚན་གྱིས་ང་ཚོའི་སེམས་འདི་མི་སྐྱིད་པ་དང་རྨོངས་ཀྱི་ཡོད་པ་མ་ཡིན། དང་བའི་དད་པ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཐར་ཐུབ་པ་དང་། ང་ཚོར་ཞི་འཇམ་དང་བློ་ཐག་གཙང་ཆོད་ཀྱི་སེམས་ཀྱི་གནས་བབས་ཤིག་ཡོད་པའི་བདེན་དོན་ཞིག་ཡིན།
བདེན་དོན་ཞིག་ལ་སྨོན་པའི་སེམས་འཁུར། ༼མོས་པའི་དད་པ།༽
དད་པའི་རིགས་གསུམ་པ་ནི་བདེན་དོན་ཞིག་ལ་སྨོན་པའི་སེམས་འཁུར་རམ་མངོན་འདོད་ཀྱི་དད་པ་དེ་རེད། འདིར་སྨོན་པའམ་མངོན་འདོད་ནི། “ང་འདི་ལས་ཐར་གྱི་རེད། འདི་ལས་ཐར་བར་ངས་གཅིག་བྱེད་ཀྱི་ཡིན།” ཞེས་པ་དེ་རེད། སེམས་ཀྱི་གནས་བབས་འདི་ལ་ཉིན་རེའི་མི་ཚེའི་ནང་གི་དཔེ་ཞིག་བཞག་ན། མི་ཞིག་དབུལ་ཕོངས་སུ་འཚར་ལོངས་བྱུང་བ་དང་དེ་ལས་ཐར་བའི་ཆོད་སེམས་བསྐྱེད་ནས་མི་ཚེའི་ནང་དེ་ལས་ལམ་ལྷོང་ཆེ་བ་ཞིག་བཟོ་བ་ལྟ་བུ་རེད། དེ་ལྟའི་མི་རྣམས་རང་གི་གནས་སྟངས་ལ་ཞེ་སྡང་གིས་ཁེངས་པ་མིན་པར། ཁོང་ཚོ་ཧ་ཅང་གསལ་ཁ་ཆེ་ལ་ལྷིང་འཇགས་དང་ལྡན་ཞིང་། དབུལ་ཕོངས་དེ་མེད་པ་བཟོས་ནས་དེ་ལས་ཐར་བའི་ཆེད་གང་བྱེད་དགོས་མིན་ཤེས་ཀྱི་ཡོད་པ་དང་། དེ་ལྟར་ཐར་བར་བྱེད་ཀྱི་རེད། གང་ཡིན་ཞེ་ན། ཁོང་ཚོར་གནས་སྟངས་དེ་འདྲ་བ་མང་པོ་ཕྲད་ཟིན་པ་རེད། ཁོང་ཚོས་གང་བྱེད་དགོས་མིན་ཤེས་ཀྱི་ཡོད་ལ། གཡོ་ཟོལ་མེད་པའི་སྒོ་ནས་བྱེད་ཀྱི་ཡོད།
ངས་དཔེ་མཚོན་ཞིག་དྲན་གསོས་ཀྱི་འདུག །དེ་ནི་ཁྱིམ་ཚང་ཧ་ཅང་སྐྱོ་བོ་དང་གྲོང་པ་ཁྱིམ་མཚེས་ཧ་ཅང་རྩུབ་པོ་ཡོད་སར་འཚར་ལོངས་བྱུང་བའི་ངའི་གྲོགས་པོ་གཅིག་གི་སྐོར་ལ་རེད། ཁོང་སློབ་གྲྭ་ཞིག་ལ་ཕྱིན་པ་དང་། སློབ་གྲྭ་དེའི་ནང་ཁོ་རང་གི་འཛིན་གྲོགས་ཕལ་ཆེ་བ་ཤོག་ཁག་ནང་ཡོད་པ་དང་ཕན་ཚུན་འཛིང་རེས་བྱེད་ཀྱིན་ཡོད། ཁོ་རང་དེ་ལས་ཐར་བར་བྱ་རྒྱུའི་སེམས་ཐག་བཅད་ཡོད་པ་དང་། དེ་ལས་ཐར་བར་ག་རེ་བྱེད་དགོས་མིན་ཤེས་ཀྱི་ཡོད། ཁོས་ལས་ཀར་ཧ་ཅང་འབད་བརྩོན་བྱས་ཏེ་དངུལ་བསགས་པ་དང་། དེ་ནས་མཐོ་རིམ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་པ་རེད། དེར་ཁོང་ནས་སྨན་གྱི་སྐོར་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། ང་ཆ་ཁོང་ལམ་ལྷོང་ལྡན་པའི་ཀླད་པ་གཤག་བཅོས་སྨན་པ་ཞིག་ཆགས་ཡོད་པ་ལྟ་བུ་རེད།
སྙིང་རྗེ་ལ་ངེས་འབྱུང་ནང་བཞིན་གྲུབ་ཆ་གཅིག་པ་ཡོད།
ང་རང་ཚོ་སོ་སོའི་སྡུག་བསྔལ་ལ་དམིགས་པ་གཏད་པའི་སྐབས་ངེས་འབྱུང་ཆགས་ཀྱི་ཡོད། གཞན་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་དམིགས་པ་གཏད་པའི་སྐབས་གཅིག་པ་རེད། ང་ཚོས་གཞན་གྱི་སྡུག་བསྔལ་ལ་དམིགས་པ་གཏད་པ་དང་། དམིགས་པ་གཏད་ཚུལ་དེ་ཡང་། “སྡུག་བསྔལ་དེ་མེད་པ་ཆགས་དགོས་ཀྱི་འདུག་” ཅེས་པའི་ཀུན་སློང་ཡོད་དགོས། སྐབས་འདིའི་གྲོགས་སུ་གྱུར་བའི་སེམས་ཀྱི་གནས་བབས་དང་སེམས་ཚོར་ནི་ “འདི་འདང་ངེས་བཞིན་པ་རེད་” ཅེས་པའི་ཚོར་བ་དང་གཅིག་མཚུངས་རེད། མི་ཚང་མར་མི་ཚེའི་ནང་ང་ཚོས་མྱོང་བའི་དཀལ་ངལ་དེའི་རིགས་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོས་དེའི་ཐད་ཞེན་པ་ལོག་ནས་རེ་བ་ཟད་པའི་དོན་མ་ཡིན། དེ་དག་ཀྱང་ཉོན་མོངས་པའི་རིགས་རེད། ང་ཚོ་སོ་སོའི་གོ་རྟོགས་ལ་གདེང་ཚོད་ཡོད་པ་དང་དཀའ་ངལ་དེ་དག་གི་རྒྱུ་ཉོན་མོངས་རྣམས་ཡིན་པ། དེ་བཞིན་དཀའ་ངལ་དེ་དག་ལས་ཐར་རུང་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ཚོ་བདེ་པོ་དང་ཡག་པོ་ཞིག་ཡོང་བའི་ཡིད་སྨོན་ཙམ་བྱེད་པ་མིན་པར། སེམས་གཏིང་ལ་ང་ཚོས་རེ་བ་ཟད་པ་ཤེས་ཀྱི་ཡོད། ང་ཚོའི་དད་པ་དེ་དང་བའི་དད་པའི་རིགས་ཤིག་ཡིན། བྱས་ཙང་། སྙིང་རྗེ་དང་ལྡན་པའི་ང་ཚོའི་སེམས་འདི་ཉོན་མོངས་དང་བྲལ་བ་ཡིན། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན།
ངས་དཔེ་མཚོན་དྲན་པ་ཞིག་ལ། ངའི་ཨ་མས་གཟུགས་མཐོང་བརྙན་འཕྲིན་ནང་ས་གནས་དེ་གའི་གསར་འགྱུར་བལྟ་གི་ཡོད་པ་ངས་དྲན་གྱི་འདུག །བྱས་ཙང་། ཨ་མས་ཉིན་མ་རེ་རེའི་ནང་བྱུང་བའི་མི་གསོད་ཁྲག་སྦྱོར་དང་། ཇག་རྐུན་གྱི་རིགས། བཙན་གཡེབ་སོགས་ཀྱི་སྐོར་གོ་ཐོས་བྱུང་འཕྲལ་ཁོང་ཧ་ཅང་ཁོང་ཁྲོ་དང་ཞེ་སྡང་གིས་ཀུན་ནས་བསླངས་ཏེ། “གནས་ཚུལ་དེ་ཞེད་སྣང་ཚ་པོ་དེ་འདྲ་འདུག །དེ་འདྲ་ཡོང་མི་ཉན་” ཞེས་བརྗོད་ཀྱི་ཡོད། འདི་སྙིང་རྗེ་འདྲ་པོ་ཡོད་ཀྱང་། དོན་ངོ་མར་དེ་ནི་ཧ་ཅང་དཀྲོག་རྐྱེན་ཐེབས་པའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ནི་སྙིང་རྗེ་ངོ་མ་དེ་མ་རེད། སྐབས་འདིར་སྙིང་རྗེ་དང་སེམས་འཁུར་གཉིས་ཀྱི་འདྲེས་མ་ཞིག་ཡོད་པ་མ་ཟད། ཁོང་ཁྲོ་དང་བློ་ཕམ་ཡོད་པ་རེད།
སྙིང་རྗེ་ངོ་མ་ནི་བློ་ཕམ་པའམ་སེམས་ཁྲོ་བའི་གནས་བབས་དེ་མ་ཡིན། སྙིང་རྗེ་ནི་སེམས་ཀྱི་གནས་བབས་ཧ་ཅང་གསལ་བ་ཞིག་ཡིན། དེ་ཡང་མངོན་འདོད་ཀྱི་དད་པས་གྲོགས་བྱས་ཡོད་པ་སྟེ། “ངས་སྡུག་བསྔལ་མེད་པར་བཟོ་བའི་ཐབས་ཤེས་ཤིག་བྱེད་ཀྱི་ཡིན་” ཞེས་པ་དེ་རེད། དེར་བརྟེན་ཁོང་ཚོས་དེའི་ཐད་གཅིག་བྱེད་ཀྱི་རེད་བསམ་པའི་ཡིད་སྨོན་ཙམ་མིན་པར། ང་རང་ངོས་ནས་རོགས་བྱེད་ཐབས་བྱེད་ཀྱི་ཡིན་ཞེས་པ་དེ་རེད། འོན་ཀྱང་ཡིད་སྨོན་དང་ཀུན་སློང་དེ་ནི་ང་ཚོས་གང་བྱེད་ཐུབ་ཀྱི་ཡོད་པའི་དངོས་ཡོད་གནས་ལུགས་དང་མཐུན་པའི་གོ་རྟོགས་ལ་གཞི་བཅོལ་དགོས། དེ་ཡང་ “ང་ནི་མཐུ་ནུས་ལྡན་པའི་དཀོན་མཆོག་ཡིན། ངས་ཕྱིར་ཐོན་ནས་འཇིག་རྟེན་པ་རྣམས་བསྐྱབ་ཀྱི་ཡིན་” ཞེས་དང་། “གལ་ཏེ་ངས་གང་ཟག་འདི་ལ་རོགས་བྱ་རྒྱུ་ལམ་ལྷོང་བྱུང་ན་ཅི་འདྲའི་ཡག་ག་ལ་ཨང་། གལ་ཏེ་ལམ་ལྷོང་མ་བྱུང་ན་ང་རང་ནག་ཉེས་ཅན་ཡིན་” ཞེས་པའི་བསམ་ཚུལ་དང་འདྲེས་པ་ཞིག་མིན། རྒྱུ་མཚན་དེ་ལ་བརྟེན་ནས་སྡུག་བསྔལ་མེད་པ་བཟོ་ཐུབ་པའི་རྒྱུད་རིམ་ལ་གོ་རྟོགས་ཡག་པོ་ཞིག་དང་གདེང་ཚོད་རྙེད་པ་ཞིག་དགོས། རྒྱུད་རིམ་དེ་ཡང་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་འབྱུང་གི་ཡོད་མ་གཏོགས་འདོད་པ་དང་འདུན་པ་ཡོད་པ་ཙམ་ལ་བརྟེན་ནས་འབྱུང་གི་མེད།
སྡུག་བསྔལ་གྱི་སྡུག་བསྔལ་ལ་དམིགས་པའི་ངེས་འབྱུང་དང་སྙིང་རྗེ།
ང་ཚོས་གོང་དུ་བཤད་ཟིན་པ་ལྟར། ངེས་འབྱུང་དང་སྙིང་རྗེ་གང་རུང་ཞིག་སྐྱེད་པའི་ཆེད་དགོས་ངེས་ཀྱི་གྲུབ་ཆ་དང་པོ་དེ་ནི་སྡུག་བསྔལ་ལ་དམིགས་དགོས་ཀྱི་ཡོད། སྡུག་བསྔལ་དེ་ཡང་རང་དང་གཞན་གང་རུང་ལ་དམིགས་ན་ཆོག །དེ་ནས་དྲི་བ་དང་པོ་དེ་ནི། སྡུག་བསྔལ་ག་འདྲ་ཞིག་གི་ཐོག་དམིགས་པ་གཏད་ཀྱི་ཡོད་དམ། སངས་རྒྱས་ཀྱིས་སྡུག་བསྔལ་གྱི་རིགས་གསུམ་དབྱེ་བ་ཕྱེས་ནས་གསུངས་ཡོད། དེ་དག་གི་སྐོར་འདིར་ཞིབ་ཚགས་པོ་འགྲོ་གི་མིན། དེ་དག་ལས་དང་པོ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དེ་རེད།
སྡུག་བསྔལ་གྱི་སྡུག་བསྔལ་དེ་མེད་པ་ཆགས་འདོད་བྱེད་པ་དེ་དཀའ་ལས་ཁག་པོ་དེ་ཙམ་མེད། ང་ཚོ་ཚང་མས་སྡུག་བསྔལ་འདི་སོའི་སྨན་པའི་རྐུབ་ཀྱག་སྒང་ལ་ཉམས་སུ་མྱོང་ཡོད་ཤག་རེད། འོན་ཀྱང་དེ་ནི་དངོས་གནས་དཔྱད་ཞིབ་བྱ་རྒྱུའི་དྲི་བ་དོ་སྣང་བྱེད་འོས་པ་ཤིག་ཡིན། ང་ཚོ་སོའི་སྨན་པའི་རྐུབ་ཀྱག་སྒང་ལ་བསྡད་ནས་སྨན་པས་སྦྲིད་སྨན་ནོ་ཝོ་ཁཻན་ཟེར་བ་དེ་བེད་སྤྱོད་མ་བཏང་བར་སོ་འབིགས་པའི་སྐབས་ཀྱི་ན་ཟུག་མྱོང་བཞིན་པ་དེ་ལ་ངེས་འབྱུང་ཡོད་དམ། ང་ཚོའི་སེམས་ཀྱི་གནས་བབས་དེ་ལྟར་ཡིན་ནམ། ང་ཚོའི་སེམས་ཀྱི་གནས་བབས་ངོ་མ་དེ་གང་ཡིན་ནམ། རྐུབ་ཀྱག་དེའི་སྒང་ལ་ང་ཚོས་ག་རེ་ཚོར་གྱི་ཡོད་དམ། ང་ཚོ་མང་ཆེ་བར་ཞེད་སྣང་དང་སེམས་འཚབ་ཡོང་གི་རེད་བསམ་གྱི་འདུག །ངེས་འབྱུང་ལ་བརྟེན་ནས་ང་ཚོས་ཚོར་བའི་སྡུག་བསྔལ་ལ་དམིགས་ཀྱི་ཡོད། འོན་ཀྱང་ངེས་འབྱུང་དང་མི་འདྲ་བར་ང་ཚོས་སྡུག་བསྔལ་ལ་སྒྲོ་བཏགས་དེ་གདོན་འདྲེ་ཞིག་ལྟར་བཟོ་གི་ཡོད། ང་ཚོ་དངོས་གནས་ཞི་འཇམ་ཞིག་རྩ་ནས་མེད།
གལ་ཏེ་ང་ཚོས་ངེས་འབྱུང་ལ་བརྟེན་ནས་གནས་སྟངས་དེར་འཇུག་པ་ཡིན་ན། ང་ཚོས་ད་དུང་སོ་འབིགས་པའི་ན་ཟུག་ལ་དམིགས་ངེས་རེད། ན་ཟུག་དེ་ལས་བྱུང་བའི་སྡུག་བསྔལ་མེད་པར་འདོད་ཀྱི་ཡོད། ང་ཚོས་མང་པོ་མྱངས་ཟིན་པ་དང་དེ་མེད་པ་བཟོ་ཐུབ་པའི་གདེང་ཚོད་ང་ཚོར་ཡོད། ཡིན་ནའང་འདིར་དོ་སྣང་བྱེད་འོས་པའི་མགོ་རྙོག་ཅིག་ཡོད། དེ་ཡང་བཟོད་སྒོམ་བྱེད་པ་དང་དེ་མེད་པ་ཆགས་རྒྱུ་སྒུགས་ནས་བསྡད་པ་ཙམ་གྱིས་ན་ཟུག་མེད་པ་བཟོ་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད། ང་ཚོ་མི་ཚེ་ལྷག་མ་ཆ་ཚང་སོའི་སྨན་པའི་རྐུབ་ཀྱག་སྒང་ལ་བསྡད་ནས་སོ་འབིགས་པའི་ན་ཟུག་མྱོང་མི་དགོས། མི་རྟག་པ་ཡིན་ཙང་། སོ་འབིགས་པའི་བྱ་བ་དེ་ཡང་རྫོགས་འགྲོ་གི་རེད། ང་ཚོས་དེ་ལ་བཟོད་སྒོམ་བྱེད་དགོས་པ་ཙམ་རེད། བསམ་བློ་དེ་འདྲའི་སྒོ་ནས་ང་ཚོ་ཞི་འཇམ་དང་གདེང་སྤོབས་ལྡན་པར་གནས་ཐུབ། གལ་ཏེ་ང་ཚོ་རྐུབ་ཀྱག་དེའི་སྒང་ལ་ཞི་འཇམ་ངང་གནས་པ་དང་སེམས་གུ་དོག་པོ་དང་དངངས་སྐྲག་མ་བྱས་ན། སོ་འབིགས་པའི་ན་ཟུག་གི་སྡུག་བསྔལ་དེ་མེད་པ་ཆགས་ཀྱི་རེད།
ཡང་འབྱུང་སྲིད་པ་གཞན་ཞིག་ནི་ང་ཚོས་རང་གི་བློའི་ཁྱེར་སོ་དེའི་ཕྱོགས་སུ་འགྱུར་བ་བཏང་ནས་ན་ཟུག་གི་སྡུག་བསྔལ་དེ་མེད་པར་བཟོ་བའི་གདེང་ཚོད་སླེབས་ཐུབ། འདི་ནི་བློ་སྦྱོང་སྐབས་ཀྱི་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའམ་རྐྱེན་ངན་པ་རྐྱེན་བཟང་པོའི་ཕྱོགས་སུ་བསྒྱུར་བའི་ཐབས་ལམ་ལ་གོ་བ་ཡིན། དཔེར་ན། ང་ཚོས་བོད་ནང་སྡུག་སྦྱོར་མྱོང་བཞིན་པའི་བོད་མི་ཚང་མར་བསམ་བློ་གཏོང་བའམ། ཡང་ན་འཛམ་གླིང་ཡུལ་གྲུ་གཞན་དུ་སྡུག་བསྔལ་མྱོང་བཞིན་པའི་མི་རྣམས་ལ་བསམ་བློ་བཏང་ནས། ང་ཚོས་སོའི་སྨན་པའི་རྐུབ་ཀྱག་སྒང་ལ་མྱོང་བཞིན་པའི་སྡུག་བསྔལ་དང་བསྡུར་བ་ཡིན་ན། ང་ཚོའི་ན་ཟུག་དེ་ཆུང་ཆུང་ཡིན་པ་ང་ཚོས་ཤེས་རྟོགས་ཡོང་གི་རེད། སྡུག་བསྔལ་གྱི་ལྟོས་བཅས་ལ་གོ་རྟོགས་ཡོད་པ་དེས་ལྟོས་བཅས་ཀྱི་སྡུག་བསྔལ་ཆུང་བ་ཡོད་པའི་སྐབས་ཞི་འཇམ་ངང་གནས་ཐུབ་པར་ཕན་ཞིང་། དེ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་ཆེན་པོ་མྱོང་མི་དགོས། ན་ཟུག་ད་དུང་ཡོད་ཀྱང་། དེ་ནི་གནས་ཚུལ་ཆེན་པོ་གང་ཡང་མིན།
དཔེ་མཚོན་དེ་གཉིས་ཀའི་ནང་ངེས་འབྱུང་ཡོད། ང་ཚོས་ག་རེ་ངེས་པར་འབྱུང་བའམ་སྤོང་གི་ཡོད་དམ། ཕྱིའི་ངོས་ནས་བལྟས་ན། ང་ཚོས་ན་ཟུག་དེ་སྤོང་གི་ཡོད། འོན་ཀྱང་དེའི་ཕྱོགས་སུ་ང་ཚོའི་བློའི་ཁྱེར་སོ་ཅི་ལྟར་ཡོད་མེད་ལ་མ་ལྟོས་པར། ང་ཚོས་ན་ཟུག་དེ་ལམ་སེང་མེད་པ་བཟོ་མི་ཐུབ། སོ་འབིག་རྒྱུ་མཚམས་འཇོག་མ་བྱས་བར་དུ་ང་ཚོར་ལུས་ཀྱི་ན་ཟུག་གི་ཚོར་བ་ཞིག་ད་དུང་མྱོང་གི་ཡོད། ང་ཚོས་སྤོང་ན་འདྲ་མ་སྤོང་ནའང་འདྲ་སྟེ། སོའི་སྨན་པས་བྱ་བ་མ་ཚར་བར་དུ་ན་ཟུག་དེ་མུ་མཐུད་གནས་ཀྱི་ཡོད། གང་ལྟར་ཡང་། སོ་འབིགས་པའི་ན་ཟུག་དེ་མི་རྟག་པ་ཡིན་པ་དང་ང་ཚོ་དེ་ལས་མགྱོགས་པོ་ཐར་རྒྱུ་ཡིན་པའི་གདེང་ཚོད་ཡོད། དེ་གང་ཡིན་ཟེར་ན། དེའི་མི་རྟག་པས་ན་ཟུག་ལ་བཟོད་སྒོམ་བྱེད་པར་ཕན་གྱི་ཡོད། དེར་བརྟེན་ང་ཚོས་དེ་ལས་གཏིང་ཟབ་པར་བརྟག་དཔྱད་བྱས་ན། ང་ཚོས་ཕྱིའི་ལུས་ཀྱི་སྡུག་བསྔལ་མྱོང་བཞིན་དུ་དོན་ངོ་མར་ང་ཚོར་ཡོད་སྲིད་པའི་ནང་སེམས་མི་སྐྱིད་པ་དེ་སྤོང་བཞིན་ཡོད། བློའི་ཁྱེར་སོ་འགྱུར་བ་ཞིག་གཏོང་བ་ལ་བརྟེན་ནས་ང་ཚོས་མི་སྐྱིད་པའམ་སྡུག་བསྔལ་དེ་འཕྲལ་དུ་སྤོང་ཐུབ།
སོའི་སྨན་པའི་རྐུབ་ཀྱག་སྒང་ཡོད་སྐབས་ཀྱི་ང་ཚོའི་མྱོང་བ་དེ་ལ་ཞེད་སྣང་དང་སེམས་འཚབ་ཀྱིས་རོགས་སྐྱོར་བྱེད་དུས་སེམས་ཀྱི་གནས་བབས་དེས་ང་ཚོར་སྡུག་བསྔལ་དེ་ལས་མང་སྤྲད་དེ་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། འོན་ཀྱང་ང་ཚོས་བློའི་ཁྱེར་སོ་དེ་སྡུག་བསྔལ་གྱི་ཕྱོགས་སུ་ཁ་བསྒྱུར་ནས། དཔེར་ན། སྡུག་བསྔལ་གྱི་མི་རྟག་པའམ་ལྟོས་བཅས་ཀྱི་རང་བཞིན་གང་རུང་རྟོགས་པའི་སྒོ་ནས་བསམ་བློ་བཏང་ན། ང་ཚོས་སོ་འབིགས་པའི་སེམས་དང་སེམས་ཚོར་གྱི་སྡུག་བསྔལ་མྱོང་མི་དགོས་པའི་གདེང་ཚོད་ཅིག་རྙེད་ཐུབ།
དེ་ནི་ངེས་འབྱུང་གི་ཉམས་ལེན་ཡིན། ང་ཚོས་འདིར་གང་ཞིག་ངེས་པར་དབྱུང་བའམ་སྤོང་གི་ཡོད་པ་དེ་རྟོག་པ་ལ་གཞི་བཅོལ་དགོས་ཤིང་། དེ་ཡང་ང་ཚོས་བློའི་ཁྱེར་སོ་བསྒྱུར་བ་བཏང་ནས་དངོས་གནས་གང་ཞིག་སྤོང་ཐུབ་པ་ལ་གོ་བ་ཡིན། ང་ཚོས་གང་སྤོང་བཞིན་ཡོད་ཅེ་ན།
- ལུས་ཀྱི་གདུང་བའི་ཚོར་བ་ཞིག་དང་འབྲེལ་ནས་མྱངས་པའི་སྡུག་བསྔལ།
- སེམས་དང་སེམས་ཚོར་གྱི་གདུང་བའི་གནས་བབས།
- སེམས་དང་སེམས་ཚོར་གྱི་གནས་བབས་དེ་དག་དང་འབྲེལ་ནས་མྱངས་པའི་སྡུག་བསྔལ།
བློའི་ཁྱེར་སོ་བསྒྱུར་བ་གཏོང་བ་དེས་ཟུག་རྔུའམ་གདུང་བའི་ཚོར་བ་མྱོང་བ་དེ་རྦད་དེ་ཁ་ཕྱོགས་བསྒྱུར་གྱི་ཡོད། དེ་དག་གི་དཔེ་མཚོན་ཁག་ནི་ང་ཚོས་བླ་མའམ་ཉམས་ལེན་པ་རྣམས་འབྲས་ནད་དམ་ཡང་ན་བཅོས་ཐབས་མེད་པའི་ན་ཚ་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་སྨན་ཁང་དུ་གྲོངས་པ་ལས་མཐོང་ཡོད། ཁོང་ཚོས་ལུས་ཀྱི་སྡུག་བསྔལ་མྱོང་ཡོད་ཤག་རེད་ལ། ཁོང་ཚོས་སྡུག་བསྔལ་དེ་ལ་མི་སྐྱིད་པ་དང་ཞེད་སྣང་སྐྱེ་རྒྱུ་དེ་ཡང་སྤངས་ཡོད་ཤག་རེད། ཁོང་ཚོས་གཞན་གྱི་སྡུག་བསྔལ་དང་མི་སྐྱིད་པ་ལ་བསམ་བློ་གཏོང་བ་དང་། ལྷག་པར་དུ་ཅི་བྱ་གཏོལ་མེད་ཚོར་མཁན་གྱི་སྨན་པའི་བཟོད་མ་བདེ་བའི་ཚོར་བ་ལ་བསམ་བློ་བཏང་ནས་གནས་སྟངས་ཆ་ཚང་འགྱུར་བ་གཏོང་རྒྱུའི་ཚབ་ལ་བླ་མའམ་ཉམས་ལེན་པ་དེ་དག་གིས་སྨན་པས་གང་ཚོར་གྱི་ཡོད་མེད་ཐོག་སེམས་འཁུར་ཆེན་པོ་གནང་གི་ཡོད། དེ་ག་ནང་བཞིན་ཐུག་འཕྲད་དུ་སླེབས་ནས་གུས་ཞབས་བྱེད་མཁན་གྱི་མི་ཚང་མས་ག་རེ་ཚོར་མིན་ཐད་ལའང་སེམས་འཁུར་གནང་གི་ཡོད།
ཁོང་ཚོས་ནད་ལ་གདོང་ལེན་བྱེད་ཀྱིན་ཡོད་པ་དེའི་གཞི་རྩའི་རྒྱུ་གང་རེད་དམ་ཞེ་ན། དེ་ནི་ངེས་འབྱུང་དང་སྙིང་རྗེ་རེད། ཁོང་ཚོས་རང་དང་གཞན་གཉིས་ཀའི་གནས་སྟངས་ཡོངས་སུ་རྫོགས་པའི་དངངས་འཚབ་དང་སེམས་ཀྱི་སྡུག་བསྔལ་སྤངས་ཟིན་པ་རེད། ཁོང་ཚོར་ངེས་འབྱུང་ཡོད་ཁུལ་བྱེད་པ་ཙམ་མིན་པ་དང་། བླ་མ་དེ་དག་གིས་ཕྱི་ལོགས་ནས་ “དེ་འགྲིག་གི་འདུག །ང་རང་འགྲིག་བཞག །སེམས་འཁྲལ་མ་བྱོས་” ཞེས་བརྗོད་པ་ཙམ་མིན་པར། སེམས་ནང་འགྲིག་པ་ཞིག་ཚོར་གྱི་མེད། གནས་སྟངས་དེ་ལྟར་ཡིན་ན། ཁོང་ཚོས་དང་བའི་དད་པ་དེ་མེད་པ་རེད། དེ་ཡང་ཞེད་སྣང་དང་བཟོད་མ་བདེ་བ་མེད་པ་བཟོ་མཁན་གྱི་ཡིད་ཆེས་པའི་དད་པའི་རིགས་ཤིག་ཡིན། གང་ཡིན་ཞེ་ན། དེ་ལྟར་ཤེས་ནས་གཉེན་པོ་འདི་དང་དེ་བསྟེན་པ་དང་བཅས་གནས་སྟངས་དེའི་དངངས་འཚབ་ཡོངས་སུ་རྫོགས་པ་ཀུན་ཏུ་ཁྱབ་ཀྱི་ཡོད། ངེས་འབྱུང་དང་སྙིང་རྗེ་ལ་ང་ཚོས་ཇི་ཙམ་གྱིས་གོམས་འདྲིས་བྱེད་པ་དེ་ཚོད་ཀྱིས་བླ་མ་དེ་དག་ནང་བཞིན་ངེས་འབྱུང་དང་དེའི་གྲོགས་སུ་གྱུར་བའི་ཆ་རྐྱེན་ཡོངས་སུ་རྫོགས་པ་རང་ཤུགས་ཀྱིས་འབྱུང་གི་རེད། དེ་ནི་ང་ཚོས་ངེས་པར་དུ་བསྐྱེད་དགོས་པའི་བཅོས་མའི་ངེས་འབྱུང་ཞིག་ཆགས་ཀྱི་མ་རེད།
གནས་སྟངས་ཁག་པོའི་ནང་གི་དཔེ་མཚོན་གཞན་ཞིག་ནི། ང་ཚོའི་ལས་ཀའམ་ཡང་ན་གསོག་དངུལ་ཤོར་བ་ལྟ་བུ་རེད། དེ་ལྟར་བྱུང་ན། ང་ཚོ་སྐྱིད་པོ་མེད་པ་ཆགས་སྲིད་ནའང་། མི་གཞན་དག་སུ་འདྲ་ཞིག་གི་ལས་ཀ་དང་གསོག་དངུལ་ཤོར་ན་དེ་དང་གཅིག་མཚུངས་མི་སྐྱིད་པ་ཆགས་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་དང་གཞན་གྱི་དེ་ལྟའི་སྡུག་བསྔལ་དང་སེམས་ངལ་རྣམས་མེད་པ་ཆགས་འདོད་བྱེད་ཀྱི་ཡོད། ངེས་འབྱུང་ནས་སྙིང་རྗེའི་བར་དུ་འགྲོ་བ་ཞེས་པ་དེ་ང་ཚོས་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་སྤོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་དོན་མ་ཡིན། དེ་ལས་ལྡོག་སྟེ། ང་ཚོས་སོ་སོའི་སེམས་ཀྱི་གནས་བབས་རྒྱ་སྐྱེད་བཏང་ནས་དེའི་ནང་རང་གཞན་ཐམས་ཅད་ཚུད་པར་བྱེད་དགོས།
བདེ་བ་ཉི་ཚེ་བར་དམིགས་པའི་ངེས་འབྱུང་དང་སྙིང་རྗེ། ༼འགྱུར་བའི་སྡུག་བསྔལ།༽
གོང་དུ་ཞུས་པ་དེ་སྡུག་བསྔལ་གྱི་སྡུག་བསྔལ་ཙམ་ལ་དམིགས་པའི་ངེས་འབྱུང་དང་སྙིང་རྗེ་རེད། ང་ཚོའི་བདེ་བ་ཉི་ཚེ་བ་དེ་ཡང་དཀའ་ངལ་ཞིག་རེད། དེ་ནི་སྡུག་བསྔལ་གྱི་རྣམ་པ་ཞིག་ཡིན། སྡུག་བསྔལ་ཡིན་ཞེས་ཟེར་དུས་བདེ་བ་ཉི་ཚེ་བ་དེ་ཡུན་དུ་གནས་ཀྱི་མེད་པ་དང་། ནམ་ཡང་འདོད་བློ་ཁེངས་པ་ཞིག་མེད་པ། ང་ཚོར་འདང་ངེས་ཤིག་རྩ་ནས་མེད་པའི་དོན་ཡིན། དེ་ཡང་མགྱོགས་པོ་བཟོད་མ་བདེའི་སྡུག་བསྔལ་ལ་འགྱུར་འགྲོ་གི་ཡོད། དེར་བརྟེན་དེ་ལ་འགྱུར་བའི་སྡུག་བསྔལ་ཟེར་གྱི་ཡོད། དཔེར་ན། གལ་ཏེ་འཁྱགས་ཞོའམ་འཁྱགས་པ་བྱེ་རིལ་ཟ་རྒྱུ་དེ་བདེ་བའི་རྒྱུ་ངོ་མ་ཡིན་ན། དེ་ནས་ང་ཚོས་ག་ཚོད་མང་བ་བཟས་ན་དེ་ཚོད་ཀྱིས་ང་ཚོར་བདེ་བ་མང་བ་འབྱུང་དགོས་ཀྱི་ཡོད། འོན་ཀྱང་ཚད་ངེས་ཅན་ཞིག་ལ་སླེབས་དུས་ག་ཚོད་མང་བ་བཟས་པ་དེ་ཚོད་ཀྱིས་ན་རྒྱུ་སོགས་སྡུག་བསྔལ་མང་བ་ཚོར་གྱི་ཡོད་པ་གསལ་པོ་རེད། བྱས་ཙང་། འཁྱགས་ཞོ་ལས་བྱུང་བའི་བདེ་བ་ཉི་ཚེ་བ་དེ་འགྱུར་བ་ཕྱིན་ནས་ང་ཚོས་སྡུག་བསྔལ་ཚོར་གྱི་ཡོད།
མདོར་བསྡུས་ན། བདེ་བ་ཉི་ཚེ་བ་དེ་སུན་སྣང་དང་མི་སྐྱིད་པ་ཞིག་ཡོད། ང་ཚོས་མུ་མཐུད་དེ་ཇི་ཙམ་གྱིས་བདེ་བ་ཚོར་འདོད་བྱས་ཀྱང་། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་ག་དུས་འགྱུར་བ་འགྲོ་གི་ཡོད་མེད་ཚོད་ཐིག་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེར་མ་ཟད། ང་ཚོར་ད་ལྟ་ཡོད་པའམ་ཡང་ན་སྔོན་ནས་ཡོད་པའི་བདེ་བར་འདོད་པ་རྩ་ནས་ཁེངས་ཀྱི་མེད། ང་ཚོར་རྟག་ཏུ་ད་དུང་དེ་ལས་མང་བ་དགོས་ཀྱི་ཡོད། ང་ཚོས་ཐར་འདོད་ཀྱི་ཆོད་སེམས་སམ་ངེས་འབྱུང་ལ་བརྟེན་ནས་སྡུག་བསྔལ་འདིའང་སྤོང་ཐུབ།
འོན་ཀྱང་བདེ་བ་ཉི་ཚེ་བ་སྤོང་ཟེར་བའི་དོན་གང་རེད་དམ། ང་ཚོར་སླར་བདེ་བ་རྩ་ནས་མི་འདོད་ཅེས་པའི་དོན་ཡིན་ནམ། ཡང་ན་བདེ་བ་འདོད་བློ་ཚིམ་པ་ཞིག་མེད་ཙང་དེ་སྤོང་འདོད་པ་ཡིན་ནམ། དེ་ལྟར་བསམ་བློ་གཏོང་བ་ནི་ནང་པའི་བསམ་ཕྱོགས་ཀྱི་གོ་ནོར་རགས་པ་དེ་ཡིན། ན་ཟུག་གི་སྡུག་བསྔལ་ནང་བཞིན་བདེ་བ་ཉི་ཚེ་བ་ནི་མི་རྟག་པ་ཡིན་པ་དང་འཛད་རྒྱུ་ཡིན་པ་ངེས་པ་རེད། ཡིན་ནའང་ངེས་འབྱུང་ལ་བརྟེན་ནས་ང་ཚོས་བདེན་དོན་དེ་ངོས་ལེན་བྱས་ཏེ། བདེ་བ་ཉི་ཚེ་བའི་རིགས་ཡོད་པའི་སྐབས་དེ་དག་གི་ཡོན་ཏན་ལ་སྒྲོ་འདོགས་བྱ་མི་ཉན།
དེ་འདྲའི་སྒོ་ནས་ང་ཚོས་བདེ་བ་ཉི་ཚེ་བའི་སྡུག་བསྔལ་ལས་ཐར་གྱི་ཡོད། ང་ཚོས་བདེ་བ་དེ་གང་ཡིན་པ་ངོས་བཟུང་སྟེ་ལོངས་སུ་སྤྱོད་ཀྱི་ཡོད། དེ་ཡང་གནས་སྐབས་ཀྱི་ཚོར་བ་བདེ་བ་ཙམ་དང་དེ་གཏན་དུ་མི་གནས་པ་ཤེས་པའི་ཐོག་སྐྱིད་པོ་གཏོང་དགོས། གང་ཡིན་ཞེ་ན། བདེ་བ་དེ་འཛད་ངེས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་པས། སུན་སྣང་དང་མི་སྐྱིད་པ་ཆགས་ཀྱི་མེད། ང་ཚོས་བདེ་བ་དེ་གཏན་དུ་གནས་པའི་རེ་བ་མི་བྱེད། འོན་ཀྱང་ག་ཚོད་བར་དུ་གནས་པ་དེའི་རིང་སྐྱིད་པོ་གཏོང་དགོས། དེ་ནི་ང་ཚོས་བདེ་བ་དེ་འཛད་འགྲོ་རྒྱུ་ཡིན་པ་ཤེས་པ་དེ་ཉམས་སུ་མྱོང་གི་ཡོད་པའི་དོན་མིན་པར། བདེ་བ་དེ་མཚམས་འཇོག་བྱེད་པའི་དུས་ཚོད་ལ་བློ་འཚབ་ངང་ནས་དངངས་སྐྲག་བྱེད་ཀྱི་ཡོད། བདེ་བ་འཛད་རྒྱུ་ཡིན་པའི་བདེན་དོན་ལ་དང་བའི་དད་པ་དང་བཅས་ང་ཚོའི་བསམ་བློའི་ནང་ཡོད་པའི་བཟོད་མ་བདེ་བ་གང་ཞིག་ཡོད་པ་དེ་དག་མེད་པ་བཟོ་དགོས་པ་དེ་དྲན་དགོས།
ངས་དུས་རྒྱུན་གཏན་ནས་མི་མཐོང་བའི་གྲོགས་པོ་ཞིག་དང་མཉམ་དུ་ཡོད་པར་དཔེ་གཅིག་བཞག་ན། གྲོགས་པོ་དེ་ང་ཚོར་དུས་ཚོད་ཐུང་ངུ་ཞིག་ཐུག་ནས་ཕྱིན་པ་དང་ང་ཚོ་འདོད་བློ་ཁེངས་མེད་ན། ད་དུང་དེ་ལས་དུས་ཚོད་རིང་བ་སྡོད་རོགས་བྱས་ན་བསམ་པའི་འདོད་པ་དེ་ཡོད། ང་ཚོར་དུས་ཚོད་འདང་ངེས་མ་རག་པར་འདོད་བློ་མི་ཁེངས་པའི་ཚོར་སྣང་གི་ཐུག་འཕྲད་དེ་ལས་རག་རྒྱུའི་རེ་བ་ག་རེ་བྱས་སམ། ང་ཚོས་དངོས་གནས་མི་དེ་དང་མཉམ་དུ་ཡོད་པ་དེས་མཐར་ཐུག་གི་བདེ་བ་ཞིག་སྟེར་བ་དང་། ཁེར་རྐྱང་དང་ཉེན་སྲུང་མེད་པའི་ཚོར་བ་མེད་པ་བཟོ་གི་ཡོད་པའི་རེ་བ་བྱས་ཡོད་དམ། གལ་ཏེ་མི་དེ་སྐར་མ་ལྔའི་རིང་བསྡད་ན། ང་ཚོ་དེ་ལ་འདོད་བློ་ཁེངས་ངེས་རེད་དམ།
ང་ཚོ་འདོད་བློ་ཁེངས་མེད། གང་ཡིན་ཞེ་ན། ང་ཚོའི་རེ་བ་དེ་གྲུབ་མེད། འོན་ཀྱང་དེ་ནི་མཐའ་གཅིག་ཏུ་དངོས་ཡོད་དང་མི་མཐུན་པའི་རེ་བ་ཞིག་རེད། ང་ཚོས་གང་རེ་བ་བྱས་པ་དེ་མི་སྲིད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་རྫུ་འཕྲུལ་གྱི་སྒོ་ནས་འབྱུང་གི་ཡོད་པའི་རེ་བ་མ་བྱས་ན། ང་ཚོར་གང་འབྱུང་བ་དེ་ལ་འདོད་བློ་ཁེངས་ཀྱི་ཡོད། དེ་ནི་ངོས་ལེན་བྱེད་ཐུབ་པའི་དངོས་པོའི་གནས་ལུགས་ཤིག་རེད། ང་ཚོས་མི་དེ་དང་མཉམ་དུ་ཐུག་འཕྲད་དང་། ཞལ་ལག །ཕན་ཚུན་དགའ་ཉེའི་ངང་ཚུལ་གང་ཉམས་སུ་མྱོང་བ་ལ་ལོངས་སྤྱོད་དགོས། དེས་ང་ཚོའི་སྡུག་བསྔལ་དང་། ཁེར་རྐྱང་གི་ཚོར་བ། བཀྲེས་སྐོམ་སོགས་ནམ་ཡང་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་གི་མེད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོས་དེ་ལྟར་རེ་བའང་བྱ་རྒྱུ་མེད། གྲོགས་པོས་ཐུག་འཕྲད་བྱས་པ་དེར་ང་ཚོས་སྒྲོ་འདོགས་བྱ་རྒྱུ་མེད། ང་ཚོས་དེ་ཐད་ལ་དང་བའི་དད་པ་ཞིག་དགོས་པ་དང་། གྲོགས་པོ་དེ་འགྲོ་ཡག་གི་དུས་ཚོད་སླེབས་དུས་བློ་ཕམ་དང་སུན་སྣང་བྱ་རྒྱུ་མེད། ང་ཚོས་དངོས་ཡོད་གང་ཡིན་པ་དེ་ལོངས་སྤྱོད་དགོས་ཤིང་། དེ་རྫོགས་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་རེད།
ང་ཚོས་བདེ་བ་ཉི་བ་ལ་བརྟེན་ནས་བྱུང་བའི་དཀའ་ངལ་རྣམས་སྤངས་རྗེས་གཞན་གྱི་བདེ་བ་ཉི་ཚེ་བའི་ཕྱོགས་སུ་ང་ཚོས་ཇི་ལྟར་རྒྱ་སྐྱེད་གཏོང་ངམ། ང་ཚོས་མི་གཞན་ཞིག་གི་བདེ་བ་ཉི་ཚེ་བའི་དཀའ་ངལ་ལ་དམིགས་པའི་སྐབས། སླར་ཡང་བསམ་ཤེས་ཅན་ཞིག་ཡིན་དགོས་རྒྱུ་གལ་ཆེན་ཡིན་པ་གསལ་པོ་རེད། མི་གཞན་དག་གི་བདེ་བ་ལ་བརྟེན་ནས་ཁོང་ཚོར་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད་པ་ང་ཚོས་ཤེས་ནའང་། དེ་ནི་མི་གཞན་དེ་སྐྱིད་པོ་དང་ང་ཚོ་སྐྱིད་པོ་མེད་པ་སོང་ཙང་། ཕྲག་དོག་བྱེད་པ་ཞིག་མིན། དེ་ལས་ལྡོག་སྟེ། མི་དེས་སོ་སོའི་གྲོགས་པོ་དང་འབྲེལ་ལམ་ལ་རེ་བ་བྱ་རྒྱུ་མང་དྲགས་པའམ། ཡང་ན་གནས་སྟངས་བཟང་པོ་གང་འདྲ་ཞིག་འབྱུང་མིན་ལ་མ་ལྟོས་པར། ཁོང་ཚོ་ནི་རྟག་ཏུ་བསམ་བློ་གུ་དོག་པོ་དང་འདོད་བློ་མི་ཁེངས་པ་ཆགས་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེ་ནི་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱེད་དགོས། ང་ཚོས་ཁོང་ཚོར་བདེ་བ་དང་མི་ལྡན་ན་བསམ་པ་ཞིག་མིན། ང་ཚོས་ག་རེ་ལ་དམིགས་པ་གཏད་ཀྱིན་ཡོད་ཅེ་ན། ཁོང་ཚོའི་བདེ་བ་ཉི་ཚེ་བ་ཉམས་སུ་མྱོང་སྟངས་ལས་བྱུང་བའི་སྡུག་བསྔལ་དང་དཀའ་ངལ་ལ་དམིགས་ཀྱི་ཡོད།
འདིར་བདེ་བ་དང་བདེ་བའི་དཀའ་ངལ་གཉིས་ཀྱི་དབར་ཁྱད་པར་འབྱེད་པའི་ཐོག་མི་གཞན་དེས་ཚོར་བཞིན་པའི་བདེ་བ་ལ་དགའ་བ་སྒོམ་ཐུབ་པ་བྱེད་ཀྱི་ཡོད། ནང་པའི་ཆོས་ཀྱི་ནང་དགའ་བ་སྒོམ་རྒྱུ་དང་ཡི་རང་བྱ་རྒྱུའི་ཐད་ནན་བརྗོད་ཆེན་པོ་གནང་གི་ཡོད། ང་ཚོས་གཞན་གྱི་བདེ་བར་དགའ་བ་སྒོམ་དགོས། ཡིན་ནའང་ང་ཚོས་བདེ་བ་ཉི་ཚེ་བའི་སྐྱོན་རྣམས་དངོས་པོའི་གནས་ལུགས་དང་མཐུན་པར་ཤེས་དགོས་ཤིང་། བདེ་བ་ལ་བརྟེན་ནས་ཁོང་ཚོར་ཡོད་སྲིད་པའི་དཀའ་ངལ་ལ་སྙིང་རྗེ་ཡོད་དགོས། འོན་ཀྱང་བདེ་བ་དེ་ཉི་ཚེ་བ་དང་འཇིག་རྟེན་པའི་བདེ་བ་ཡིན་ནའང་། ད་དུང་ང་ཚོས་དེ་ལ་དགའ་བ་སྒོམ་ཐུབ།
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་དམིགས་པའི་ངེས་འབྱུང་དང་སྙིང་རྗེ།
སངས་རྒྱས་ཀྱིས་གསུངས་པའི་སྡུག་བསྔལ་གྱི་ནང་ནས་གཏིང་ཟབ་ཤོས་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ཟེར་བ་དེ་ལ་གོ་བ་ཡིན། དེ་ནི་སྡུག་བསྔལ་གྱི་རིགས་དང་པོ་གཉིས་མྱོང་བའི་གཞི་ལྟ་བུ་དེ་ཡིན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སངས་རྒྱས་ཀྱིས་བདེན་པ་བཞི་ངོ་སྤྲོད་འགྲེལ་བརྗོད་ནང་དམིགས་སུ་བཀར་ནས་གསུངས་པའི་སྡུག་བསྔལ་ངོ་མ་དེ་ཡིན། ང་ཚོར་མུ་མཐུད་དྲི་མའམ་ཟག་པ་དང་བཅས་པའི་ལུས་ཞེས་བྱ་བ་གཅིག་གམ་གཞན་ཞིག་ལ་བརྟེན་ནས་སྐྱེས་པ་དང་། གོམ་པ་སྤོ་སྟངས་སྦྱོང་བ། དེ་ནས་ཚང་མ་ཡང་བསྐྱར་བྱེད་དགོས་པའི་རྒྱུད་རིམ་ཆ་ཚང་འགྲིམ་དགོས་ཤིང་། དེ་ལའང་རྨས་སྐྱོན་ཤོར་སླ་བ་དང་། ན་བ། རྒ་བ། ནུས་པ་ཉམས་ནས་མཐར་འཆི་དགོས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོར་མུ་མཐུད་དེ་དྲི་བཅས་སམ་ཟག་བཅས་ཀྱི་སེམས་ཞེས་བྱ་བ་གཅིག་གམ་གཞན་གང་རུང་ཞིག་ལ་བརྟེན་ནས་རྨོངས་རྒྱུ་ཡིན་པ་དང་། རྟོག་འཆར་མང་པོ་བཟོ་བ། བསམ་བློ་ཁྱད་མཚར་མང་པོ་འཁོར་བ། སེམས་ཁམས་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱུན་ཆད་མེད་པར་དགའ་སྡུག་གི་འཕེལ་འགྲིབ་བྱེད་ཀྱི་ཡོད།
ང་ཚོ་ནམ་ཡང་འདོད་བློ་ཁེངས་རྒྱུ་མེད་པའི་མགོ་རྙོག་ཅན་གྱི་འབྲེལ་ལམ་ནང་འགྲོ་དགོས་ཀྱི་ཡོད། ང་ཚོར་འདོད་པ་མེད་བཞིན་དུ་གནས་སྟངས་མང་པོ་ཞིག་འཕྲད་ཀྱི་ཡོད། ང་ཚོར་གང་འདོད་པ་དང་དགའ་བ་དེ་རྟག་ཏུ་འཐོབ་ཀྱི་མེད་པ་མ་ཟད། དོན་ངོ་མར་ང་ཚོའི་དགའ་ས་དང་བྲལ་ཞིང་མི་དགའ་ས་དེ་དང་འཕྲད་ཀྱི་ཡོད། གཞན་གྱིས་ང་ཚོའི་སྣང་བར་མི་འགྲོ་བའི་བྱ་སྤྱོད་སྤེལ་བའི་སྐབས། དེ་ལ་མི་དགའ་བ་དང་རང་གི་འདོད་པ་ལྟར་མ་བྱུང་བ་སོང་ཙང་། ང་ཚོ་ཁོང་ཁྲོ་བཟའ་གི་ཡོད། དེ་ལ་བརྟེན་ནས་ང་ཚོས་ལས་ཀ་ཡག་པོ་དང་ཟླ་གྲོགསཡག་པོ་སོགས་གང་ཞིག་འཐོབ་ཕྱིར་རྩོལ་བ་ཆེན་པོ་བྱས་ཀྱང་རག་གི་མེད། ང་ཚོའི་མི་ཚེའི་ནང་སྐྱེ་བ་ཕྱི་མ་ཙམ་དུ་མ་ཟད། ད་ལྟའི་སྐད་ཅིག་རྗེས་མའི་ནང་གང་ཚོར་རྒྱུ་ཡིན་པའི་ཐད་ལའང་ངེས་བརྟན་ཞིག་རྩ་ནས་མེད།
ང་ཚོས་ལུས་ཕུང་འདི་དང་ད་ལྟ་སྐྱེལ་བཞིན་པའི་མི་ཚེ་འདི་སྤངས་ནས་སྐྱེ་བ་གསར་པ་ཞིག་ལེན་དགོས་པ་དང་། ཚང་མ་ཡང་བསྐྱར་སྦྱོང་དགོས་ཤིང་། གྲོགས་པོ་ཡང་བསྐྱར་བཟོ་དགོས་ཀྱི་ཡོད། དེ་བཞིན་སྐྱེ་བ་ཕྱི་མའི་ནང་ང་ཚོ་མིའི་ལུས་རྟེན་དུ་ཡང་བསྐྱར་སྐྱེ་རྒྱུ་ཡིན་པའི་ངེས་བརྟན་དང་ཁ་ཐེག་བྱེད་ཐུབ་དཀའ་ནའང་། ང་ཚོ་འགྲོ་བ་མི་ཆགས་པའི་སྐབས་རྣམས་རེད། ང་ཚོ་འབུ་ཞུ་ལུ་མར་སྐྱེ་སྲིད་ལ་དེ་ལས་སྡུག་པ་ཞིག་ལའང་སྐྱེ་སྲིད། ངེས་འབྱུང་ལ་བརྟེན་ནས་ང་ཚོར་དེ་འདྲ་འདང་ངེས་ཡོད།
ངེས་འབྱུང་གི་རིམ་པ་འདི་དང་མཉམ་དུ་ཡོད་པའི་སེམས་ཀྱི་གནས་བབས་ཐོག་བརྟག་དཔྱད་བྱ་རྒྱུ་དེ་གང་ལ་གང་འཚམས་ཀྱི་དོ་སྣང་བྱེད་འོས་པ་རེད། ངའི་བསམ་པར། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་ནང་སྐྱེ་བ་ལ་ཉོབ་སྣང་སྐྱེས་པའི་ཆ་རྐྱེན་ཞིག་ཀྱང་ཡོད། གང་ཡིན་ཞེ་ན། ངས་འཁོར་བའི་མི་ཚེ་གང་འདྲ་ཞིག་ཡོད་པའི་ཐོག་ལ་སྒྲོ་འདོགས་བྱེད་ཀྱི་མེད། དེའི་དོན་ནི་ང་ཚོས་དེ་ལ་ཡིད་དབང་འཕྲོག་གི་མེད། ང་ཚོ་དོ་དབྱིངས་མེད་པ་ཙམ་རེད། དེ་ནི་རྟག་ཏུ་ཡང་ནས་ཡང་དུ་འབྱུང་གི་ཡོད།
མི་ཚེའི་ནང་འཕྲད་དགོས་ངེས་ཀྱི་དཀའ་ངལ་བསྐྱར་ལྡབ་ཡང་ལྡབ་ཀྱིས་འབྱུང་བ་རྣམས་ལ་ང་ཚོས་ཡིད་དབང་མི་འཕྲོག་པར་ཉོབ་སྣང་སྐྱེས་ན། དེའི་འབྲས་བུ་ནི་ག་རེ་འབྱུང་ནའང་ཁྱད་པར་མེད་ཅེས་པ་དེ་མ་རེད། ང་ཚོས་ “ག་རེ་ཡིན་ན་ཡིན་” ཞེས་ཚོར་བ་མེད་པའི་བསམ་ཕྱོགས་དང་དུ་ལེན་པ་མ་ཡིན། དེ་ལས་ལྡོག་སྟེ། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེའི་རྒྱུ་ནི་ཉོན་མོངས་དང་། དེའི་དབང་གིས་གསོག་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། གཞན་ཡང་སྡུག་བསྔལ་གྱི་རྒྱུ་ངོ་མ་ནི་ཉོན་མོངས་དང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་རྒྱབ་ཏུ་ཡོད་པའི་མ་རིག་དང་རྨོངས་པ་དེ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ང་ཚོ་དེ་ལས་ཐར་བའི་ཆོད་སེམས་ཡོད།
འཁོར་བ་ལས་ཐར་བའི་ཆོད་སེམས་དེ་ནི་ཆོས་ངོ་མ་ཡིན་ཞིང་། དེ་ནི་ངེས་འབྱུང་གཏིང་ཟབ་ཤོས་དེ་ཡིན། དེར་མ་ཟད། ང་ཚོས་འཁོར་བར་སྐྱེ་བའི་རྟགས་མཚན་འཇིགས་སུ་རུང་བ་འདི་མེད་པ་བཟོ་ཐུབ་པའི་གདེང་ཚོད་ཡོད། དེའི་འབྲས་བུར་ང་ཚོའི་སེམས་དཀྲོག་རྐྱེན་ཐེབས་མེད་པ་དང་གནས་བབས་དེའི་ནང་ང་ཚོའི་སེམས་གསལ་པོ་ཡོད། རང་ཉིད་འཁོར་བ་ལས་ཐར་བའི་ཆེད་གཅིག་བྱེད་འདོད་ཀྱི་ཆོད་སེམས་ཡོད། ད་དུང་ང་ཚོས་འཁོར་བའི་རྒྱུན་གཅོད་པར་ག་རེ་བྱེད་དགོས་མིན་ཤེས་ཀྱི་ཡོད་ལ་དེ་ལྟར་བྱེད་ཐུབ་པའི་གདེང་ཚོད་ཀྱང་ཡོད། ང་ཚོས་འཁོར་བ་ལས་ཐར་བའི་ཆོད་སེམས་དེ་རང་ལ་དམིགས་ནས་བརྗེ་པོ་རྒྱག་སྟེ་གཞན་ཐམས་ཅད་ལ་མཉམ་པར་དམིགས་པ་ཡིན་ན། དེ་ནི་ “སྙིང་རྗེ་ཆེན་པོ་” ཆགས་ཀྱི་ཡོད།
ངེས་འབྱུང་སྐྱེ་བའི་སྐབས་སྤོང་རྒྱུའི་ཉེན་ཁ།
ངེས་འབྱུང་དང་སྙིང་རྗེ་གཉིས་ནི་ལམ་རིམ་ནང་གི་སྐྱེས་བུ་གསུམ་གྱི་ཀུན་སློང་སྐབས་སུ་གསུངས་ཡོད་པས། ང་ཚོས་སྐབས་དོན་འདིའི་ཐོག་ནས་བལྟས་ཏེ། འདི་གཉིས་སྐྱེད་པའི་སྐབས་འབྱུང་སྲིད་པའི་ཉེན་ཁར་བརྟག་དཔྱད་བྱེད་ཆོག །སྐྱེས་བུ་ཆུང་ངུའི་ཀུན་སློང་གི་རིམ་པ་ནི་སྐྱེ་བ་ཕྱི་མ་བཟང་པོ་ཞིག་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་དུ་མུ་མཐུད་འགྲིམ་ཐུབ་པའི་ཆ་རྐྱེན་དང་གོ་སྐབས་ཆ་ཚང་བའི་དལ་འབྱོར་གྱི་མི་ལུས་ཤིག་སླར་ཡང་ཐོབ་པ་དེ་རེད། ང་ཚོས་ཐོག་མའི་ཀུན་སློང་གི་རིམ་པ་འདི་སྐྱེད་པའི་སྐབས་ཉེན་ཁ་གང་ཡོད་ཅེ་ན། ང་ཚོས་མི་ལུས་རིན་ཆེན་འདི་ལ་ལས་སླ་པོའི་སྒོ་ནས་ཆགས་པ་སྐྱེ་སྲིད། ང་ཚོས་ “ང་སླར་ཡང་སྐྱེ་བ་བླངས་ནས་གྲོགས་པོ་དང་དགའ་པོ་ཉེ་པོ་མཉམ་དུ་སྡོད་རྒྱུ་དང་། རྒྱུ་ནོར་དང་བདེ་ཐང་འདོད་ཀྱི་འདུག་” ཅེས་སོགས་ཚོར་གྱི་ཡོད། བྱས་ཙང་། ང་ཚོས་སྐྱེ་བ་བཟང་པོའི་ཆེད་དུ་འབད་བརྩོན་བྱེད་པ་དེ་འདོད་ཆགས་ཤུགས་ཆེན་དང་འདྲེས་པ་ཞིག་ཆགས་སྲིད། དེ་འདྲ་འབྱུང་བའི་སྐབས། ང་ཚོས་མི་ལུས་རིན་ཆེན་གྱི་ཡོན་ཏན་ལ་སྒྲོ་འདོགས་བྱེད་ཀྱི་ཡོད། གང་ལྟར་ཡང་། འདོད་པ་དང་ཆགས་སེམས་ནི་ཆོས་གང་རུང་ཞིག་གི་ཡོན་ཏན་ལ་སྒྲོ་འདོགས་བྱེད་པར་གཞིར་བྱས་ཡོད། ང་ཚོར་དངོས་པོ་དེ་མེད་པའི་སྐབས། འདོད་པ་ལ་བརྟེན་ནས་ང་ཚོས། “ང་ལ་དེ་ངེས་པར་དུ་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད། ང་ཚོར་དངོས་པོ་དེ་ཡོད་པའི་སྐབས། ཆགས་སེམས་དང་བཅས་ཏེ། “ང་རང་དེ་བློས་གཏོང་བྱེད་འདོད་མེད་” ཅེས་བསམ་གྱི་ཡོད།
ངེས་འབྱུང་གི་ཉེན་ཁ་དེ་ཆགས་སེམས་ཀྱི་ཉེན་ཁ་དང་གཅིག་པ་ཡིན། འོན་ཀྱང་འཁོར་བར་ཞེན་ལོག་དང་བཅས་སྐྱོ་ཤས་སྐྱེ་བའི་ཚད་ལ་གཞིགས་ནས་ཡིན། མི་ལུས་རིན་ཆེན་གྱི་ཡོན་ཏན་ལ་སྒྲོ་འདོགས་བྱེད་པ་ལས་བྱུང་བའི་ཡིད་འཕྲོགས་ནས་ཆགས་སེམས་སྐྱེ་གི་ཡོད་ཀྱང་། ངེས་འབྱུང་ལ་བརྟེན་ནས་འཁོར་བའི་སྐྱོན་གྱི་ཆ་ལ་སྒྲོ་འདོགས་བྱེད་པའི་ཉེན་ཁ་ཡོད། སྒྲོ་འདོགས་དེ་རྒྱུ་མཚན་དུ་བྱས་ཏེ་ང་ཚོས་སྐྱོ་ཤས་སྐྱེ་གི་ཡོད། སྐྱོ་ཤས་དེ་ལ་བརྟེན་ནས་གོང་དུ་ཞུས་པའི་འཁོར་བར་ཞེ་ལོག་གི་ཡོད། ཞེ་ལོག་པ་དང་སྐྱོ་ཤས་གཉིས་འབྲེལ་བ་ཉེ་པོ་ཡོད།
ང་ཚོས་ངེས་འབྱུང་སྐྱེད་པའི་སྐབས། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བར་འབད་མཁན་ཞིག་གམ་སྐྱེས་བུ་འབྲིང་གི་རིམ་པར་སླེབ་ཕྱིར་འབད་མཁན་དང་འབྲེལ་བའི་ཐོག་ང་ཚོས་ངེས་འབྱུང་སྐྱེད་དགོས། དེ་ནི་ལས་སླ་པོ་ཞིག་མིན། ང་ཚོས་འཁོར་བའི་སྐྱོན་དང་ཉེས་དམིགས་ཀྱི་ཐོག་ལ་དམིགས་པ་གཏད་ཀྱི་ཡོད། དེ་ནི་ཆོས་ལ་བློ་ཁ་སྒྱུར་བའི་བསམ་བློ་བཞིའམ་བློ་ལྡོག་རྣམ་པ་བཞིའི་ནང་གི་གཅིག་རེད། ང་ཚོས་དུས་རྟག་ཏུ་འཁོར་བའི་སྐྱོན་དང་ཉེས་དམིགས་ཀྱི་སྐོར་ལ་བསམ་བློ་གཏོང་ཐབས་བྱེད་དགོས།
ང་ཚོས་དེ་ལྟར་དངོས་སུ་བྱེད་པའི་སྐབས། གཞི་ནས་ང་ཚོས་མི་ཚེའི་ནང་གང་ཉམས་སུ་མྱོང་བ་ཚང་མའི་སྒོ་ནས་འཁོར་བའི་ཉེས་དམིགས་ལ་བལྟ་གི་ཡོད། དེས་ང་ཚོའི་མི་ཚེའི་ནང་གི་སེམས་ཚོར་དང་ཉམས་མྱོང་ལ་འགྱུར་བ་ཧ་ཅང་ཤུགས་ཆེན་གཏོང་ཐུབ། ང་ཚོ་གནས་སྟངས་གང་འདྲ་ཞིག་གི་ནང་ཡོད་རུང་སེམས་ནང་འཁོར་རྒྱུའི་བསམ་བློ་དང་པོ་དེ་ནི་སྡུག་བསྔལ་རེད། དཔེར་ན། ང་ཚོས་མི་ཞིག་མཐོང་བ་དང་ཏོག་ཙམ་སྣང་བར་འགྲོ་བའམ་ཡིད་དབང་འཕྲོག་སྲིད་ཀྱང་། དེ་ནས་ང་ཚོས་སྡུག་བསྔལ་ལ་བསམ་བློ་གཏོང་དགོས། ང་ཚོར་ལས་ཀ་གསར་པ་ཐོབ་པ་དང་ “སྡུག་བསྔལ། འདི་ནི་ཞེད་སྣང་ཚ་པོ་ཆགས་རྒྱུ་རེད་” ཅེས་བསམ་དགོས། ག་རེ་འབྱུང་རུང་སྡུག་བསྔལ་རེད། ཁ་པར་སླེབས་པ་དང་སྡུག་བསྔལ་རེད། ག་རེ་ཡིན་ནའང་སྡུག་བསྔལ་རེད། ང་ཚོས་འཁྲུད་ཁང་ནང་གཟུགས་པོ་བཀྲུ་ཆེད་འཛུལ་བ་དང་ “སྡུག་བསྔལ་རེད། དེ་ནི་རྫོགས་འགྲོ་རྒྱུ་རེད། དེ་ནས་རྗེས་མ་ཡང་བསྐྱར་བཀྲུ་དགོས་ཀྱི་ཡོད། དེ་ནི་ཉོབ་ཏོ་རེད།” དེ་འདྲའི་སྒོ་ནས་སྤྱིར་བཏང་མི་ཚེའི་ནང་བློའི་ཁྱེར་སོ་ངན་པ་ཞིག་སྐྱེད་རྒྱུ་ཧ་ཅང་ལས་སླ་པོ་ཡོད། ང་ཚོས་གང་ཉམས་སུ་མྱོང་བ་དང་དམིགས་བསལ་མི་གཞན་དག་ལ་བསལ་བློ་ངན་པ་འཁོར་རྒྱུ་ལས་སླ། ང་ཚོས་གློག་ཀླད་གསར་པ་ཞིག་ཉོས་ཏེ། “སྡུག་བསྔལ་རེད། དེ་ནི་ཆག་རྒྱུ་དང་འཕྲོ་བརླག་འགྲོ་རྒྱུ་རེད། དྲྭ་འབུ་ཞིག་འཛུལ་གྱི་རེད་” ཅེས་བསམ་དགོས། ང་ཚོས་གྲོགས་པོ་ཞིག་དང་ཐུག་པ་དང་། བསམ་བློ་དང་པོ་ནི་དུས་ཚོད་འདོད་བློ་མི་ཁེངས་གང་འདྲ་ཞིག་ཆགས་ཀྱི་རེད་ཅེས་བསམ་གྱི་ཡོད། ང་ཚོས་ཅི་གང་ལའང་སྐྱིད་པོ་གཏོང་མི་ཐུབ། དེ་ལྟ་བུའི་ཚང་མ་ཞེད་སྣང་ཚ་པོ་དང་གླེན་རྟགས་ལྟ་བུའི་བསམ་བློའི་ཁྱེར་སོ་ངན་པ་དེས་སེམས་ངལ་གྱི་གནས་སུ་ལྷུང་སྲིད།
ངེས་འབྱུང་དང་སྙིང་རྗེ་མཉམ་དུ་དགའ་བ་མཉམ་སྡེབ་བྱེད་པ།
བློའི་ཁྱེར་སོ་ངན་པ་དང་སེམས་ངལ་ཆགས་པའི་ཉེན་ཁར་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དམ། ཐབས་ཤེས་དེ་ “མི་ཚེའི་མཛེས་སྡུག་ལ་ལོངས་སུ་སྤྱོད་” ཅེས་བརྗོད་པ་ཙམ་དེ་ཡིན་ནམ། ང་ཚོ་འདིར་ཧ་ཅང་གཟབ་ནན་བྱེད་དགོས། མི་ཚེའི་ནང་དགའ་བདེར་ལོངས་སུ་སྤྱོད་རྒྱུ་དེ་མི་ཚེའི་སྡུག་བསྔལ་གྱི་རང་བཞིན་ལ་བྱིས་བློའི་བསམ་ཕྱོགས་འཛིན་པ་ཡིན་ནམ། དེ་ངེས་འབྱུང་དང་འགལ་བ་ཡིན་ནམ། ང་ཚོས་ “མི་ཚང་མ་སྡུག་བསྔལ་མྱོང་བཞིན་པ་ནི་དེ་འདྲ་སེམས་སྐྱོ་བ་ལ། དེ་ནི་ཞེད་སྣང་ཚ་བ་ལ་” ཞེས་བསམ་བཞིན་དུ་དེ་སྙིང་རྗེར་ཁ་བསྒྱུར་དགོས། དེ་ལྟ་བུའི་སེམས་སྡུག་དེ་དང་མི་ཞིག་མཐོང་བའི་དགའ་ཚོར་གཉིས་མཉམ་སྡེབ་བྱེད་པ་དེ་ “ང་རང་ཁྱེད་ཀྱི་སྡུག་བསྔལ་དང་མཉམ་དུ་སྐྱིད་པོ་འདུག་” ཅེས་པའི་དོན་ཡིན་ནམ། མ་ཡིན། དེ་འདྲ་རྩ་ནས་མིན། འོ་ན་ང་ཚོས་དགའ་བདེའི་ཚོར་སྣང་དེ་ངེས་འབྱུང་དང་སྙིང་རྗེ་མཉམ་དུ་ཇི་ལྟར་ཟུང་འབྲེལ་དང་མཉམ་སྡེབ་བྱེད་དམ།
ང་ཚོའི་མི་ཚེའི་ནང་དགའ་བ་འཚོལ་ཐབས་བྱེད་སྐབས། གཞན་དང་མཉམ་དུ་ཐུག་རྒྱུར་དགའ་པོ་བྱེད་དགོས་ཤིང་། ཁོང་ཚོའི་མི་ཚེའི་ནང་དགའ་བ་འཚོལ་དགོས། ང་ཚོས་ངེས་འབྱུང་དང་སྙིང་རྗེ་མྱོང་བའི་སྐབས་སུ་གང་ཞིག་དམིགས་པ་བྱེད་པ་དང་མི་འདྲ་བ་ཞིག་ལ་དམིགས་པ་བྱེད་ཀྱིན་ཡོད། ང་ཚོས་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་དང་། དེ་བཞིན་ང་ཚོའི་མི་ཚེས་སྦྱིན་ཐུབ་པའི་ཆོས་ཉམས་ལེན་གོང་མཐོར་གཏོང་ཆེད་གོ་སྐབས་བཟང་པོ་ཡོད་དོ་ཅོག་ལ་དགའ་པོའི་ངང་ནས་དམིགས་བཞིན་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་ནུས་པ་ང་ཚོ་ཚང་མར་ཡོད་པ་དང་། དེ་ནི་དགའ་བ་སྒོམ་དགོས་པ་ཞིག་ཡིན། དེ་ནི་དགའ་བདེའི་འབྱུང་ཁུངས་ཡིན། ང་ཚོས་སོ་སོ་དང་གཞན་གྱི་མི་ཚེའི་སྡུག་བསྔལ་གྱི་རང་བཞིན་ལ་དགའ་བདེའི་ངང་ནས་དམིགས་ཀྱིན་མེད།
དཔེར་ན། ངེས་འབྱུང་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་དང་སོ་སོའི་མི་ཚེ་ལ་བལྟས་ནས་སྡུག་བསྔལ་ཡོད་པ་ངོས་འཛིན་དང་ངོས་ལེན་བྱེད་དགོས། ང་ཚོ་སེམས་མི་སྐྱིད་པ་ཡོད་ནའང་སེམས་ངལ་ཆགས་ཀྱི་མེད་ལ་ག་རེ་ཡིན་ན་ཡིན་ཟེར་བའི་བསམ་ཕྱོགས་དེ་དང་ལེན་བྱེད་ཀྱི་མེད། དེ་ནི་དོན་ངོ་མར་རོགས་མེད་པ་དང་རེ་བ་མེད་པའི་ཚོར་བ་ཞིག་རེད། དེ་ལས་ལྡོག་སྟེ། ངེས་འབྱུང་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་སྤོང་ཐུབ་པའི་གདེང་སྤོབས་ཡོད་པ་དང་། བཟོད་མི་ཐུབ་པའི་གནས་སྟངས་ལ་ཐབས་ཤེས་ཤིག་བྱ་རྒྱུའི་ཆོད་སེམས་ཡོད་པ་དང་སེམས་ཐག་ཆོད་ཡོད། ང་ཚོས་གཅིག་བྱེད་དགོས་པ་དང་བྱེད་ཐུབ་པའི་གདེང་སྤོབས་ཡོད་པ་དང་བཅས་ཏེ་སྡུག་བསྔལ་སྤོང་དགོས། དེ་ལྟར་བསམ་བློ་གཏོང་བ་དེས་ང་ཚོར་བདེ་སྐྱིད་སྐྲུན་གྱི་ཡོད། རེད་དམ་མ་རེད།
ད་དུང་དགའ་བདེ་དང་ངེས་འབྱུང་ཡང་ན་སྙིང་རྗེ་གང་ཡིན་རུང་སེམས་ཀྱི་གནས་བབས་དེ་གཉིས་མཉམ་སྡེབ་བྱེད་ཐབས་དེ་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། དེ་གཉིས་དུས་གཅིག་ཏུ་འབྱུང་གི་ཡོད་དམ། དེ་གཉིས་གཅིག་གིས་གཞན་དེའི་རྨང་གཞི་བྱེད་དམ། གཏོང་ལེན་སྐབས་ཀྱི་སྡུག་བསྔལ་དང་ལེན་དང་བདེ་བ་སྦྱིན་པའི་ཉམས་ལེན་ནང་བཞིན་རེས་མོས་བྱེད་དམ། ངེས་འབྱུང་བཅོས་མིན་ཡོད་ཀྱང་། དེ་སེམས་ཀྱི་གནས་བབས་ངན་པ་སྟེ། ཚང་མ་གླེན་པ་དང་རིན་ཐང་མེད་པ། དེ་བཞིན་སེམས་ངལ་ཡོད་པའི་ཚོར་བ་དང་བྲལ་བའི་ཐོག་རང་སོ་སོའི་ཉིན་རེའི་མི་ཚེའི་ནང་ཇི་ལྟར་མཉམ་སྡེབ་བྱེད་དམ། ངེས་འབྱུང་ངམ་ཡང་ན་སྙིང་རྗེ་དང་དགའ་བདེ་ལ་བརྟེན་ནས་ང་ཚོས་སོ་སོ་དང་གཞན་གྱི་མི་ཚེར་དེ་དག་གི་རྣམ་པ་མི་འདྲ་བ་གཉིས་ཀྱི་ལྟ་ཚུལ་ཐོག་བལྟ་གི་ཡོད་པ་ལྟར་སྣང་གི་འདུག །འོན་ཀྱང་ངའི་བསམ་པར། ང་ཚོ་མི་རེ་ངོ་རེས་དེ་སོ་སོ་རང་ཉིད་ཀྱི་ཆེད་དུ་བརྟག་དཔྱད་བྱེད་དགོས་ཀྱི་འདུག
ངེས་འབྱུང་ཡོད་ཟེར་དུས་གཞན་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་སྤོང་བའི་དོན་མིན།
འཇིག་རྟེན་འདི་སྣང་གི་དངོས་པོར་མི་ཆགས་པའི་ཕྱིར། ང་ཚོས་ངེས་འབྱུང་སྐྱེད་པར་ལམ་ལྷོང་བྱུང་བའི་དབང་དུ་བཏང་བ་དང་། དེ་ནས་ང་ཚོས་འཇིག་རྟེན་འདི་སྣང་གི་འབྲེལ་ལམ་གང་འདྲ་ཞིག་གི་ནང་ཡོད་རུང་དེས་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད། དེར་བརྟེན་རང་ཉིད་རབ་ཏུ་བྱུང་ནས་དགོན་པར་གནས་པའི་གྲྭ་བཙུན་གྱི་འཚོ་བ་བསྐྱལ་རྒྱུའི་ཐག་བཅད་པའི་དབང་ཏུ་བཏང་ནའང་། ང་ཚོས་གཟབ་ནན་བྱེད་དགོས་ངེས་ཤིག་ནི། སྤྱིར་བཏང་ང་ཚོས་མི་རྣམས་ལ་ཞེ་ལོག་སྐྱེ་མི་ཉན། གང་ཡིན་ཞེ་ན། དེས་གཞན་ལ་སྙིང་རྗེའི་ཚོར་བ་སྦྱིན་པར་འགོག་རྐྱེན་ཆེན་པོ་ཞིག་ཆགས་ཀྱི་ཡོད། ང་ཚོས་ “ཁྱོད་ནི་དཀའ་ངལ་ཞིག་རེད་འདུག་” ཅེས་དེ་འདྲ་རང་བསམས་ནས་བསྡད་སྲིད། དེས་གཞན་སུ་གཅིག་དང་མཉམ་དུ་འབྲེལ་བ་བྱེད་འདོད་མེད་པའི་གོམས་གཤིས་ཤིག་སྐྲུན་གྱི་ཡོད། གལ་ཏེ་ང་ཚོ་མི་སྙིང་རྗེ་ཅན་ཞིག་ཆགས་རྒྱུ་ཡིན་ན། གཞན་དང་མཉམ་དུ་འབྲེལ་བ་བྱེད་དགོས་ཤིང་། གལ་ཏེ་ཁོང་ཚོར་དགོས་ངེས་འདུག་ན། རོགས་པ་བྱེད་ཐབས་བྱེད་དགོས།
དེ་ནས་ངེས་འབྱུང་སྐྱེད་པའི་སྐབས་གཞན་གྱི་ཕྱོགས་སུ་ཞེ་སྡང་བྱེད་པ་ནི་དཀའ་ངལ་ཆེ་ཤོས་གཅིག་ཆགས་ཀྱི་ཡོད། ང་ཚོས་མི་ཞིག་དང་ཐུག་པའི་སྐབས། ང་ཚོས་ “མི་འདི་ནི་དཀའ་ངལ་ཅན་ཞིག་ཆགས་རྒྱུ་རེད། མི་འདི་དང་མཉམ་དུ་འབྲེལ་བ་བྱེད་པ་ནི་རང་ཉིད་ལ་སྡུག་བསྔལ་དང་དཀའ་ངལ་ཡོང་གི་རེད། མི་འདིས་ངའི་བསླབ་བྱར་མི་ཉན་ཐག་ཆོད་རེད། མི་འདིས་ང་ལ་དུས་ཚོད་དཀའ་མོ་ཞིག་སྤྲོད་ཀྱི་རེད་” ཅེས་ལ་སོགས་པ་བསམ་སྲིད། འདི་ནི་ང་ཚོས་སྤོང་རྒྱུ་འབད་བརྩོན་བྱེད་དགོས་པ་ཞིག་ཡིན།
ང་ཚོས་ངེས་འབྱུང་སྐྱེད་པའི་སྐབས། སོ་སོའི་སྡུག་བསྔལ་ལ་ལྟ་ཚུལ་གཉིས་ཀྱི་སྒོ་ནས་བལྟ་དགོས། ཐོག་མར་སོ་སོའི་སྡུག་བསྔལ་དེ་བཟོད་མི་ཐུབ་པར་བལྟས་ཏེ། དེ་ལས་ཐར་བའི་ཆོད་སེམས་ཡོད་དགོས། གཞན་ཡང་ང་ཚོས་རང་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་ངོས་འཛིན་བྱེད་དགོས། དེ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བ་དང་ཐར་པ་འཐོབ་པ། ཐ་ན་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་གཞི་རྩའི་ནུས་པ་ཞིག་ཡིན། སྡུག་བསྔལ་ཐམས་ཅད་ལས་ཐར་བའི་ནུས་པ་ངོས་འཛིན་བྱེད་པ་དེས་མི་ཚེའི་ནང་དགའ་བདེའི་ཚོར་བ་མྱོང་བ་དེར་དགག་པ་རྒྱག་གི་མེད། དེ་ལས་ལྡོག་སྟེ། དེས་ང་ཚོ་དགའ་བདེའི་ཚོར་བས་ཁེངས་པར་བྱེད་ཀྱི་ཡོད། དགའ་བདེ་འདི་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་ཏེ་ངེས་འབྱུང་དང་འགལ་གྱི་མེད། དོན་ངོ་མར་དགའ་བདེ་འདིས་ངེས་འབྱུང་ལ་ཁ་སྣོན་རྒྱབ་རྟེན་བྱེད་ཀྱི་ཡོད། བྱས་ཙང་། “ག་རེ་ཡིན་ན་ཡིན་” ཟེར་བའི་ཚོར་མེད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་རང་ཉིད་དང་རང་ཉིད་སྡུག་བསྔལ་ལས་ཐར་བར་སྣང་མེད་མི་གཏོང་བར། རང་གིས་རང་ལ་གཅེས་སྐྱོང་ཆེན་པོ་བྱེད་པའམ་སྙིང་རྗེ་བྱེད་དགོས།
གཞན་ཐམས་ཅད་ཀྱི་ཆེད་དུ་སྙིང་རྗེ་སྐྱེད་པར་ང་ཚོས་ཐབས་ཚུལ་འདི་གཅིག་པ་བེད་སྤྱོད་བྱེད་ཆོག །ང་ཚོས་སེམས་ཅན་དེ་དག་ཀྱང་སྡུག་བསྔལ་ལས་འབྲལ་བའི་ཡིད་སྨོན་བྱེད་པ་དང་། ཁོང་ཚོའི་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་ལ་གཞི་རྩར་བཞག་སྟེ་ཁོང་ཚོས་ཀྱང་སྡུག་བསྔལ་ལས་ཐར་བ་བྱེད་ཐུབ་ཅེས་དགའ་བ་སྒོམ་དགོས། དེ་ནས་ང་ཚོས་དངོས་ཡོད་དང་མཐུན་པའི་ཐབས་ཚུལ་ལ་བརྟེན་ནས་ཁོང་ཚོར་རོགས་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོའི་འདོད་པ་ལ་ཁོང་ཚོའི་སྡུག་བསྔལ་མེད་པ་ཆགས་ན་བསམ་གྱི་ཡོད། འོན་ཀྱང་ང་ཚོས་སྡུག་བསྔལ་མྱོང་བཞིན་པའི་མི་རྣམས་ལ་སེམས་འཁུར་ཡོད་པ་དང་། མི་དེ་དག་དང་བྲལ་ན་བསམ་པའི་འདོད་པ་མེད།
ང་ཚོས་ཐབས་ཚུལ་འདི་ཐོག་མར་སོ་སོ་རང་ཉིད་ཀྱི་སྟེང་ལ་བེད་སྤྱོད་བྱེད་དགོས། དེ་ཡང་། “ང་རང་སྡུག་བསྔལ་དང་འབྲལ་འདོད་འདུག །ཡིན་ནའང་རང་གིས་རང་ལ་མེད་པ་བཟོ་འདོད་ཡོད་པའི་དོན་མིན། ངའི་ངོས་ལེན་མེད་པའི་བསམ་ཕྱོགས་ངན་པ་འདི་སྡུག་བསྔལ་ལ་དམིགས་ཡོད་པ་ལས་ང་ལྟ་བུ་གང་ཟག་ལ་དམིགས་མེད་” ཅེས་ཟེར་བ་ལྟ་བུའོ། །“ངའི་སྡུག་བསྔལ་མེད་པ་བཟོ་ཕྱིར། རང་གིས་རང་སྲོག་གཅོད་ཀྱི་ཡིན་” ཞེས་བསམས་ནས་དེ་གཉིས་ལ་མགོ་འཐོམ་ཡག་ལས་སླ་པོ་ཡོད། ཁྱད་པར་འདི་སོ་སོ་རང་ཉིད་ལ་ལྟོས་ནས་གསལ་པོ་ཆགས་པའི་སྐབས། དེ་ནས་ང་ཚོས་དེ་དང་གཅིག་པ་སྙིང་རྗེའི་སྒོ་ནས་ “ཁྱེད་ཀྱི་སྡུག་བསྔལ་མེད་པ་ཆགས་ན་བསམ་པའི་འདོད་པ་ཡོད། འོན་ཀྱང་ངའམ་ཁྱེད་མེད་པ་ཆགས་ན་བསམ་པའི་འདོད་པ་མེད་” ཅེས་བསམ་བློ་གཏོང་ཆོག
ཁྱད་པར་འདི་བཟོ་རྒྱུ་ལས་སླ་པོ་ཞིག་མེད། དེ་ག་ནང་བཞིན་ངེས་འབྱུང་ལོག་པ་སྐྱེད་པ་འདི་སྤོང་རྒྱུའང་ལས་སླ་པོ་ཞིག་མེད། ངེས་འབྱུང་ལོག་པ་འདིས་གཞན་ལ་བརྟེན་ནས་ཞེན་ལོག་སྐྱེ་འཇུག་པ་དང་། “ང་རང་གཅིག་པུ་སྡོད་འཇུག་རོགས། ང་རང་གི་བྲག་ཕུ་དང་དགོན་པར་ཕྱིན་ནས་སྒོམ་རྒྱག་འདོད་འདུག་” ཅེས་བསམ་བློ་བཏང་ནས་གཞན་སུ་གཅིག་ལའང་འབྲེལ་འདྲིས་བྱ་རྒྱུ་སྤོང་གི་ཡོད། ཐ་ན་ང་ཚོའི་ཉོན་མོངས་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ལ་བརྟེན་ནས་གཞན་ལ་ཕན་འདོགས་རྒྱུ་ནུས་པ་ལ་འགོག་རྐྱེན་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་། ཉོན་མོངས་དེ་དག་སྤོང་ཕྱིར་དབེན་པའི་གནས་སུ་སྒོམ་སྒྲུབ་བྱེད་དགོས་ཀྱང་། ད་དུང་ཡང་ང་ཚོས་གཞན་གྱི་ཕྱོགས་དང་རང་གི་ཕྱོགས་སུ་སྙིང་རྗེ་མེད་པའི་བསམ་ཕྱོགས་ངན་པ་འཛིན་རྒྱུ་སྤོང་དགོས།
གང་ཟག་དང་གང་ཟག་དེས་མྱོང་བའི་སྡུག་བསྔལ་དབར་གྱི་འབྲེལ་བ།
བསམ་ཕྱོགས་ངན་པའམ་མི་དགེ་བའི་བསམ་བློ་སྐྱེད་རྒྱུའི་དཀའ་ངལ་འདི་ང་ཚོས་ཇི་ལྟར་སྤོང་དགོས་སམ། འདི་ལ་ང་ཚོས་ཆོས་ཡངས་པ་ཞེས་པའི་མཚམས་ལས་བརྒལ་ནས་འགྲོ་དགོས་པ་དང་། ཆོས་ངོ་མའི་ཐབས་ཚུལ་གྱི་སྒོ་ནས་དཔྱད་པ་བྱེད་དགོས། ཆོས་ཡངས་པས་ཚེ་འདི་ཁོ་ནར་སེམས་འཁུར་ཡོད་པར་གཞི་བཅོལ་ཏེ་ཐབས་ལམ་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ཆོས་ངོ་མ་ནི་སྐྱེ་བ་སྔ་ཕྱི་ཁས་ལེན་པར་གཞི་བཅོལ་ཡོད།
མི་ཚེ་གཅིག་ནི་ང་ཚོའི་མི་ཚེའི་ནང་གི་དུས་ཡུན་ཚང་མའི་རྒྱུན་གྱི་སྟེང་ལ་མིང་བཏགས་ཡོད། ང་ཚོའི་མི་ཚེ་ནི་དུས་ཡུན་སྐད་གཅིག་གང་རུང་དང་གཅིག་པ་མིན་ལ། སྐད་ཅིག་དེ་དག་གང་རུང་ལས་ལོགས་སུ་གཞན་ལ་ལྟོས་མེད་ཀྱིས་འབྱུང་བའང་མ་ཡིན། དེར་མ་ཟད། ང་ཚོས་མི་ཚེ་འདི་སྐད་ཅིག་ཚང་མ་བསྡོམས་པ་དང་གཅིག་པ་ཡིན་ཞེས་ཀྱང་བརྗོད་མི་ཐུབ། གང་ཡིན་ཞེ་ན། ང་ཚོའི་མི་ཚེའི་ནང་གི་སྐད་ཅིག་ཚང་མ་དུས་གཅིག་གི་ནང་འབྱུང་གི་མེད། དཔེར་ན། ང་ཚོ་དར་མ་ཆགས་ཟིན་པ་དང་བྱིས་པའི་དུས་ཡུན་མི་འབྱུང་བ་ལྟ་བུ་རེད། དེར་བརྟེན་ང་ཚོའི་མི་ཚེ་ནི་སྐད་ཅིག་དེ་དག་གི་རྒྱུན་ལ་མིང་དུ་བཏགས་པ་ཙམ་ཡིན།
ཆོས་ངོ་མ་ལྟར་བྱས་ན། གང་ཟག་རྣམས་ཀྱང་རང་སོ་སོའི་སེམས་ཀྱི་རྒྱུན་ལ་བཏགས་པ་ཙམ་ཡིན། འོན་ཀྱང་གདག་གཞི་སེམས་ཀྱི་རྒྱུན་དེ་ཚེ་འདི་ཁོ་ན་ཙམ་དུ་གནས་པ་མ་ཡིན། དེ་ནི་ཐོག་མ་དང་མཐའ་མ་མེད་པར་གནས་ཀྱི་ཡོད། དེ་ག་ནང་བཞིན་གང་ཟག་རྣམས་ཀྱང་གདག་གཞིའི་སེམས་རྒྱུན་གྱི་སྐད་ཅིག་གང་རུང་གཅིག་གཅིག་མཚུངས་མིན་ལ། སེམས་རྒྱུན་དེ་ལས་ལོགས་སུ་ལྟོས་མེད་ཀྱིས་གྲུབ་པའམ། ཡང་ན་སེམས་རྒྱུན་དེ་ཚང་མ་དུས་གཅིག་ལ་འབྱུང་གི་ཡོད་པ་ལྟར། གདག་གཞི་གང་ཟག་དེ་སེམས་རྒྱུན་དེ་ཚང་མ་དང་གཅིག་མཚུངས་ཀྱང་མ་ཡིན།
གང་ཟག་གང་ཞིག་གདག་གཞིའི་སེམས་རྒྱུན་གྱི་ཁྱད་ཆོས་གང་རུང་དང་འབྲེལ་བའི་བརྟག་དཔྱད་གཅིག་མཚུངས་ཤིག་བདེན་པ་ཆགས་ཡོད། ངེས་འབྱུང་དང་སྙིང་རྗེ་ལ་གཞིགས་ན། སེམས་རྒྱུན་གྱི་ཁྱད་ཆོས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད། གང་ཟག་ཡོད་པ་དང་སྡུག་བསྔལ་མྱོང་གི་ཡོད་ཀྱང་། དེ་དག་གདག་གཞི་སེམས་རྒྱུན་ལ་བརྟེན་ནས་འབྱུང་བའི་སྡུག་བསྔལ་གྱི་གནས་སྟངས་བྱེ་བྲག་པ་ཞིག་དང་གཅིག་མཚུངས་མིན་ལ། ཐོག་མ་མེད་པ་ནས་སེམས་རྒྱུན་དུ་བྱུང་དང་འབྱུང་བཞིན་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གཅིག་མཚུངས་ཀྱང་མིན། ང་ཚོས་བདེན་དོན་དེ་རྟོགས་དུས་ “བདག་” ཅེས་པའམ་གཞན་སུ་འདྲ་ཞིག་གིས་སྡུག་བསྔལ་མྱོང་བ་དེ་ངོས་འཛིན་གྱི་མེད། བདག་གམ་ཁྱོད་ཟེར་བ་དེ་སྡུག་བསྔལ་དང་། དེ་དག་གཅིག་མཚུངས་རེད་བསམ་པ་ལ་མ་རྨོངས་པའི་རྒྱུ་མཚན་གྱིས་ང་ཚོར་སྡུག་བསྔལ་དེ་མེད་པ་ཆགས་འདོད་ཡོད་སྐབས། ང་ཚོས་བདག་གམ་ཁྱོད་ཀྱང་མེད་པ་ཆགས་འདོད་མེད།
དེ་འདྲའི་ཐོག་ང་ཚོར་རང་གཞན་གྱི་བདག་ཅེས་པ་ལ་ལྟ་ཚུལ་ཁ་གསལ་པོ་ཞིག་ཡོང་གི་ཡོད། སྡུག་བསྔལ་དང་དེའི་རྒྱུ་ནི་ང་ཚོའི་སེམས་ཀྱི་རྒྱུན་ལས་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་ཐུབ། འོན་ཀྱང་སྡུག་བསྔལ་མྱོང་མཁན་གྱི་གང་ཟག་ནི་ནམ་ཡང་མེད་པ་བཟོ་མི་ཐུབ། སེམས་ཀྱི་རྒྱུན་ལ་མཐའ་མེད་པ་བཞིན་དེའི་སྟེང་ལ་བཏགས་པའི་གང་ཟག་སྟེ། བདག་རེ་རེ་ལ་མཐའ་མེད་པ་ཡིན།
གལ་ཏེ་ང་ཚོས་ལྷན་སྐྱེས་ཀྱི་དག་པའི་སེམས་རྒྱུན་དེ་རྟོགས་ན། སྡུག་བསྔལ་རྒྱུ་དང་བཅས་པ་ཚང་མ་རྩད་ནས་སྤོང་ཐུབ། ང་ཚོས་ད་དུང་གཟབ་ནན་བྱེད་དགོས་པ་ཞིག་ནི། བདག་ཅེས་བྱ་བ་དེ་དང་དག་པའི་རང་བཞིན་གྱི་སེམས་རྒྱུན་གཉིས་ངོས་འཛིན་མ་ནོར་བ་བྱེད་དགོས། དེ་མིན་ང་ཚོ་སྡུག་བསྔལ་གྱི་ཐད་རྨོངས་ནས་དེ་མེད་པ་བཟོ་རྒྱུར་དོ་གལ་མི་བྱེད་པ་ཡིན། གང་ཡིན་ཟེར་ན། ང་ཚོས་སྡུག་བསྔལ་དོན་ངོ་མར་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད།
གཏོང་ལེན་ཉམས་ལེན་ནང་གི་སྡུག་བསྔལ་དང་དུ་ལེན་པ་ནས་བདེ་བ་གཏོང་བའི་བར་འཕོ་འགྱུར་གྱི་གནས་སྐབས་སྐྲུན་པ།
ང་ཚོས་གཞན་གྱི་སྡུག་བསྔལ་ལམ་ཡང་ན་རང་གི་སྡུག་བསྔལ་ལ་བསམ་བློ་གཏོང་དུས་སེམས་སྐྱོ་པོ་ཡོད། ང་ཚོའམ་མི་གཞན་ཞིག་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་ལ་ང་ཚོས་དགའ་པོ་ཚོར་གྱི་མེད་ཤག་རེད། ང་ཚོས་དེ་ལྟར་སྡུག་བསྔལ་མྱོང་བཞིན་པར་སྙིང་རྗེ་སྐྱེ་གི་ཡོད། གཏོང་ལེན་སྐབས་སུ་ང་ཚོས་གཞན་གྱི་སྡུག་བསྔལ་ལམ་ཡང་ན་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་ལ་དམིགས་ནས་དེའི་ཐད་རང་བཞིན་གྱིས་སེམས་མི་སྐྱིད་པ་ཡོང་གི་ཡོད། སྡུག་བསྔལ་དེ་རྫུས་མ་ཡིན་པ་དང་རང་ལ་དེ་སྔ་གནོད་མེད་པ་ལྟ་བུའི་ཚོར་བ་ཅི་གང་མེད་པ་དེ་འདྲ་མ་རེད། ང་ཚོས་སྡུག་བསྔལ་རང་གིས་དང་ལེན་བྱེད་པར་བསམ་བློ་གཏོང་སྐབས། དགའ་བཞིན་སྤྲོ་བཞིན་དུ་སྡུག་བསྔལ་དེ་རང་གིས་མྱོང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད། དེ་ནས་ང་ཚོས་གཞན་ལ་རང་གི་བྱམས་བརྩེ་སྟེར་བའི་སྒོ་ནས་བདེ་སྐྱིད་འབྱུང་བར་ཤོག་ཅེས་པའི་ཡིད་སྨོན་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་རང་ཐོག་ཏུ་ཁས་ལེན་བྱས་པའི་སྡུག་བསྔལ་གྱི་ཚོར་བ་དེ་གཞན་ཕྱོགས་སུ་གཏོང་བའི་བདེ་སྐྱིད་ཀྱི་ཚོར་བ་ལ་ཁ་ཕྱོགས་བསྒྱུར་དགོས།
སེམས་མི་སྐྱིད་པ་ནས་སེམས་སྐྱིད་པའི་ཚོར་བའི་བར་གི་འཕོ་འགྱུར་བྱེད་ཚུལ་འདི་གཏོང་ལེན་ཉམས་ལེན་གྱི་ནང་མི་མང་པོ་ཞིག་ལ་འགོག་རྐྱེན་ཆགས་ཀྱི་ཡོད། ང་ཚོས་གློ་བུར་དུ་སྐྱོ་བའི་ཚོར་བ་དེ་སྐྱིད་པའི་ཚོར་བར་ཇི་ལྟར་འགྱུར་བ་གཏོང་ངམ། གང་ལྟར་ཚོར་བ་འདི་གཉིས་ནི་ཕན་ཚུན་འགལ་བ་ཡིན། ངེས་འབྱུང་ལ་བརྟེན་ནས་སྡུག་བསྔལ་ལ་དམིགས་པ་དང་། སེམས་ངལ་མེད་པའི་ཐོག་མི་ཚེའི་དགའ་བདེ་དང་ཐར་པ་འཐོབ་རུང་གི་གོ་སྐབས་མྱོང་ཐུབ་པའི་སྐོར་བཤད་པའི་སྐབས། ང་ཚོས་གནད་དོན་འདི་དང་གཅིག་པ་ཞིག་མཐོང་ཡོད། འདིར་ཡང་གནད་དོན་རིགས་གཅིག་པ་རེད།
སེམས་མི་སྐྱིད་པ་དང་སྐྱིད་པ་གཉིས་ཆ་སྙོམས་བཟོ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་ཡིན་པ་དེ་སོ་སོའི་སྤུན་མཆེད་དམ་གྲོགས་པོ་ནད་པ་ཞིག་ཐུག་འཕྲད་དུ་འགྲོ་སྐབས་ཀྱི་དཔེ་མཚོན་ལ་བསམས་ན་ང་ཚོས་ཤེས་ཐུབ། མི་དེ་ནད་ཀྱི་མནར་བཞིན་པ་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་དང་སེམས་སྐྱོ་གི་ཡོད། འོན་ཀྱང་གལ་ཏེ་སོ་སོའི་གཉེན་ཉེ་འདུ་ཞིག་དང་དངོ་སུ་ཐུག་འཕྲད་བྱེད་སྐབས། ང་ཚོ་སེམས་སྡུག་དང་སྐྱིད་པོ་མེད་པར་གནས་ཀྱི་ཡོད། དེས་མི་དེ་ལ་ཕན་ཐོགས་རྩ་བ་ནས་མེད། ང་ཚོའི་གཉེན་ཉེ་འདུའམ་གྲོགས་པོ་ནད་པ་དེ་ལ་སྤྲོ་བ་སྤེལ་དགོས། ཡིན་ནའང་ང་ཚོས་གནས་སྟངས་དེ་འདྲའི་ནང་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཇི་ལྟར་སྐྱེད་དམ། དེ་བཅོས་མ་ཙམ་ཞིག་ཡིན་ནམ། ང་ཚོའི་སེམས་ནང་ཞེད་སྣང་ཚ་པོ་ཚོར་བཞིན་དུ་གདོང་པར་འཛུམ་མདངས་ཆེན་པོ་ཞིག་སྟོན་གྱི་ཡོད་དམ།
འདིར་སེམས་སྐྱིད་པོ་ནས་མི་སྐྱིད་པའི་བར་འཕོ་འགྱུར་རྣམ་པར་དག་པ་ཞིག་ཡོང་བར། ང་ཚོས་གང་ལ་གང་འཚམས་ཀྱི་ཚད་མཐོ་བའི་ཕྱག་རྒྱ་ཆེན་པོའི་ཆོས་རྣམས་ལག་བསྟར་བྱེད་ན་ཆོག །ཐོག་མར་ང་ཚོས་གཞན་ནམ་རང་གི་སྡུག་བསྔལ་དང་དུ་ལེན་པའི་སྐབས། ང་ཚོས་དྭང་བླངས་ཀྱིས་སྡུག་བསྔལ་ངོས་ལེན་བྱེད་ཀྱི་ཡོད། ང་ཚོས་འདི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བྱེད་སྐབས། དེས་ང་ཚོར་རང་གིས་རང་ལ་གདེང་སྤོབས་དང་ནུས་ཤུགས་ཤིག་སྦྱིན་གྱི་ཡོད། ང་ཚོར་ “སྡུག་མྱོང་མཁན་གྱི་བློའི་ཁྱེར་སོ་” སྟེ། ང་ཐབས་སྡུག་པ་ལ། ང་སྡུག་གིས་མནར་གྱིན་འདུག་ཟེར་བ་དེ་མེད།
ཕྱག་རྒྱ་ཆེན་པོའི་ཐབས་ལ་བརྟེན་ནས་སྡུག་བསྔལ་དང་མཉམ་དུ་ཚོར་བའི་སེམས་མི་སྐྱིད་པ་དེ་སེམས་ཀྱི་རྒྱ་མཚོའི་སྟེང་གི་རྦ་རླབས་ལྟ་བུར་བརྩི་དགོས། ང་ཚོས་དྭང་བླངས་ཀྱིས་ངོས་ལེན་བྱས་ནས་ཐོབ་པའི་ནང་སེམས་ཀྱི་ནུས་ཤུགས་ལ་བརྟེན་ནས་རྦ་རླབས་ཀྱིས་ང་ཚོ་སེམས་ཚོར་གྱི་ཆ་ནས་ཅི་དགར་གཡབ་གཡུག་མི་བྱེད། ང་ཚོས་མྱོང་བའི་སྐྱོ་བའི་རྦ་རླབས་དེ་ལྷིང་འཇགས་སུ་འགྱུར་འཇུག་གི་ཡོད། དེ་རང་བཞིན་གྱིས་ལྷིང་འཇགས་ཆགས་པའི་རྗེས་ང་ཚོས་ལྷན་སྐྱེས་ཁུ་སིམ་གྱི་སེམས་ཀྱི་དགའ་བདེ་ཚོར་ཐུབ། དེ་ཡང་རང་བཞིན་གྱིས་ང་ཚོའི་སེམས་ནས་ཤར་ཞིང་། དེ་ནི་ང་ཚོས་གཞན་ལ་སྦྱིན་རྒྱུ་དང་རང་ངོས་ནས་གཏོང་ལེན་དང་མཉམ་དུ་ཉམས་སུ་མྱོང་རྒྱུ་དེ་རེད།
སེམས་ཀྱི་རང་བཞིན་དགའ་བདེ་ལ་དཀྲོག་རྐྱེན་གང་ཡང་མེད། ང་ཚོས་ “ཁྱོད་རང་ནད་པ་རེད་འདུག །ངོ་ཚ་བ་ལ། ང་ཁྱོད་ལ་སྙིང་རྗེ་གི་འདུག །ཡིན་ནའང་ང་རང་མི་ཚེའི་ནང་སྐྱིད་པོ་འདུག །ང་རང་ལ་ཚང་མ་ཡག་པོ་འགྲོ་བཞིན་ཡོད་” ཅེས་ཟེར་ནས་སོ་སོའི་བདེ་སྐྱིད་དེ་ངོམ་སོ་བྱེད་པའམ་ཁྱབ་བསྒྲགས་བྱ་རྒྱུ་མེད། ང་ཚོའི་ཞི་འཇམ་དང་ལྷན་སྐྱེས་ཀྱི་དགའ་བདེས་རང་གཞན་གཉིས་ཀར་ཞི་བདེ་བག་ཕེབས་དང་བདེ་ཉམས་སྟེར་གྱི་ཡོད།
ངེས་འབྱུང་དང་སྙིང་རྗེ་གཉིས་སྐྲུན་སའི་རྨང་གཞི།
ང་ཚོས་གཏམ་བཤད་འགོ་བཙུགས་དུས་སྙིང་རྗེ་ལྟ་བུའི་སེམས་ཀྱི་གནས་བབས་ཤིག་སྐྱེད་པར་ཐོག་མར་དེ་གང་གི་སྟེང་དུ་སྨང་གཞི་བྱས་ཡོད་པའི་སྐོར་ལ་རྗེ་ཙོང་ཁ་པ་ཆེན་པོས་འགྲེལ་བརྗོད་གནང་ཡོད་ཅེས་ངས་བཤད་ཡིན། སྙིང་རྗེ་ནི་ཐོག་མར་ངེས་འབྱུང་ཡང་དག་པ་ཞིག་བསྐྱེད་པ་ལ་རྨང་གཞི་བྱས་ནས་བསྐྲུན་ཡོད། ངེས་འབྱུང་ལ་བརྟེན་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བར་སྐྱེ་བར་བྱེད་པའི་ཉོན་མོངས་དང་འབྲལ་འདོད་ཀྱི་ཆོད་སེམས་བརྟན་པོ་ཡོད་པ་དང་། ང་ཚོས་དེ་དག་སྤོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།
དེའི་རྗེས་སུ་སྙིང་རྗེའི་རྨང་གཞི་སྐྲུན་པར། ངེས་འབྱུང་གཞི་ལ་བཞག་སྟེ་བཏང་སྙོམས་སྐྱེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོའི་ཉོན་མོངས་སྤོང་ཕྱིར་འབད་བརྩོན་བྱེད་པ་ལ་གཞི་བཞག་ཡོད། བཏང་སྙོམས་ལ་བརྟེན་ནས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་ལ་སོགས་པའི་ཉོན་མོངས་དང་བྲལ་བའི་སྒོ་ནས་གུ་ཡངས་དང་བཅས་ང་ཚོས་སེམས་ཅན་ཐམས་ཅད་ལ་དམིགས་ཀྱི་ཡོད། སེམས་ཅན་རེ་རེ་བཞིན་སེམས་ཀྱི་རྒྱུན་ཐོག་མ་དང་མཐའ་མ་མེད་པའི་སྟེང་ལ་བཏགས་པ་ཙམ་ཡིན་པ་གཅིག་མཚུངས་ཡིན་སྟབས། ང་ཚོས་སེམས་ཅན་ཐམས་ཅད་ལ་མཉམ་པར་འཛིན་དགོས། གང་ཡིན་ཟེར་ན། དུས་ཐོག་མ་མེད་པ་ནས་ང་ཚོས་སེམས་ཅན་གྱི་རིགས་ཚང་མ་དང་མཉམ་དུ་འབྲེལ་བའི་རིགས་ཚང་མ་བྱས་ཤིང་། དེ་དག་དང་མཉམ་དུ་དུས་ཚོད་གང་རུང་གཅིག་ལ་གྲོགས་པོ་དང་། དགྲ་བོ། ཡང་ན་རྒྱུས་མེད་ཀྱི་མི་སུ་འདྲ་ཞིག་དང་འབྲེལ་བའི་རིགས་གང་འདྲ་ཞིག་བྱས་ཡོད་སྲིད་པ་དེ་ངོས་འཛིན་བྱེད་ཀྱི་མེད། བྱས་ཙང་། འདོད་ཆགས་དང་། ཞེ་སྡང་། གཏི་མུག་སྐྱེ་དགོས་པའི་གཞི་མེད་པ་རེད།
སེམས་ཅན་ཡོད་དོ་ཅོག་དུས་ཚོད་ཅིག་ལ་ང་ཚོའི་དགྲ་བོ་དང་ཐ་ན་ང་ཚོ་གསོད་མཁན་དེ་ཡང་བྱས་མྱོང་ཡོད་པའི་དུས་ཚོད་ལ་དམིགས་པས་ཕན་ཐོགས་གང་ཡང་མེད། དེ་ལས་ང་ཚོས་སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱས་མྱོང་བའམ་ཡང་ན་རང་ལ་ལྟ་སྐྱོང་བྱེད་མཁན་གཙོ་བོ་སུ་འདྲ་ཞིག་ཡིན་ནའང་། དེའི་བརྩེ་བ་དང་ཁོང་ཚོས་བསྐྱངས་པའི་བཀའ་དྲིན་ལ་བསམ་བློ་བཏང་ནས་དམིགས་ན་ཕན་ཡོན་ཆེ་བ་ཡོད། ཐ་ན་ཚེ་འདིའི་ཨ་མས་རང་ཉིད་ལ་ཁ་རྡུང་གཏོང་བ་དང་སྡུག་ཅག་བྱེད་ཀྱི་ཡོད་ནའང་། མ་མཐར་ཡང་ཨ་མས་རང་ཉིད་མངལ་ཤོར་དུ་མ་བཅུག་པར་གསོ་སྐྱོང་བྱས་ཡོད་པས། བཀའ་དྲིན་དེ་དྲན་དགོས། རང་གི་ཨ་མའམ་ཡང་ན་དེང་སང་གི་མ་ཚབ་རྣམས་ཀྱང་ཕལ་ཆེར་ང་ཚོར་དམིགས་བསལ་བཀའ་དྲིན་ཆེན་པོ་ཡིན། གང་ཡིན་ཞེ་ན། ཁོང་ཚོས་ང་ཚོ་མངལ་དུ་ཁྱེར་ཡོད།
དེའི་རྗེས་སུ་རིམ་པ་འདི་ནམ་རྒྱུན་དྲིན་གསོ་བ་ཞེས་པ་དེ་རེད། དེ་ལ་ཨིན་སྐད་དུ་ Repaying kindness ཞེས་བསྒྱུར་ཡོད། ངའི་བསམ་པར། ཨིན་ཚིག་ Repay ཞེས་བསྒྱུར་བ་དེས་གོ་བ་ནོར་བ་སྦྱིན་གྱི་ཡོད། གང་ཡིན་ཟེར་ན། Repay ཟེར་དུས་ཚོང་འབྲེལ་སྐབས་ཀྱི་བུ་ལོན་ནམ་གུན་གསབ་ལ་གོ་ཞིང་། གལ་ཏེ་ང་ཚོས་བུ་ལོན་དེ་མ་སྤྲད་ན། ང་ཚོ་ནག་ཉེས་ཅན་ཡིན། དེ་ལྟ་བུའི་དམ་བཅའི་ཚོར་བའམ་ནག་ཉེས་ཀྱི་ཚོར་བ་ལས་ལྡོག་སྟེ། སྐབས་འདིར་དྲིན་གསོ་བའི་གཞི་རྩར་འགྱུར་བའི་སེམས་ཚོར་ཀྱི་ངར་དེ་ནི་རང་ཉིད་ལ་ཐོབ་པའི་དྲིན་དེ་ལ་ཡི་རང་དང་བཀའ་དྲིན་དྲན་ཤེས་བྱེད་དགོས་པ་དེ་ཡིན། སེམས་ཚོར་དེ་ལ་གཞི་བཅོལ་ཏེ། ང་ཚོས་སོ་སོའི་ཨ་མ་དེ་མིག་ལོང་བ་དང་། རྨོངས་པ། འཁྲུལ་སྣང་ཅན་ཞིག་ཡིན་པ་དང་། ཁོང་གནོད་བྱེད་ཀྱི་སྤྱོད་ལམ་གྱི་གཡང་སར་ནང་ལྷུང་གྲབས་ཡོད་སྐབས། ང་ཚོ་ཨ་མའི་འགྲམ་ལ་ལངས་ནས་ཡོད་པ་དང་རོགས་པ་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་ཡོད་པ་ལྟ་བུར་བསམ་བློ་གཏོང་དགོས། དེའི་སྐབས་ང་ཚོས་རང་བཞིན་གྱིས་འགན་ཁྱེར་ནས་ཨ་མ་གཡང་སར་ལྷུང་བའི་ཉེས་ལྟུང་ལས་སྐྱོབ་ཐབས་གང་ཐུབ་ཅི་ཐུབ་བྱེད་པ་ལྟ་བུ་རེད། གལ་ཏེ་ཨ་མ་རང་གི་བུའམ་བུ་མོས་མ་བསྐྱབས་ན་སུས་བསྐྱབ་ཀྱི་རེད་དམ།
དུས་གང་ཡང་རུང་བ་ཞིག་གི་ནང་གཞན་གྱིས་རང་ལ་བཀའ་དྲིན་བསྐྱངས་ཡོད་པ་ལ་བཀའ་དྲིན་བསམ་ཤེས་ཀྱི་ཚོར་བ་གཏིང་ཟབ་པོ་ཡོད་པ་ལ་གཞི་བཅོལ་ཏེ། ང་ཚོས་དངོས་སུ་ཁོང་ཚོར་རོགས་བྱས་ནས་དྲིན་གསོ་བའི་འདོད་འདུན་ཁྱད་པར་བ་ཞིག་ཡོད་པའི་ཐོག་ “ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ་” ཞེས་བྱ་བ་ཞིག་རང་ཤུགས་ཀྱིས་སྐྱེད་ཀྱི་ཡོད། ང་ཚོས་མི་ཚང་མ་དང་མཉམ་དུ་ཚོར་བ་འདྲེན་ནུས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་པ་ཚོར་གྱི་ཡོད་པ་དང་། མི་སུ་འདྲ་ཞིག་དང་ག་དུས་ཐུག་ཀྱང་། ཨ་མས་རང་གི་བུ་གཅིག་པུར་ཡོད་པ་ནང་བཞིན་རང་བཞིན་གྱིས་སེམས་ཐག་ཉེ་བའི་འབྲེལ་བ་ཞིག་ཡོད་པ་ཚོར་གྱི་ཡོད། ང་ཚོས་ཁོང་ཚོའི་བདེ་དོན་ལ་བཅོས་མིན་གྱི་སེམས་འཁུར་ཡོད་པ་དང་། གལ་ཏེ་ཁོང་ཚོར་སྡུག་ཅག་ཅིག་བྱུང་ན་སེམས་སྡུག་བྱེད་ངེས་ཡིན།
ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ་གཞིར་བཞག་ཐོག་ང་ཚོས་ནང་ཆོས་ནང་གི་སེམས་ཅན་ཐམས་ཅད་གཅིག་མཚུངས་སུ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་བྱམས་པ་དེ་བསྐྱེད་པ་ཡིན། དེ་ལྟར་ཀུན་ལ་བྱམས་བརྩེ་འདི་ཡོད་པ་གཞི་ལ་བཞག་པའི་ཐོག་ང་ཚོས་སྙིང་རྗེ་སྐྱེད་དགོས། དེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་ཤོག་ཅེས་པའི་བསམ་བློ་དེ་ཡིན། དེར་བརྟེན་སྙིང་རྗེའི་རྒྱབ་རྟེན་དང་དེ་ལ་རྨང་གཞིར་བྱས་པའི་ཆ་རྐྱེན་དུ་དགེ་བའི་སེམས་ཚོར་མང་པོ་ཞིག་ལྡན་ཡོད། དཔེར་ན། གཞན་ཚང་མ་མཉམ་དུ་བློ་ཐག་ཉེ་པོ་དང་གུ་ཡངས་ཀྱི་ཚོར་བ། དེ་བཞིན་བཀའ་དྲིན་དྲན་ཤེས། ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ། བརྩེ་བ་སོགས་ཡོད། དེ་དག་ཐམས་ཅད་སྙིང་རྗེའི་ནང་ཚུད་ཡོད།
དེ་ད་དུང་རྒྱ་རྐྱེད་གཏོང་བའི་སྒོ་ནས་གལ་ཏེ་སྙིང་རྗེ་ནི་ངེས་འབྱུང་གི་སེམས་ཀྱི་གནས་བབས་ཤིག་གི་ཐོག་ནས་གཞན་གྱི་སྡུག་བསྔལ་ལ་དམིགས་ན། སྙིང་རྗེའི་རྨང་གཞི་དེ་ཡང་ངེས་འབྱུང་དང་མཉམ་དུ་རྣམ་པ་ཞིག་གི་ཐོག་ནས་ཡོད་དགོས། དེའི་དོན་ནི་ཐོག་མར་ང་ཚོར་རང་ཕྱོགས་སུ་བཏང་སྙོམས་ཡོད་དགོས། དེ་ཡང་འདོད་ཆགས་དང་། ཞེ་སྡང་། གཏི་མུག་དང་བྲལ་བ་ཞིག་དགོས། དེ་ནས་ཚེ་འདི་དང་ཚེ་ཕྱི་མའི་ནང་བྱས་པའི་མི་དགེ་བ་ལ་དམིགས་པ་གཏད་པས་ཕན་ཐོགས་མེད་པ་རྟོགས་དགོས། གཞན་ཐམས་ཅད་རང་གི་ཨ་མ་བྱས་མྱོང་བ་དང་། ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་མཐོང་བའི་སྐབས་དང་མཐུན་པར་ང་ཚོས་སོ་སོ་རང་གི་ཆེད་དུ་དགེ་བ་དང་སེམས་བཟང་གི་ལས་ལ་དམིགས་དགོས། དོན་ངོ་མར་ད་ལྟ་ང་ཚོས་མི་ལུས་རིན་ཆེན་གྱི་མཐུན་པའི་རྐྱེན་ཆ་ཚང་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་ཚེ་སྔོན་མ་ང་ཚོས་བསགས་པའི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། ང་ཚོས་རང་གིས་རང་ལ་བཀའ་དྲིན་བསྐྱངས་པ་ལ་བཀའ་དྲིན་དྲན་ཤེས་བྱེད་དགོས། དེས་རང་གིས་རང་ལ་ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ་སྤྲོད་ཐུབ། དེ་ནི་རང་གིས་རང་ལ་མི་དགའ་བ་མིན། ང་ཚོས་སོ་སོ་རང་ཉིད་ལ་བཅོས་མིན་གྱི་གཅེས་སྐྱོང་བྱེད་དགོས་ཤིང་། རང་ཉིད་ལ་སྡུག་ཅག་བྱུང་ན་སྐྱིད་པོ་ཚོར་གྱི་མེད།
སྙིང་རྗེ་ཡར་རྒྱས་གཏོང་བའི་སྐབས། མི་ཚང་མ་མཉམ་པའམ་གཅིག་མཚུངས་སུ་བྱེད་པའི་རྩ་དོན་གཙོ་བོ་གཅིག་ནི་མི་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་རེད། དེ་ག་ནང་བཞིན་མི་ཚང་མར་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་འབྲལ་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། འདིར་མི་ཚང་མ་ཞེས་པའི་ནང་སོ་སོ་རང་ཉིད་ཀྱང་ཚུད་ཡོད། དེར་བརྟེན་ང་ཚོ་ལའང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་འབྲལ་བའི་ཐོབ་ཐང་དེ་ཡོད་པ་རེད། དེ་ལྟ་བས་ན། ངེས་འབྱུང་སྐྱེད་པར། ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་འདི་གཞི་རྩའི་ཆ་ནས་རང་གི་ཆེད་དུ་སྙིང་རྗེ་སྐྱེད་པར་བྱེད་ཀྱི་ཡོད།
གོ་ནོར་མ་ཐེབས་པ་གནང་རོགས་ཞུ་རྒྱུ་ཞིག་ནི། ངས་རང་གི་ཕྱོགས་སུ་གཉིས་སྣང་གི་ལྟ་ཚུལ་འཛིན་དགོས་པའི་སེམས་སྐུལ་བྱེད་ཀྱིན་མེད། རང་ཉིད་ཀྱི་ཕྱོགས་སུ་སྙིང་རྗེ་ཡོད་པའི་ “ང་” ཟེར་བ་དེ་གཞན་ལ་སྙིང་རྗེ་ཚོར་བའི་ “ང་” ཟེར་བ་དང་མི་འདྲ་བ་ཡིན། རང་ཉིད་ཀྱི་ཕྱོགས་སུ་སེམས་བཟང་བྱེད་པ་ནི་ངག་གི་ཚིག་རྒྱན་དང་སྦྱར་བའི་བརྗོད་ཚུལ་ཙམ་ཞིག་རེད། འོན་ཀྱང་གལ་ཏེ་ང་ཚོས་སོ་སོ་རང་ཉིད་ལ་སེམས་བཟང་བྱེད་པ་དང་སྡུག་བསྔལ་ལས་ཐར་བ་འདོད་ན། ང་ཚོས་ “ང་རང་མི་དེ་དང་མཉམ་དུ་འབྲེལ་ལམ་ཡག་པོ་མེད་པ་དེའི་ནང་འཛུལ་འདོད་མེད། ང་རང་ཁོང་ཁྲོ་བཟའ་འདོད་མེད། བློ་ཕམ་བྱེད་འདོད་མེད། ཆགས་སེམས་སྐྱེ་འདོད་མེད་” ཅེས་པའི་བློའོ་ཁྱེར་སོ་ཞིག་སྐྱེད་དགོས། དེ་ལྟའི་ལམ་ནས་ང་ཚོས་དཀའ་སྡུག་ལས་ཐར་བའི་ཆོད་སེམས་སྐྱེད་ཐུབ་པ་དང་། དེ་ཡང་གཞི་རྩའི་ཚོར་བ་འདྲེན་ནུས་ཀྱི་བདེ་སྐྱིད་དང་ཞི་འཇམ་ལ་བརྟེན་ནས། “ཚང་མ་སྡུག་བསྔལ་གྱི་རང་བཞིན་རེད།” ཅེས་པའི་ཚོར་བ་དེ་ལ་ཆ་སྙོམས་ཇི་ལྟར་བཟོ་དགོས་པའི་ལྟ་སྟངས་གཞན་ཞིག་རེད།
ཕྱོགས་བསྡོམས།
ང་ཚོས་གནད་དོན་མང་དག་ཅིག་གི་ཐོག་གོ་བསྡུར་བྱས་ཡོད། འོན་ཀྱང་ངའི་ངོས་ནས་ནང་ཆོས་ཀྱི་བརྗོད་གཞི་ཧ་ཅང་གལ་ཆེན་འདིའི་སྐོར་ལ་དེ་ལས་ཆ་ཚང་བའི་འགྲེལ་བརྗོད་ཅིག་འགོད་འདོད་བྱུང་། དེ་ཡང་ང་ཚོས་སློབ་གཉེར་བྱེད་པའི་བརྗོད་གཞི་ཙམ་མིན་པར། ང་རང་ཚོ་སོ་སོ་སྒེར་གྱི་ཡར་རྒྱས་ལ་གཞིགས་ན། ང་ཚོས་ངེས་འབྱུང་དང་སྙིང་རྗེ་ཇི་ལྟར་སྐྱེད་པ་སྟོན་པ་ལ་གལ་གནད་ཆགས་ཡོད། ང་ཚོས་ཡག་པོ་དང་བརྟན་པོའི་སྒོ་ནས་ངེས་འབྱུང་ནས་སྙིང་རྗེའི་བར་འཕོ་འགྱུར་གྱི་གནས་སྐབས་ཇི་ལྟར་སྐྲུན་དགོས་པ་དང་སེམས་ཀྱི་གནས་བབས་དེ་གཉིས་དབར་གྱི་འབྲེལ་བའི་སྐོར་བརྟག་དཔྱད་བྱས་ཡོད།།