བདེ་སྐྱིད་ཀྱི་འབྱུང་ཁུངས།

བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་རང་སོ་སོའི་སེམས་ལ་རག་ལུས་ཡོད། ང་ཚོའི་སེམས་དེ་དལ་ལྷོད་ངང་ཡོད་པ་དང་ང་ཚོའི་སྣང་ཚུལ་དེ་དགེ་བ་ཡིན་པ་གང་ཞིག་ད་དུང་ཡང་དངོས་པོའི་གནས་ལུགས་དང་མཐུན་པའི་སྐབས། ང་ཚོར་དཀའ་ངལ་གང་འདྲ་ཞིག་དང་འཕྲད་མིན་ལ་མ་བལྟོས་པར། ནུས་ཤུགས་དང་བློ་སྤོབས་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་པའི་བདེ་སྐྱིད་ཅིག་མྱོང་གི་རེད། གལ་ཏེ་ང་ཚོ་སྐྱིད་པོ་འདོད་ན། སངས་རྒྱས་ཀྱིས་གསུངས་པ་ལྟར། ང་ཚོས་སོ་སོའི་སེམས་འདུལ་དགོས།

བདེ་བ་ཉི་ཚེ་བ། འགྱུར་བའི་སྡུག་བསྔལ།

མི་འགའ་ཤས་ཀྱིས་ནང་ཆོས་ནི་ང་ཚོས་གང་མྱོང་བ་ཐམས་ཅད་སྡུག་བསྔལ་ཡིན་པར་ངོས་འཛིན་བྱེད་པ་དང་། བདེ་སྐྱིད་ལ་ངོས་ལེན་རྩ་ནས་མི་བྱེད་པའི་ཆོས་ལུགས་དགེ་མཚན་མེད་པ་ཞིག་ཏུ་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་དེ་ནི་གནས་ཚུལ་ལོག་བརྗོད་ཀྱི་ལྟ་ཚུལ་ཞིག་རེད། ནང་ཆོས་ཀྱིས་ང་ཚོའི་ནམ་རྒྱུན་བདེ་བ་ཉི་ཚེ་བ་དེ་འགྱུར་བའི་སྡུག་བསྔལ་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད། དེའི་དོན་དག་གང་རེད་ཅེ་ན། དེ་ལྟ་བུའི་བདེ་སྐྱིད་ནི་འདོད་བློ་མི་ཁེངས་པ་དང་། དེ་ནམ་ཡང་ཡུན་གནས་མི་ཐུབ་པ། ང་ཚོར་དེ་ནམ་ཡང་འདང་ངེས་ཤིག་མེད། དེ་ནི་བདེ་སྐྱིད་ངོ་མ་དེ་མིན། དཔེར་ན། འཁྱགས་ཞོའམ་འཁྱགས་པ་བྱི་རིལ་བཟའ་རྒྱུ་དེ་སྐྱིད་པོ་ངོ་མ་ཞིག་ཡིན་ན། སྡོད་ཐེངས་གཅིག་ལ་ང་ཚོས་ཇི་ཙམ་མང་བ་བཟས་པ་དེའི་ཚོད་ཀྱིས་ང་ཚོ་སྐྱིད་པ་ཡོང་དགོས་ཀྱི་ཡོད། འོན་ཀྱང་ང་ཚོ་ཅི་མ་ཐོགས་པར་ཚད་ངེས་ཅན་ཞིག་ལ་སླེབས་དུས་འཁྱགས་ཞོ་བཟའ་བའི་བདེ་སྐྱིད་དེ་སྡུག་བསྔལ་ལ་འགྱུར་གྱི་ཡོད། དེ་ག་ནང་བཞིན་ང་ཚོ་ཉི་མ་ལྡེས་ནས་སྡོད་པའི་སྐབས་སམ་གྲིབ་ནག་ནང་སྡོད་ས་སྤོ་བ་ལྟ་བུའང་གཅིག་མཚུངས་རེད། དེ་ནི་འགྱུར་བའི་སྡུག་བསྔལ་ཟེར་བ་གང་ཡིན་པ་དེ་རེད། 

ནང་ཆོས་ནས་གང་ལྟར་ཡང་བདེ་བ་ཉི་ཚེ་བའམ་འགྱུར་བའི་སྡུག་བསྔལ་གྱི་སྐྱོན་ལས་ཐར་བའི་ཐབས་ལམ་མང་པོ་སྟོན་གྱི་ཡོད། དེ་རྟོགས་པའི་སྒོ་ནས་ང་ཚོས་རྟག་བརྟན་ཡུན་གནས་ཀྱི་བདེ་བ་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཡོད། ཡིན་ནའང་བདེ་བ་ཉི་ཚེ་བའི་སྐྱོན་གྱི་ཆ་རྣམས་ལ་བལྟོས་མེད་ཀྱིས་ནང་ཆོས་ནས་དེ་ལྟ་བུའི་བདེ་སྐྱིད་འཐོབ་པའི་འབྱུང་ཁུངས་རྣམས་ཀྱང་འགྲེལ་བརྗོད་བྱེད་ཀྱི་ཡོད། ནང་ཆོས་ནས་དེ་ལྟར་གསུང་གི་ཡོད། དེའི་རྒྱུ་མཚན་ནི། ནང་ཆོས་ཀྱི་གཞི་རྩའི་ཆོས་ཀྱི་སྡོམ་གྱི་ནང་གི་གཅིག་ནི། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་འདོད་མེད་གཅིག་ཀྱང་མེད་པ་དེ་རེད། ཚང་མས་བདེ་སྐྱིད་འཚོལ་བཞིན་ཡོད་པ་སོང་ཙང་། ང་ཚོ་སྐྱེ་བོ་ཕལ་པ་ཡིན་པའི་ཆ་ནས་ནམ་རྒྱུན་གྱི་བདེ་བ་ཉི་ཚེ་བ་དེ་ལས་གཞན་པའི་བདེ་བའི་རིགས་ཤེས་ཀྱི་མེད། ནང་ཆོས་ནས་ང་ཚོའི་དེ་ཇི་ལྟར་འཐོབ་པའི་སྐོར་གསུང་གི་ཡོད། བདེ་སྐྱིད་ཀྱི་ཆེད་དུ་ཡིད་སྨོན་དང་དགོས་གལ་དེ་གཞི་རྩའི་རིམ་པ་བདེ་བ་ཉི་ཚེ་བའི་སྒང་ནས་དོན་གོ་ཆོད་པ་བྱུང་བ་ཁོ་ནའི་སྐབས། ང་ཚོས་དེ་ལས་གཏིང་ཟབ་པ་དང་དེའི་འདོད་བློ་ཁེངས་ཆེ་བ། ཆོས་ཕྱོགས་ཀྱི་གནས་ཚད་མཐོ་བའི་རིམ་པའི་ཐོག་དམིགས་ཐུབ།

འོན་ཀྱང་སྟབས་ཉེས་པ་ཞིག་ལ། ཇི་ལྟར་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ལེའུ་ ༡ ཤོ་ལོ་ཀ་ ༢༧ ལས།

སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་དུ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་རེད།

ཕྱོགས་གཞན་ཞིག་ནས་ང་ཚོར་བདེ་བ་འདོད་ནའང་། བདེ་བའི་རྒྱུའམ་འབྱུང་ཁུངས་གང་ཡིན་པར་རྨོངས་ཀྱི་ཡོད། བྱས་ཙང་། རང་གི་དོན་དུ་བདེ་སྐྱིད་མང་བ་སྐྲུན་རྒྱུའི་ཚབ་ཏུ་ང་ཚོས་མི་སྐྱིད་པ་དང་སྡུག་བསྔལ་མང་བ་སྐྲུན་གྱི་ཡོད།

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “ལང་དུ་ཤོར་ཡག་ག་རེ་བྱས་ནས་དཔེ་ལས་སླ་པོ་ཡོད་དམ།”

བདེ་བ་ནི་ཚོར་བ་ཞིག་རེད།

བདེ་བ་ལ་རིགས་སྣ་ཚོགས་ཡོད་ནའང་། སྐབས་འདིར་ང་ཚོས་བདེ་བ་ཉི་ཚེ་བ་ལ་དོ་སྣང་བྱ་རྒྱུ་ཡིན། དེའི་འབྱུང་ཁུངས་རྟོགས་པར། ཐོག་མར་བདེ་བ་ཟེར་བ་དེ་གང་ཡིན་པའི་ཐོག་ལ་གསལ་པོ་ཤེས་དགོས། ང་ཚོ་ཚང་མར་འདོད་པའི་བདེ་བ་ (ལེགས་སྦྱར་སྐད་དུ་སུཁ་) ཟེར་བ་འདི་གང་རེད་དམ། ནང་པའི་དཔྱད་ཞིབ་ལྟར་བྱས་ན། བདེ་བ་ནི་སེམས་བྱུང་ཞིག་རེད། ཕྱོག་གཞན་ཞིག་ནས་བཤད་ན། བདེ་བ་ནི་སེམས་ཀྱི་བྱེད་ལས་ཀྱི་རིགས་ཤིག་ཡིན་པ་དང་། དེ་ལ་བརྟེན་ནས་ང་ཚོས་ཡུལ་ཞིག་ཐབས་ཚུལ་ངེས་ཅན་ཞིག་གི་ཐོག་ནས་རྟོགས་ཀྱི་ཡོད། དེ་ནི་སེམས་བྱུང་རྒྱ་ཆེ་བ་ཞིག་གི་སྡེ་ཚན་གཅིག་སྟེ། ཚོར་བ་ཞིག་ཡིན་པ་དང་། ཚོར་བ་དེས་མཐའ་གཅིག་ཏུ་བདེ་བ་ནས་མཐའ་གཅིག་ཏུ་སྡུག་བསྔལ་གྱི་བར་དུ་སླེབས་པའི་རྒྱ་ཁྱོན་ཞིག་ཁེབས་ཀྱི་ཡོད། 

ཚོར་བའི་མཚན་ཉིད་གང་རེད་དམ། ཚོར་བ་ནི་མྱོང་བའི་རང་བཞིན་ཡོད་པའི་སེམས་བྱུང་རེད། དེ་ནི་ཡུལ་ཞིག་མྱོང་བའམ་ཡང་ན་གནས་སྟངས་ཤིག་མྱོང་གི་ཡོད། དེ་མྱོང་སྟངས་ནི་ཡུལ་དེ་དང་གནས་སྟངས་དེའི་མྱོང་བ་ཡིན་པ་དངོས་གནས་བཟོ་བའི་སེམས་ཀྱི་བྱེད་ལས་དེ་རེད། བདེ་བ་དང་སྡུག་བསྔལ་དབར་གྱི་རྒྱ་ཁྱོན་གྱི་སྟེང་ལ་ཚོར་བ་ཞིག་མེད་པར། ང་ཚོས་ཡུལ་ཞིག་གམ་གནས་སྟངས་ཤིག་མྱོང་གི་མེད། གློག་ཀླད་ནང་གནས་ཚུལ་བླུགས་ནས་དན་གྲངས་བཟོ་སྐྲུན་བྱེད་ཀྱི་ཡོད། འོན་ཀྱང་གློག་ཀླད་ཀྱིས་དེ་ལྟར་བྱ་རྒྱུར་དགའ་པོ་དང་སྡུག་པོ་གང་ཡང་ཚོར་གྱི་མེད་སྟབས། གློག་ཀླད་ཀྱིས་དན་གྲངས་མྱོང་གི་མེད། དེ་ནི་གློག་ཀླད་དང་སེམས་གཉིས་དབར་གྱི་ཁྱད་པར་དེ་རེད། 

བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ཞིག་ཚོར་བ་དེའི་གྲོགས་སུ་དབང་ཤེས་ཀྱི་ཡུལ་གཟུགས་དང་། སྒྲ། དྲི། རོ། རེག་བྱ་བཅས་བདེ་བ་དང་གདུང་བ་ལྟ་བུའི་གྲོགས་བྱེད་པའམ། ཡང་ན་ཡིད་ཤེས་ཀྱི་ཡུལ་དཔེར་ན། གནད་དོན་ཞིག་གི་ཐོག་ལ་བསམ་བློ་གཏོང་བ་ལྟ་བུ་རེད། དེ་ནི་ཧ་ཅང་འཁྲུག་ཆ་དོད་པོ་དང་ཐལ་ཆེ་བ་དེ་འདྲ་མི་དགོས། དེ་ནི་ཧ་ཅང་དམའ་བའི་རིམ་པ་ཡིན་ན་ཆོག །དོན་ངོ་མར་བདེ་བ་དང་སྡུག་བསྔལ་ཚོར་བའི་རིམ་པ་འགའ་ཞིག་གིས་ང་ཚོའི་མི་ཚེའི་སྐད་ཅིག་རེ་རེ་ལ་གྲོགས་བྱེད་ཀྱི་ཡོད། ཐ་ན་རྨི་ལམ་མི་གཏོང་བའི་གཉིད་ཧ་ཅང་གཏིང་ཟབ་པོ་ཁུག་པའི་སྐབས། ང་ཚོས་དེ་བཏང་སྙོམས་ཀྱི་ཚོར་བ་ལ་བརྟེན་ནས་ཉམས་སུ་མྱོང་གི་ཡོད། 

བདེ་བའི་མཚན་ཉིད།

ནང་ཆོས་ནས་བདེ་བ་ལ་མཚན་ཉིད་གཉིས་གསུང་གི་ཡོད། གཅིག་ནི་ང་ཚོ་དང་ཡུལ་དབར་གྱི་འབྲེལ་བ་ལ་གཞིགས་ནས་འགྲེལ་ཡོད་པ་དང་། གཞན་དེ་ནི་ང་ཚོའི་སེམས་ཀྱི་གནས་བབས་ཀྱི་ཚོར་བ་རང་ལ་གཞིགས་ནས་འགྲེལ་ཡོད། 

  • དང་པོས་བདེ་བ་ཞེས་བྱ་བ་ནི། རང་ཉིད་ལ་དོན་ངོ་མར་ཕན་གྱི་ཡོད་མེད་གང་ཡིན་རུང་། རང་ཉིད་ལ་ཕན་གྱི་ཡོད་པར་ཡིད་ཆེས་པ་ལ་གཞི་བྱས་ཏེ། གནད་དོན་ཞིག་འདོད་བློ་ཁེངས་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། སྡུག་བསྔལ་ཞེས་བྱ་བ་ནི། གནད་དོན་ཞིག་འདོད་བློ་མི་ཁེངས་ཤིང་གདུང་བ་སྐྱེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་དེ་རེད། གནད་དོན་གང་ཞིག་འདོད་བློ་ཁེངས་པ་དང་གདུང་བ་སྐྱེད་བྱེད་གང་ཡང་མིན་པའི་སྐབས། ང་ཚོས་བཏང་སྙོམ་ཞིག་ཉམས་སུ་མྱོང་གི་ཡོད།
  • གཉིས་པས་བདེ་བ་ཞེས་བྱ་བ་ནི། ཚོར་བ་དེ་མཇུག་རྫོགས་ཚར་བའི་རྗེས་སུའང་ང་ཚོས་སླར་ཡང་ཐེངས་གཅིག་དེ་མྱོང་འདོད་ཡོད་པ་དེ་རེད། སྡུག་བསྔལ་ནི་ཚོར་བ་དེ་སྐྱེ་བའི་སྐབས། ང་ཚོ་དེ་ལས་འབྲལ་འདོད་ཡོད་པ་དེ་རེད། བཏང་སྙོམས་ཀྱི་ཚོར་བ་ནི། ཚོར་དེ་སྐྱེ་བའམ་མཇུག་རྫོགས་པའི་སྐབས། ང་ཚོར་འདོད་འདུན་དེ་གཉིས་ཀ་མེད་པ་དེ་རེད།

མཚན་ཉིད་དེ་གཉིས་པོ་ཕན་ཚུན་འབྲེལ་ནས་ཡོད། ང་ཚོས་གནད་དོན་ཞིག་འདོད་བློ་ཁེངས་པའི་སྒོ་ནས་ཉམས་སུ་མྱོང་བའི་སྐབས་ཀྱི་ཡུལ་དེ་མྱོང་ཚུལ་ནི། ཡུལ་དེ་སྤྲོ་བའི་སྒོ་ནས་སྒྲ་དོན་ཇི་བཞིན་ང་ཚོར་ཡིད་དུ་འོང་བ་མཐོང་གི་ཡོད། ང་ཚོས་ཡུལ་དེ་ངོས་ལེན་བྱེད་པ་དང་དེ་བདེ་པོའི་ངང་ནས་སོ་སོའི་དམིགས་པའི་ཡུལ་དུ་གནས་ཀྱི་ཡོད། དེས་ཡུལ་གྱི་མྱོང་བ་དེ་ང་ཚོར་ཕན་གྱི་ཡོད་པ་ཤུགས་ཀྱིས་སྟོན་གྱི་ཡོད་དེ། དེས་ང་ཚོ་སྐྱིད་པོ་བཟོ་བ་དང་ཡག་པོ་ཚོར་གྱི་ཡོད། དེའི་རྒྱུ་མཚན་གྱིས་ང་ཚོར་ཉམས་མྱོང་འདི་ལས་ཕན་ཡོན་མུ་མཐུད་ནས་དགོས་འདོད་ཡོད་པ་དང་། གལ་ཏེ་དེ་མཇུག་རྫོགས་ན། ང་ཚོ་དེ་ཚུར་ལོག་ཡོང་བར་འདོད་ངེས་རེད། ཕལ་སྐད་ཀྱི་སྒོ་ནས་ང་ཚོས་ཡུལ་དང་དེ་ཉམས་སུ་མྱོང་བའི་བདེ་སྐྱིད་ལ་རོལ་གྱི་ཡོད། 

ང་ཚོས་ཡུལ་ཞིག་གདུང་བ་སྐྱེ་བྱེད་ཀྱི་ཚུལ་དུ་ཉམས་སུ་མྱོང་བའི་སྐབས། ཡུལ་གྱི་སྡུག་བསྔལ་གྱི་མྱོང་བ་འདི་སྒྲ་དོན་ཇི་བཞིན་སྤྲོ་བའི་ཚུལ་གྱིས་ཡིད་དུ་མི་འོང་བ་རེད། ང་ཚོས་ཡུལ་དེ་ངོས་ལེན་བྱེད་ཀྱི་མེད་ལ་དེ་སྟབས་བདེའི་ངང་ང་ཚོའི་དམིགས་པའི་ཡུལ་ལྟ་བུར་གནས་ཀྱི་མེད། ང་ཚོས་ཡུལ་གྱི་མྱོང་བ་དེ་ཕན་ཐོགས་མེད་པ་དང་། དོན་ངོ་མར་དེས་ང་ཚོར་གནོད་ཀྱིན་ཡོད་པ་ཚོར་གྱི་ཡོད། ང་ཚོས་དེ་མཇུག་རྫོགས་པར་འདོད་ཀྱི་ཡོད། ཕལ་སྐད་ཐོག་ནས་ང་ཚོས་ཡུལ་དང་ཡུལ་དེ་ཉམས་སུ་མྱོང་བའི་བདེ་སྐྱིད་ལ་རོལ་གྱི་མེད་ཅེས་བརྗོད་ངེས་རེད། 

ཡུལ་ཞིག་ལ་ཡོད་པའི་ཁྱད་ཆོས་དེའི་སྒྲོ་བཏགས།

ཡུལ་ཞིག་ལ་བརྟེན་ནས་བདེ་པོ་ཚོར་བའི་དོན་གང་རེད་དམ། ཡུལ་ཞིག་ལ་བདེ་པོ་ཡོད་པའི་སྐབས། ང་ཚོས་དེ་གང་ཡིན་པ་ནང་བཞིན་ངོས་ལེན་བྱེད་ཀྱི་ཡོད། དེ་ཡང་གཏི་མུག་མེད་པ་དང་སྒྲོ་བཏགས་མེད་པ། ཡང་ན་དེའི་ཁྱད་ཆོས་བཟང་པོ་དང་སྐྱོན་གྱི་ཆ་རྣམས་ངོས་ལེན་མི་བྱེད་པ་མིན་པའི་སྒོ་ནས་ངོས་ལེན་བྱེད་ཀྱི་ཡོད། གནད་དོན་འདིས་ཉོན་མོངས་པ་དང་ཡུལ་ཞིག་བདེ་བའམ་སྡུག་བསྔལ་གྱི་སྒོ་ནས་ཉམས་སུ་མྱོང་མིན་དང་འབྲེལ་བའི་སྐོར་ལ་གོ་བསྡུར་བྱེད་འཇུག་གི་ཡོད།

ཉོན་མོངས་ཀྱི་སྡེ་ཚན་གཅིག་ནི་ཆགས་པ་དང་། ཆགས་སེམས། འདོད་རྔམ་རེད། དེ་དག་གསུམ་ཀ་ལ་བརྟེན་ནས་ང་ཚོས་ཡུལ་ཞིག་གི་ཁྱད་ཆོས་བཟང་པོ་རྣམས་ལ་སྒྲོ་འདོགས་ཀྱི་ཡོད། ཆགས་ཞེན་ལ་བརྟེན་ནས་གལ་ཏེ་ང་ཚོ་ལ་ཅ་དངོས་ཤིག་མེད་ན། ཡུལ་དེ་འཐོབ་འདོད་བྱེད་ཀྱི་ཡོད། འདོད་ཆགས་ལ་བརྟེན་ནས་ང་ཚོར་ཅ་དངོས་དེ་ཡོད་པའི་སྐབས། དེ་བོར་བརླག་ཤོར་འདོད་མེད། འདོད་རྔམ་ལ་བརྟེན་ནས་ང་ཚོ་ལ་ཅ་དངོས་དེ་ཡོད་ནའང་། ད་དུང་ང་ཚོར་དེ་ལས་མང་བ་འདོད་ཀྱི་ཡོད། ཉོན་མོངས་དེ་དག་ལ་བརྟེན་ནས་ང་ཚོས་ཡུལ་གྱི་སྐྱོན་གྱི་ཆ་རྣམས་ལ་སྣང་མེད་གཏོང་རྩིས་བྱེད་ཀྱི་ཡོད། ང་ཚོས་ཡུལ་དེ་འདོད་བློ་ཚིམས་པ་ཞིག་རྙེད་ཀྱི་མེད་པ་སོང་ཙང་། དེ་དག་ནི་སེམས་ཀྱི་གནས་བབས་བདེ་བ་དང་ལྡན་པ་མིན། དེའི་དོན་ནི་ང་ཚོ་ཡུལ་དེ་ལ་འདོད་བློ་ཚིམས་མེད། ང་ཚོས་དེ་གང་ཡིན་པ་ལ་ངོས་ལེན་བྱེད་ཀྱི་མེད། 

དཔེ་ཆ་བཞག་ན། ང་ཚོས་ཧ་ཅང་ཆགས་ཞེན་བྱེད་སའི་སོ་སོའི་དགའ་རོགས་མཐོང་བའི་སྐབས། དེ་སྤྲོ་བའི་ངང་ནས་མཐོང་སྲིད། ང་ཚོས་མི་དེ་མཐོང་བར་འདོད་བློ་ཚིམས་པ་དང་སྤྱིར་བཏང་འདོད་བློ་ཚིམ་པ་ཞིག་ཚོར་གྱི་ཡོད། འོན་ཀྱང་སྔ་ཕྱི་མ་གཏོགས་གང་ཟག་དེའི་ཁྱད་ཆོས་བཟང་པོ་ལ་སྒྲོ་འདོགས་བྱེད་པའི་ཚེ། འདོད་ཆགས་སྐྱེ་ཡོང་གི་ཡོད། དེ་བཞིན་དགའ་རོགས་དེ་དག་མཉམ་དུ་ཡོད་པའི་སྐབས། ང་ཚོས་གང་ཟག་དེ་མེད་པའི་སྐབས་ཀྱི་ཁྱད་ཆོས་ངན་པ་རྣམས་ལ་སྒྲོ་འདོགས་བྱེད་ཀྱི་ཡོད། དེ་ནས་ང་ཚོ་འདོད་བློ་མི་ཚིམས་པ་དང་སྡུག་བསྔལ་ཚོར་གྱི་ཡོད། ང་ཚོས་གང་ཟག་དེ་ད་ལྟ་མཐོང་བ་དང་དུས་སྐབས་དེའི་རིང་གི་བདེ་སྐྱིད་ལ་རོལ་བའི་གནས་སྟངས་དེ་ངོས་ལེན་བྱེད་ཀྱི་མེད། ང་ཚོར་དེ་ལས་མང་བ་དགོས་པ་དང་དགའ་རོགས་དེ་འགྲོ་གི་རེད་བསམས་ནས་ཞེད་སྣང་སྐྱེ་གི་ཡོད། དེའི་རྗེས་འབྲས་སུ་གློ་བུར་དུ་ང་ཚོས་ད་གཟོད་སོ་སོའི་དགའ་རོགས་དེ་ལ་འདོད་བློ་མི་ཁེངས་པ་དང་། མི་བདེ་བ། སྡུག་བསྔལ་དང་བཅས་མཐོང་བ་དེ་མྱོང་གི་ཡོད། 

ཉོན་མོངས་གཞན་ཞིག་ནི་སྡང་འཛིན་དང་། ཁོང་ཁྲོ། ཞེ་སྡང་བཅས་རེད།  དེ་དག་ལ་བརྟེན་ནས་ང་ཚོས་ཡུལ་ལ་ཡོད་པའི་སྐྱོན་གྱི་ཆ་དང་ཁྱད་ཆོས་ངན་པ་རྣམས་རང་ཉིད་ལ་མེད་ན། དེ་དག་སྤོང་འདོད་ཡོད། ང་ཚོར་དེ་ཡོད་པའི་སྐབས། དེ་མེད་པ་བཟོ་འདོད་ཡོད། དེ་རྫོགས་པའི་སྐབས། ང་ཚོར་དེ་སླར་ཡང་འབྱུང་བར་འདོད་ཀྱི་མེད། ཉོན་མོངས་དེ་གསུམ་པོ་ནམ་རྒྱུན་འཇིགས་པ་དང་འདྲེས་ནས་ཡོད། ང་ཚོ་ཡུལ་ལ་བརྟེན་ནས་འདོད་བློ་ཚིམས་ཀྱི་མེད་པ་སོང་ཙང་། དེ་དག་ཀྱང་སེམས་ཀྱི་གནས་བབས་བདེ་བ་དང་ལྡན་པ་ཞིག་མིན། ང་ཚོས་དེ་གང་ཡིན་པ་ལ་ངོས་ལེན་བྱེད་ཀྱི་མེད། 

དཔེར་ན། དེ་ནི་སོའི་རྩ་བའི་བུ་གར་གཙང་བཟོ་བྱེད་བཞིན་ཡོད་སྲིད་པ་ལྟ་བུ་རེད། ང་ཚོའི་མྱོང་བའི་ཡུལ་ནི་ལུས་ཀྱི་གདུང་བའི་ཚོར་བ་ཞིག་རེད། འོན་ཀྱང་ང་ཚོས་དེའི་ཁྱད་ཆོས་ངན་པ་རྣམས་ལ་སྒྲོ་མི་བཏགས་པར་གང་ཡིན་པ་དེར་ངོས་ལེན་བྱས་ན། བྱ་བའི་རྒྱུད་རིམ་དེའི་ནང་སྡུག་བསྔལ་ཡོང་གི་མ་རེད། ང་ཚོས་སྡུག་བསྔལ་ཉམས་སུ་མྱོང་ཚུལ་ལ་གཞིགས་ན། ཚོར་བ་བཏང་སྙོམ་ཞིག་ཡོད་སྲིད་པ་སྟེ། ཇི་སྲིད་བྱ་བའི་རྒྱུད་རིམ་དེ་འབྱུང་བ་དེ་སྲིད་དུ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད། དེ་འབྱུང་གི་ཡོད་པ་སོང་ཙང་། ང་ཚོས་དེ་ཚད་བརྒལ་གྱི་མྱུར་པོའི་ཆེད་སྨོན་ལམ་འདེབས་ཀྱིན་མེད། སོའི་སྨན་པ་དེས་གསོར་འབིགས་མཚམས་འཇོག་པའི་སྐབས། ང་ཚོས་ཕ་རོལ་པོ་དེ་ལ་ད་དུང་ཡང་གསོར་འབིགས་ན་བསམ་པའི་རེ་འདུན་བྱེད་ཀྱི་མེད། གསོར་འབིགས་པའི་གདུང་བ་ལ་བཏང་སྙོམས་ཀྱི་བསམ་པ་ཞིག་ང་ཚོར་ཡོད། དེ་ལ་སྡང་འཛིན་མེད་ལ་ཡིད་དབང་འཕྲོག་པའང་མེད། དེ་བཞིན་གཏི་མུག་ཀྱང་མེད། དོན་ངོ་མར་བྱ་བའི་རྒྱུད་རིམ་གྱི་ནང་། ང་ཚོས་མ་འོངས་པར་སོའི་ན་ཚ་མང་བ་མི་ཡོང་བའི་སྔོན་འགོག་བྱེད་ཀྱིན་ཡོད་པའི་བསམ་བློ་ལ་དམིགས་ནས་བདེ་བ་མྱོང་སྲིད་པ་རེད། 

གནད་དོན་ཞིག་ལ་སྐྱིད་པོ་དང་འདོད་བློ་ཚིམས་པ་ཡོད་པ་དེས་དགོས་མཁོ་གཞི་ལ་བཞག་ནས་མང་བ་དགོས་པ་དང་ཉུང་བ་དགོས་པ་ལ་འགོག་རྐྱེན་བཟོ་གི་མེད་པ་དེ་ལ་དོ་སྣང་བྱེད་དགོས། དེས་ང་ཚོར་ཧུར་བརྩོན་མེད་པ་བཟོ་གི་མེད། དེར་བརྟེན་ང་ཚོས་ཡར་རྒྱས་ནམ་ཡང་གཏོང་ཐབས་མི་བྱེད་པའམ་ཡང་ན་མི་ཚེའི་ནང་རང་ཉིད་དང་རང་གི་གནས་སྟངས་ཡར་རྒྱས་མི་གཏོང་བ་ཡིན། དཔེར་ན། ལས་གཞི་ཞིག་འགན་ཁུར་བྱེད་པའམ་ཡང་ན་གཤག་བཅོས་ལས་དྲག་སྐྱེད་བྱུང་བའི་ཐད་ལ་ང་ཚོས་ཡར་རྒྱས་བཏང་ཡོད་པ་དེ་ངོས་ལེན་བྱེད་ཐུབ་པ་དང་། འདོད་བློ་ཚིམས་པ། དེའི་རྗེ་འབྲས་སུ་སྐྱིད་པོ་ཚོར་བ་ལྟ་བུ་རེད། ཡིན་ནའང་དགོས་མཁོ་ལ་གཞི་བྱས་ཏེ། ང་ཚོས་ད་བར་གང་འགྲུབ་འབྲས་ཐོན་པ་བྱུང་བ་དེ་ལ་སྡུག་བསྔལ་མེད་པའི་སྒོ་ནས་མུ་མཐུད་དེ་ཡར་རྒྱས་གཏོང་འདོད་བྱེད་ཆོག །གལ་ཏེ་དོན་ངོ་མར་དངོས་ཡོད་གནས་ཚུལ་ལ་ང་ཚོར་འདང་ངེས་བཞིན་པ་མེད་པ་དང་ད་དུང་མང་བ་དགོས་ཀྱི་ཡོད་ན། དེ་ནི་ང་ཚོའི་སྡེར་མའི་ནང་ཁ་ལག་ཇི་ཙམ་ཡོད་པའམ། ཡང་ན་ང་ཚོའི་དངུལ་ཁང་ནང་དངུལ་འབོར་ཇི་ཙམ་ཡོད་པ་དང་གཅིག་མཚུངས་རེད། བཟའ་མ་འདང་ངེས་བཟའ་རྒྱུ་མེད་པའམ་དངུལ་ཁང་ནང་དངུལ་འདང་ངེས་མེད་པ། ཡང་ན་དེ་ལས་མང་བ་ཡོད་པའི་ཕན་ཡོན་ངོས་ལེན་མི་བྱེད་པའི་ཁྱད་ཆོས་ངན་པ་ལ་སྒྲོ་འདོགས་མི་བྱེད་པར། ང་ཚོས་སྡུག་བསྔལ་མེད་པའི་སྒོ་ནས་བཟའ་མ་མང་བ་རག་ཐབས་དང་དངུལ་མང་བ་གསོག་ཐབས་ཀྱི་འབད་རྩོལ་བྱེད་ཐུབ། གལ་ཏེ་ང་ཚོ་ལམ་ལྷོང་བྱུང་ན། དེ་ནི་འགྲིག་པ་རེད། གལ་ཏེ་ལམ་ལྷོང་མ་བྱུང་ནའང་། དེས་ཀྱང་འགྲིག་པ་རེད། ང་ཚོས་གང་ལྟར་གདོང་ལེན་བྱེད་ཀྱི་རེད། འོན་ཀྱང་ད་དུང་ཡང་ང་ཚོས་ཐབས་ཤེས་བྱེད་དགོས། གལ་ཆེ་ཤོས་ནི་ང་ཚོས་མང་བ་འཐོབ་པའི་ཆེད་འབད་བརྩོན་བྱེད་དགོས། ཡིན་ནའང་དེ་ནི་ལམ་ལྷོང་བྱུང་བ་ལ་སེམས་གཡེང་བའི་རེ་འདུན་མེད་པའམ། ཡང་ན་ལམ་ལྷོང་མ་བྱུང་བ་ལ་སེམས་འཁྲལ་མེད་པའི་སྒོ་ནས་འབད་དགོས།

སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ལེའུ་ ༦ ཤོ་ལོ་ཀ་༡༠ (བཟོད་པའི་ལེའུ་)  སྐབས་ཧ་ཅང་ཡག་པོ་གསུངས་ཡོད་དེ། 

གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས།

བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་དགེ་བའི་སྤྱོད་ལམ་ཡིན།

ཕུགས་རྒྱང་རིང་པོའི་ནང་། བདེ་སྐྱིད་ཀྱི་རྒྱུ་གཙོ་བོ་ནི་དགེ་བའི་སྤྱོད་ལམ་རེད། དེའི་དོན་ནི་ཞེན་པ་དང་། འདོད་ཆགས། འདོད་རྔམ། སྡང་འཛིན། ཁོང་ཁྲོ། གཏི་མུག་སོགས་ཉོན་མོངས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་སྤྱོད་སྤེལ་རྒྱུ་སྤོང་བ་དེ་རེད། དེ་ཡང་ང་ཚོའི་ཕུགས་རྒྱང་རིང་པོའི་སྤྱོད་ལམ་གྱི་འབྲས་བུ་དེ་རང་གཞན་གཉིས་ཀར་སེམས་ཁུར་མེད་པའི་སྒོ་ནས་བྱ་སྤྱོད་སྤེལ་བ་དེ་རེད། མི་དགེ་བའི་སྤྱོད་ལམ་ནི་སྡུག་བསྔལ་གྱི་རྒྱུ་གཙོ་བོ་དེ་ཡིན་ཞིང་། དེ་ནི་སྤྱོད་ལམ་དེའི་རིགས་སྤོང་རྒྱུ་ལས་ལྡོག་སྟེ། དེ་དག་ལ་འཇུག་པ་དེ་རེད། དཔེར་ན། འདོད་པ་ལ་བརྟེན་ནས་ང་ཚོས་ཚོང་ཁང་ཞིག་གི་ནང་ཡོད་པའི་ཅ་དངོས་ཤིག་གི་ཁྱད་ཆོས་བཟང་པོ་རྣམས་ལ་སྒྲོ་འདོགས་བྱེད་པ་དང་། ཁྲིམས་མཐུན་གྱི་རྗེས་འབྲས་ལ་སྣང་མེད་བཏང་ནས་ང་ཚོས་དེ་རྐུ་མ་རྐུ་གི་ཡོད། ཁོང་ཁྲོ་ལ་བརྟེན་ནས་སོ་སོའི་ཟླ་རོགས་དེས་བཤད་པའི་གནད་དོན་ཞིག་གི་ཁྱད་ཆོས་ངན་པ་རྣམས་ལ་སྒྲོ་འདོགས་བྱེད་པ་དང་། དེས་ང་ཚོའི་འབྲེལ་ལམ་ལ་ཤུགས་རྐྱེན་སྤྲོད་པ་ལ་སྣང་མེད་གཏོང་བཞིན་ཡོད། དེ་ལྟར་ང་ཚོས་ཕ་རོལ་པོ་དེ་ལ་སྐད་ལོག་རྒྱག་པ་དང་ཚིག་རྩུབ་ཤོད་ཀྱི་ཡོད། 

ཉོན་མོངས་པའི་དབང་དུ་ཡོད་བཞིན་པའི་སྐབས་དེར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་སྤྱོད་སྤེལ་བ་དེས་མ་འོངས་པར་དེ་འདྲའི་ཤུགས་རྐྱེན་གྱི་འོག་ཏུ་འགྲོ་བར་སྤོང་བའི་གོམས་གཤིས་སྐྲུན་གྱི་ཡོད། དེའི་འབྲས་བུར། གལ་ཏེ་མ་འོངས་པར་ཉོན་མོངས་སྐྱེས་ན། ང་ཚོས་དེ་ལ་གཞི་བྱས་ནས་བྱ་སྤྱོད་སྤེལ་གྱི་མེད། མཐར་ཉོན་མོངས་ཀྱི་ནུས་ཤུགས་དེ་ཞན་དུ་འགྲོ་བ་དང་རིམ་པས་ཉོན་མོངས་རྣམས་ཕལ་ཆེར་རྩ་བ་ནས་འབྱུང་གི་མ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ཉོན་མོངས་ལ་གཞི་བྱས་ནས་བྱ་སྤྱོད་ཇི་ཙམ་མང་བ་སྤེལ་བ་དེའི་ཚོད་ཀྱིས་མ་འོངས་པར་ཉོན་མོངས་རྣམས་སྐྱེ་བ་དང་། དེ་དག་དེའི་ཚོད་ཀྱིས་ཤུགས་ཀྱང་ཆེ་བ་ཡོད། 

ང་ཚོས་གོང་དུ་མཐོང་བ་ལྟར། ང་ཚོས་སྤྲོ་བའི་སྒོ་ནས་ཡུལ་ཞིག་མྱོང་བའི་སྐབས། ང་ཚོས་དེ་གཏི་མུག་དང་། ཞེན་ཆགས། འདོད་ཆགས། འདོད་རྔམ། སྡང་འཛིན། ཡང་ན་ཁོང་ཁྲོ་བཅས་ཉོན་མོངས་དེ་དག་མེད་པའི་ཐོག་མྱོང་གི་ཡོད། ང་ཚོས་ཡུལ་མྱོང་བ་ནི་ཡུལ་དེའི་རང་བཞིན་ངོ་མ་གང་ཡིན་པ་དེ་ག་རང་ལ་སྒྲོ་འདོགས་མི་བྱེད་པའམ་དེའི་བཟང་ངན་གྱི་ཆ་ལ་སྣང་མེད་མི་གཏོང་བའི་སྒོ་ནས་ངོས་ལེན་བྱེད་པ་ལ་གཞི་བྱས་ཡོད། དངོས་པོ་རྣམས་མྱོང་ཚུལ་དེ་ནི་དགེ་བའི་སྤྱོད་ལམ་གྱི་གོམས་པ་ལས་བྱུང་ཞིང་། དེ་ལ་བརྟེན་ནས་ང་ཚོས་སྒྲོ་འདོགས་མི་བྱེད་པའམ་དེའི་བཟང་ངན་གྱི་ཆ་ལ་སྣང་མེད་མི་གཏོང་བའི་སྒོ་ནས་མི་རྣམས་དང་། དངོས་པོ། ཡང་ན་གནས་སྟངས་ཀྱི་རང་བཞིན་ངོ་མ་གང་ཡིན་པ་དེ་ངོས་ལེན་བྱེད་པ་ལ་གཞི་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་སྤྱོད་སྤེལ་གྱི་ཡོད།

བདེ་བའི་ནུས་པ་སྨིན་པའི་རྐྱེན།

བདེ་བ་དང་སྡུག་བསྔལ་ལ་བརྟེན་ནས་ང་ཚོའི་ཡུལ་དང་རྟོག་པ་ཉམས་སུ་མྱོང་ཚུལ་དེ་ཡུལ་དང་རྟོག་པ་རང་གིས་ཐག་བཅད་པ་ཞིག་མིན། ང་ཚོས་གོང་དུ་མཐོང་བ་ལྟར། གལ་ཏེ་ཕུགས་རྒྱང་རིང་པོའི་སྔོན་གྱི་སྤྱོད་ལམ་ལ་བརྟེན་ནས་ང་ཚོས་གནད་དོན་དེ་དག་གི་བཟང་ཕྱོགས་དང་ངན་ཕྱོགས་རྣམས་ལ་སྒྲོ་འདོགས་བྱེད་པའམ་སྣང་མེད་གཏོང་རྒྱུ་སྤོང་བའི་གོམས་གཤིས་བསྐྱེད་ཡོད་ན། ཐ་ན་སོའི་རྩ་བའི་བུ་གའི་གདུང་བ་དེ་ཡང་བདེ་བའི་སེམས་ཀྱི་གནས་བབས་ཤིག་གི་ནང་ང་ཚོས་མྱོང་ཐུབ། བདེ་བའི་མཚན་ཉིད་ཀྱི་སྟེང་ལ་སླར་ཡང་འགྲོ་བར། ང་ཚོས་དེ་ནི་རང་ཉིད་ལ་ཕན་གྱི་འདུག་ཅེས་ཡིད་ཆེས་བྱེད་པར་གཞི་བྱས་ནས་བྱ་བའི་རྒྱུད་རིམ་དེ་འདོད་བློ་ཚིམས་པ་ཞིག་གི་ཐོག་ནས་མྱོང་གི་རེད།

ང་ཚོས་ཉོན་མོངས་པའི་དབང་དུ་སྒོ་གསུམ་གྱི་བྱ་སྤྱོད་སྤེལ་རྒྱུ་སྤོང་བའི་གོམས་གཤིས་བཟོས་ཡོད་སྲིད་པ་དང་། སྤྲོ་བའི་སྒོ་ནས་ཡུལ་དང་རྟོག་པ་མྱོང་བའི་ནུས་པ་ཞིག་བསྐྲུན་ཡོད་ནའང་། ད་དུང་ཡང་ནུས་པ་དེ་བདེ་བའི་མྱོང་བ་ཞིག་གི་ནང་སྨིན་པར་རྐྱེན་འགའ་ཞིག་དགོས་ངེས་ཆགས་ཡོད། ང་ཚོས་ཤེས་གསལ་ལྟར། ང་ཚོའི་མྱོང་བའི་ཡུལ་དེ་ང་ཚོས་སྤྲོ་བའི་སྒོ་ནས་སམ་གདུང་བའི་སྒོ་ནས་མྱོང་གི་ཡོད་མེད་ཐག་གཅོད་དགོས་ངེས་ཤིག་མིན། དེ་ལས་ལྡོག་སྟེ། སྤྲོ་བའི་སྒོ་ནས་ཡུལ་ཞིག་མྱོང་བ་ནི། ཡུལ་དེ་སོའི་རྩ་བའི་བུ་ག་གསོར་འབིགས་བྱེད་པའི་ལུས་ཀྱི་ཚོར་བ་གདུང་བའམ་ཡང་ན་རང་ཉིད་ལ་བརྩེ་བའི་མི་དེ་མཐོང་བ་གང་ཡིན་མིན་ལ་མ་བལྟོས་པར། ཡུལ་དེ་དོན་ངོ་མ་གང་ཡིན་པ་དེ་ངོས་ལེན་བྱེད་པའི་བློའི་ཁྱེར་སོ་ལ་ཤུགས་ཆེན་རག་ལུས་ཡོད། བྱས་ཙང་། ང་ཚོའི་བསམ་ཕྱོགས་དང་སེམས་ཀྱི་གནས་བབས་ནི། ཡུལ་གང་ཞིག་མཐོང་བ་དང་། ཐོས་པ། དྲི་མ་སྣོམ་པ། དྲོ་བ་མྱོང་བ། ལུས་ཀྱིས་རེག་པའམ་བསམ་བློ་གཏོང་བ་སོགས་གང་ཡིན་ནའང་འདྲ་སྟེ། བདེ་བ་དང་སྡུག་བསྔལ་གང་ཚོར་བའི་སྐད་ཅིག་དེ་ནི་གནད་འགག་ཆེན་པོ་ཡིན། 

ང་ཚོས་གནད་དོན་ཞིག་གང་ཡིན་པ་དང་དེའི་ཐད་ལ་གཏི་མུག་ཅན་མིན་པའི་དངོས་པོའི་གནས་ལུགས་དེ་ངོས་ལེན་བྱེད་པའི་སྐབས། དེའི་ཁྱད་ཆོས་བཟང་ངན་ལ་སྒྲོ་འདོགས་བྱེད་ཀྱི་མེད་ལ་སྣང་མེད་གཏོང་གི་མེད་པ་དེ་ང་ཚོས་མཐོང་ཡོད། དེར་བརྟེན་ང་ཚོས་ཡུལ་དེ་ཞེན་ཆགས་དང་། འདོང་རྔམ། འདོད་ཆགས། ཡང་མིན་ན་སྡང་འཛིན་དང་ཁོང་ཁྲོ་ལ་བརྟེན་ནས་ཉམས་སུ་མྱོང་གི་མེད། དེ་འདྲ་སོང་ཙང་། དུས་སྐབས་གང་རུང་ཞིག་གི་ནང་། བདེ་བ་དེ་སྨིན་པར་སྐུལ་རྐྱེན་བྱེད་པར་གང་གིས་རོགས་བྱེད་ཀྱི་ཡོད་ཅེ་ན། དེ་ནི་བྱིས་བློ་གཏི་མུག་གི་རང་བཞིན་དང་བྲལ་བ་དེས་རོགས་བྱེད་ཀྱི་ཡོད། 

གཏི་མུག

སྡུག་བསྔལ་གྱི་དུས་སྐབས་བྱེ་བྲག་གང་རུང་ནང་། གཏི་མུག་ནི་ངེས་པར་དུ་ང་ཚོས་མྱོང་བཞིན་པའི་ཡུལ་གྱི་ཐད་ལ་རྨོངས་པ་ལ་ཚད་བཀག་བྱས་མེད། གཏི་མུག་གི་རང་བཞིན་ལ་དེ་ལས་རྒྱ་ཆེ་བའི་ཚད་ཅིག་ཡོད། དེ་ནི་སོ་སོ་རང་ཉིད་ལ་ཚུར་དམིགས་པ་གཏད་ཆོག །ང་ཚོས་ཧ་ཅང་སྡུག་བསྔལ་གྱི་སྒོ་ནས་དཀའ་ངལ་ཞིག་མྱོང་བའི་སྐབས། གཏི་མུག་ལ་བརྟེན་ནས་སོ་སོ་རང་ཉིད་ཁོ་ནར་འཛིན་མཁན་ལྟ་བུ་ཆགས་ནས་ཐ་ན་དཀའ་ངལ་འདི་ནམ་ཡང་མྱངས་མེད་པ་དེ་སོ་སོ་ཁོ་ན་ཡིན་བསམ་སྲིད་པ་རེད། 

ཁྱེད་ཀྱི་ལས་ཀ་ཤོར་བའི་དཔེ་མཚོན་དེ་ལ་ཆ་བཞག་ན། དངོས་ཡོད་གནས་ཚུལ་ལ་ལས་ཀ་ཤོར་ནས་ད་ལྟ་ལས་མེད་ཡིན་པ་འཛམ་གླིང་ནང་མི་ས་ཡ་མང་པོ་ཡོད། ང་ཚོས་མི་རྟག་པ་ལ་མ་རྨོངས་པའི་སྒོ་ནས་རང་གི་གནས་སྟངས་ཀྱི་ཐད་ལ་བསམ་བློ་གཏོང་ཆོག །དཔེར་ན། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་ཆོས་ཡོད་དོ་ཅོག་རྒྱུ་སྐྱེན་གཞན་གྱིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དང་མཐར་འཛད་འགྲོ་གི་ཡོད་པ་ང་ཚོས་དྲན་གྱི་ཡོད། དེ་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན་ཆོག །དེ་ལས་ཀྱང་ཕན་ནུས་ཆེ་བ་ཞིག་ནི། ང་ཚོའི་བསམ་བློའི་རྒྱ་ཁྱོན་དེ་རྒྱ་སྐྱེད་བཏང་ནས། གལ་ཏེ་ཁོང་ཚོ་ལ་དཀའ་ངལ་དེ་བྱུང་ཡོད་ན། ང་ཚོ་ཙམ་མིན་པར། གཞན་ཐམས་ཅད་ཀྱི་ལས་ཀ་ཤོར་བའི་དཀའ་ངལ་རྣམས་འཚུད་པར་བྱེད་ཆོག །ང་ཚོས་ “འདི་ནི་ང་གཅིག་པུའི་དཀའ་ངལ་མ་རེད། འདི་ནི་མི་ཧ་ཅང་མང་པོའི་དཀའ་ངལ་རེད། ང་རང་གཅིག་པུ་ལ་དཀའ་ངལ་འདི་སེལ་ཐབས་དགོས་པ་མིན་པར། མི་གཞན་ཚང་མ་ལའང་དཀའ་ངལ་འདི་སེལ་ཐབས་ཤིག་དགོས་ཀྱི་ཡོད། མི་ཚང་མ་དཀའ་ངལ་དང་སྡུག་བསྔལ་འདི་ལྟ་བུ་ལས་ཐར་དགོས་ཀྱི་ཡོད་” ཅེས་བསམ་དགོས། དེ་ནི་དོན་ངོ་མའི་དངོས་ཡོད་གནས་ཚུལ་དེ་རེད།
 
གཏི་མུག་མེད་པའི་བསམ་བློ་གཏོང་ཚུལ་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོས་གཞན་གྱི་དོན་དུ་སྙིང་རྗེ་སྐྱེད་དགོས་པ་ལས། རང་གིས་རང་ལ་ཤ་ཚ་དང་ཡ་ང་སྙིང་རྗེའི་ནང་འཐིམ་རྒྱུ་མེད། ང་ཚོའི་སེམས་ནི་གུ་དོག་པོའི་སྒོ་ནས་རང་ཁོ་ནའི་དོན་དུ་དམིགས་ཀྱི་མེད་པར། གཞན་ཐམས་ཅད་ལ་གནས་སྟངས་གཅིག་གི་ནང་གུ་ཡངས་ཀྱི་བསམ་བློ་རྒྱ་ཆེ་བ་གཏོང་གི་ཡོད། དཀའ་ངལ་ལས་ཐར་བའི་ཆེད་རོགས་བྱེད་འདོད་ལ་བརྟེན་ནས་རང་སོ་སོ་སྒེར་གྱི་དཀའ་ངལ་རྣམས་ཉུང་དུ་འགྲོ་གི་ཡོད། ང་ཚོས་དེ་དག་ལ་ཕྱོགས་ལྷུང་མེད་པའི་ཚུལ་གྱིས་གདོང་ལེན་བྱ་རྒྱུའི་ནུས་ཤུགས་དང་བློ་སྤོབས་སྐྱེད་ཀྱི་ཡོད། ང་ཚོ་སོ་སོའི་ལས་ཀ་ཤོར་འདོད་མེད། འོན་ཀྱང་བཏང་སྙོམས་ལ་བརྟེན་ནས་ང་ཚོས་དངོས་ཡོད་གནས་སྟངས་དེ་ངོས་ལེན་བྱེད་ཀྱི་ཡོད། གཞན་གྱི་དོན་དུ་བསམ་བློ་བཏང་ནས། ད་ང་ཚོས་གཞན་ལ་ཕན་པའི་གོ་སྐབས་ཡོད་བསམ་པའི་བློ་ལ་བརྟེན་ནས་ཐ་ན་ང་ཚོ་ད་དུང་ཡང་སྐྱིད་པོ་ཡོད་སྲིད།

སྙིང་རྗེ་དང་བདེ་སྐྱིད་དབར་ཀྱི་འབྲེལ་བ།

སྙིང་རྗེ་ནི་ང་ཚོས་སྤྲོ་བའི་སྒོ་ནས་ཡུལ་ཞིག་གམ་གནས་སྟངས་ཤིག་མྱོང་དུ་འཇུག་མཁན་གྱི་རྐྱེན་གཙོ་བོ་ནང་གི་གཅིག་རེད། ཡིན་ནའང་དེའི་ལས་ཀ་ཇི་ལྟར་བྱེད་དམ། སྙིང་རྗེ་ནི་ང་ཚོས་སོ་སོ་རང་ཉིད་ལ་ཡིད་སྨོན་བྱེད་པ་ནང་བཞིན་གཞན་ལ་དམིགས་ནས་དེ་དག་གི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་མེད་པ་གྱུར་ན་བསམ་པའི་འདུན་སེམས་དེ་རེད། འོན་ཀྱང་ང་ཚོས་གཞན་གྱི་སྡུག་བསྔལ་ལ་དམིགས་པའི་སྐབས། ང་ཚོ་སེམས་སྡུག་ཡོང་བ་ལས་སྐྱིད་པོ་མི་ཡོང་། ཡང་མིན་ན་ང་ཚོའི་ཚོར་བ་བཀག་ནས་ཡོད་པ་དང་གང་ཡང་མི་ཚོར་བ་ཆགས་ཡོད་སྲིད། དེ་གཉིས་གང་ཡིན་རུང་ང་ཚོས་གཞན་གྱི་སྡུག་བསྔལ་ལ་སྐྱིད་པོ་ཚོར་གྱི་མེད། བྱས་ཙང་། སྙིང་རྗེས་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་ཇི་ལྟར་སྐྱེད་པར་བྱེད་དམ། 

འདི་ཤེས་རྟོགས་ཡོང་བར། ང་ཚོས་ཟང་ཟིང་གི་ཚོར་བ་དང་ཟང་ཟིང་མེད་པའི་ཚོར་བ་གཉིས་ཀྱི་དབར་ཁྱད་པར་འབྱེད་དགོས། འདིར་ངས་ཚིག་དེ་དག་དམ་བསྒྲགས་ཅན་གྱི་མཚན་ཉིད་ལ་བརྟེན་ནས་བཀོལ་སྤྱོད་བྱེད་ཀྱིན་མེད། ཡིན་ནའང་ཐུན་མོང་དང་ཕལ་སྐད་ཤས་ཆེ་བའི་སྒོ་ནས་བཀོལ་ཀྱིན་ཡོད། ཁྱད་པར་ནི་བདེ་བ་དང་། སྡུག་བསྔལ། བཏང་སྙོམས་གསུམ་པོ་གཏི་མུག་དང་ཚོར་བ་དེ་རང་ལ་རྨོངས་པ་དང་འདྲེས་ཡོད་མེད་དེ་རེད། ང་ཚོས་སྤྱིར་བཏང་བདེ་བ་དང་སྡུག་བསྔལ་ཁྱད་པར་འབྱེད་པའི་སྐབས། འགྱུར་ལྡོག་ཅན་དེ་ནི་ང་ཚོས་མྱོང་བཞིན་པའི་ཡུལ་གྱི་ཐད་རྨོངས་པ་ཡོད་མེད་དེ་ཡིན་པ་ང་ཚོས་དྲན་དགོས། དཔེར་ན། སྐབས་འདིར་ང་ཚོས་ཐ་ན་སྤྲོ་བའི་སྒོ་ནས་མྱོང་བའི་ཡུལ་གྱི་ཁྱད་ཆོས་རྣམས་ལ་སྒྲོ་འདོགས་མི་བྱེད་པའམ་ངོས་ལེན་མི་བྱེད་པ་ཡིན་ནའང་། ད་དུང་ཡང་སྐྱིད་པོ་མེད་པའི་ཚོར་བ་དེ་ང་ཚོའི་སེམས་ཀྱི་ནང་འཁོར་བཞིན་པའི་མུན་ནག་གི་སྤྲིན་པ་མཐུག་པོ་ཞིག་ལྟ་བུ་རྡོག་རྡོག་ཚུགས་ཐུབ་ཏུ་བདེན་པར་གྲུབ་པ་ཞིག་སྐྲུན་སྲིད། དེ་ནས་ང་ཚོས་ཚོར་བ་དེའི་ཁྱད་ཆོས་ངན་པ་རྣམས་ལ་སྒྲོ་འདོག་བྱེད་པ་དང་། དེ་ནི་དཔེར་ན། “འཇིགས་སུ་རུང་བའི་སེམས་ངལ་” ཞིག་ཏུ་བསམ་བློ་འཁོར་བ་དང་ང་ཚོ་དེའི་ནང་ལ་འཁར་བ་ཚོར་གྱི་ཡོད། སྐབས་འདིར་གཏི་མུག་གི་རང་བཞིན་གྱིས་གནད་དོན་གང་ཡིན་པ་དེ་ལ་སྡུག་བསྔལ་ཚོར་བ་དེ་ངོས་ལེན་བྱས་མེད། གང་ལྟར་ཡང་། སྡུག་བསྔལ་གྱི་ཚོར་བའི་ངར་ཤུགས་དེ་འགྱུར་བ་འགྲོ་བ་དང་བསྟུན་ནས་སྡུག་བསྔལ་གྱི་ཚོར་བ་དེ་ཡང་སྐད་ཅིག་སྐད་ཅིག་ནས་འགྱུར་བ་འགྲོ་གི་ཡོད། བྱས་ཙང་། དེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གཅིག་པུ་དང་བདེན་པར་གྲུབ་པའི་རང་དབང་ཅན། གཞན་གང་ལའང་བརྟེན་མི་དགོས་པ་ཞིག་མིན། 

ང་ཚོས་གཞན་གྱི་སྡུག་བསྔལ་ལ་བསམ་པའི་སྐབས། གང་ཡང་མི་ཚོར་བ་དེ་ལ་བརྟག་དཔྱད་གཅིག་མཚུངས་ཤིག་ལག་བསྟར་བྱེད་ཆོག །འདིར་ང་ཚོས་སེམས་སྡུག་དང་སྡུག་བསྔལ་ཚོར་བའི་ཁྱད་ཆོས་ངན་པ་རྣམས་ལ་སྒྲོ་འདོགས་བྱེད་པའི་སྐབས། དེ་ཚོར་བར་ཞེད་སྣང་སྐྱེ་གི་ཡོད། བྱས་ཙང་། ང་ཚོས་དེ་བཀག་འགོག་བྱེད་ཀྱི་ཡོད། དེ་ནས་ང་ཚོས་བདེ་བ་མིན་ལ་སྡུག་བསྔལ་མིན་པའི་ཚོར་བ་བཏང་སྙོམས་ཤིག་མྱོང་གི་ཡོད། འོན་ཀྱང་ང་ཚོས་ཚོར་བ་བཏང་སྙོམས་དེ་ལའང་སྒྲོ་འདོགས་བྱེད་ཀྱི་ཡོད། དེ་ཡང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཏུ་བསམ་བློ་གཏོང་གི་ཡོད། དཔེར་ན། “གང་ཡང་མེད་པའི་” རྡོག་རྡོག་ཧ་ཅང་ཆེན་པོ་ཞིག་ང་ཚོའི་རྒྱུད་ལ་སྡོད་ཡོད་པ་དང་། དེས་ང་ཚོས་ལྷག་བསམ་རྣམ་དག་གིས་གང་ཡང་ཚོར་བར་འགོག་རྐྱེན་བྱེད་ཀྱིན་ཡོད། 

སྙིང་རྗེ་སྐྱེད་པར། གཞན་གྱི་གནས་སྟངས་དཀའ་ངལ་ཅན་རྣམས་ལ་སེམས་སྐྱོ་དགོས་པ་ཡིན་པ་དེ་སྣང་མེད་དུ་མི་བསྐྱུར་རྒྱུ་དེ་གལ་ཆེན་པོ་རེད། དེ་ཡང་སོ་སོ་གནས་སྟངས་དེ་འདྲ་དང་འཕྲད་སྲིད། དཔེར་ན། ང་ཚོའི་ལས་ཀ་ཤོར་བའི་སྐབས་ལྟ་བུ་རེད། སེམས་སྡུག་དེ་ཚོར་བ་དང་། དེ་བཀག་འགོག་བྱེད་པ། ཡང་ན་དྲག་གནོན་བྱེད་པར་ཞེད་སྣང་སྐྱེ་བ་ནི་ཡག་པོ་ཞིག་མིན་ངེས་རེད། ང་ཚོས་སེམས་སྡུག་དེ་ཚོར་དགོས་ཀྱི་ཡོད། ཡིན་ནའང་དེ་ནི་ཟང་ཟིང་མེད་པའི་སྒོ་ནས་ཚོར་དགོས། དེ་ཡང་གཞན་གྱི་སྡུག་བསྔལ་ཤེས་ཚོར་ཐུབ་པའི་ཆེད་དང་། གཞན་རྣམས་དེ་ལས་ཐར་བའི་བསམ་པ་རྣམ་དག་གི་ཡིད་སྨོན་སྐྱེད་པ། དེ་བཞིན་དེ་ལས་ཐར་བའི་ཆེད་རོགས་བྱེད་ཐབས་སུ་འགན་འཁྲི་དང་དུ་ལེན་པ་བཅས་རེད། མདོར་བསྡུས་ན། ནང་པའི་བསླབ་བྱ་ནི། “སེམས་སྡུག་གི་ཚོར་བ་ལས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ཆོས་ཤིག་སྐྲུན་རྒྱུ་མེད་པ་དང་། དེ་ལས་གནས་ཚུལ་ཆེན་པོ་བཟོ་མི་ཉན་” ཞེས་པ་དེ་རེད། 

སེམས་ཞི་འཇམ་བཟོ་བ།

ཟང་ཟིང་མེད་པའི་སྒོ་ནས་སེམས་སྡུག་གི་ཚོར་བ་མྱོང་བར། ང་ཚོས་སེམས་ཀྱི་གཡེང་བ་དང་བྱིང་བ་ཡོངས་སུ་རྫོགས་པ་ཞི་འཇམ་བཟོ་དགོས། སེམས་གཡེང་བ་ལ་བརྟེན་ནས་ང་ཚོའི་དོ་སྣང་དེ་སེམས་འཁྲལ་དང་། རེ་དྭོགས། འཇིགས་སྐྲག་གིས་ཁེངས་པའི་ཕྱི་རོལ་གྱི་ཉོན་མོངས་པའི་བསམ་བློའི་ནང་བརླག་འགྲོ་བའམ། ཡང་ན་ང་ཚོས་གང་རེ་བ་བྱེད་པ་དེ་སྤྲོ་ཉམས་ཆེ་བ་ཞིག་ཡོང་གི་རེད་བསམ་པའི་རེ་འདུན་གྱིས་ཁེངས་པའི་བསམ་བློའི་ནང་བརླག་འགྲོ་གི་ཡོད། སེམས་ཀྱི་བྱིང་བ་ལ་བརྟེན་ནས་ང་ཚོ་སེམས་ཀྱི་སྨུགས་པ་ཞིག་གི་ནང་ལྷུངས་ནས་གང་ལའང་དོ་སྣང་མེད་པ་ཆགས་ཀྱི་ཡོད།

ནང་ཆོས་ནི་ང་ཚོའི་སེམས་ཀྱི་གནས་བབས་བྱིང་བ་དང་གཡེང་བ་སྤོང་བའི་ཐབས་ལ་ཕྱུག་པ་ཞིག་རེད། དེ་དག་ལས་རྨང་གཞིར་གྱུར་བའི་ཐབས་ལམ་ཞིག་ནི། ང་ཚོའི་དབུགས་ལ་དམིགས་པ་གཏད་ནས་རང་གི་སེམས་ཞི་འཇམ་བཟོ་རྒྱུ་དེ་རེད། སེམས་ཀྱི་གཡེང་བ་དང་བྱིང་བ་ཉུང་ཤོས་ལ་བརྟེན་ནས་ང་ཚོའི་སེམས་འདི་ཞི་འཇམ་ལ་བག་ཕེབས་པོ་ཡོང་གི་ཡོད། སེམས་ཀྱི་གནས་བབས་དེ་འདྲའི་ནང་། ང་ཚོས་གཞན་གྱི་དཀའ་ངལ་དང་སྡུག་བསྔལ་ལ་སྒྲོ་བཏགས་དང་། སྡང་འཛིན། ཡང་ན་སྣང་མེད་རྒྱ་ཡན་གང་ཡོད་པ་དང་། སོ་སོ་རང་ཉིད་ལ་ཁོང་ཚོའི་སྐོར་ཚོར་བ་གང་ཡོད་རུང་དེ་དག་ལ་ལས་སླ་པོའི་སྒོ་ནས་ཞི་འཇམ་བཟོ་ཐུབ། དེ་ནས་ང་ཚོ་ཐོག་མར་སེམས་སྡུག་ཚོར་ནའང་། དེ་ནི་སེམས་སྡུག་པ་ཞིག་མེད། 

མཐར་ང་ཚོའི་སེམས་དལ་ལྷོད་ངང་གནས་པ་དང་ཞི་འཇམ་དུ་འགྲོ་བའི་ཚེ། ང་ཚོས་བདེ་སྐྱིད་ཀྱི་རིམ་པ་དམའ་བ་ཞིག་རང་བཞིན་གྱིས་ཚོར་གྱི་རེད། སེམས་དང་སེམས་ཚོར་གྱི་གནས་བབས་ཞི་བདེ་བག་ཕེབས་ཀྱི་ནང་། སེམས་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་བདེ་སྐྱིད་དེ་མངོན་དུ་འགྱུར་གྱི་ཡོད། གལ་ཏེ་ང་ཚོས་བདེ་སྐྱིད་མྱོང་བའི་ཆེད་དགེ་བའི་སྤྱོད་ལམ་ལ་ཞུགས་ནས་ནུས་པའི་ཤུགས་འདང་ངེས་ཤིག་བསྐྱེད་ཡོད་ན། ང་ཚོའི་སེམས་ཞི་བདེ་བག་ཕེབས་ཀྱི་གནས་བབས་དེས་འབྲས་བུ་སྨིན་པར་རྐྱེན་སློང་བའི་རོགས་བྱེད་ཀྱི་ཡོད། 

བྱམས་པ་སྐྱེད་པ།

ང་ཚོས་བྱམས་པའི་བསམ་བློ་ལ་བརྟེན་ནས་བདེ་སྐྱིད་འདི་གོང་འཕེལ་གཏོང་དགོས། བྱམས་པ་དེ་གཞན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་བསམ་པའི་འདུན་སེམས་དེ་རེད། དེ་ལྟ་བུའི་འདུན་སེམས་ནི་རང་བཞིན་གྱིས་སྙིང་རྗེའི་སེམས་ཚོར་ལས་འབྱུང་གི་ཡོད། ང་ཚོ་མི་གཞན་གྱི་གདུང་བ་དང་མྱ་ངན་ལ་སེམས་སྡུག་བྱེད་ཀྱི་ཡོད་ནའང་། ཧུར་བརྩོན་དང་བཅས་མི་དེ་བདེ་སྐྱིད་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་བཞིན་པའི་སྐབས། དེ་འདྲ་ཞིག་ཚོར་རྒྱུ་དེ་དཀའ་ལས་ཁག་པོ་ཡོད། ང་ཚོས་སོ་སོ་རང་ཉིད་ཀྱི་དོན་དུ་བསམ་བློ་གཏོང་རྒྱུ་མཚམས་བཞག་ནས་གཞན་གྱི་བདེ་སྐྱིད་དོན་དུ་དམིགས་པ་གཏད་པའི་སྐབས། སེམས་འདི་རང་བཞིན་གྱིས་བརྩེ་སེམས་ཅན་ཆགས་ཀྱི་ཡོད། འདིས་ང་ཚོར་མུ་མཐུད་དེ་རང་ཤུགས་ཀྱིས་བདེ་སྐྱིད་ཀྱི་ཚོར་བ་འཇམ་པོ་སྐྱེད་པར་བྱེད་པ་དང་། ང་ཚོའི་དགེ་བའི་སྤྱོད་ལམ་འདིས་རྒྱུན་རིང་པོ་ནས་བསགས་ཤིང་། བདེ་སྐྱིད་མྱོང་བའི་ནུས་པ་མང་བ་རྐྱེན་སློང་བྱེད་ཐུབ། དེར་བརྟེན་བྱམས་པ་དེ་རང་ཉིད་བློས་གཏོང་དང་ལྷག་བསམ་རྣམ་དག་ཡིན་པའི་སྐབས། འཇམ་པའི་བདེ་སྐྱིད་ཀྱིས་དེ་ལ་གྲོགས་བྱེད་ཀྱི་ཡོད། དེ་ནི་སེམས་སྡུག་བློ་ཕམ་གྱི་གནས་ཤིག་མིན་པར་སེམས་སྡུག་དེ་ཡལ་འགྲོ་གི་ཡོད། དེ་ཡང་དཔེར་ན། ཕ་མ་མགོ་ན་བཞིན་ཡོད་པའི་སྐབས། རང་གི་བུ་ཕྲུག་ནད་པ་ལ་གཅེས་སྐྱོང་བྱེད་བཞིན་དུ་རང་གི་མགོ་ན་རྒྱུ་དེ་དྲན་པ་བརྗེད་པ་ནང་བཞིན་རེད། དེ་དང་མཚུངས་པར་གཞན་ཞིག་གི་རྐྱེན་ངན་གོད་ཆག་ལ་ང་ཚོས་སེམས་སྡུག་བྱེད་པ་དེ་ང་ཚོས་བྱམས་པའི་བསམ་བློའི་འོད་མདངས་བཀྱེ་བའི་སྐབས་ཡལ་འགྲོ་གི་ཡོད། 

ཕྱོགས་བསྡོམས།

མདོ་དོན་ནང་ཆོས་ལྟར་བྱས་ན། ཕུགས་རྒྱང་རིང་པོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་གཞི་རྩ་ལྟ་བུ་ནི་འདོད་ཆགས་དང་། ཞེ་སྡང་། ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པའི་དབང་དུ་མི་དགེ་བའི་ལུས་ངག་ཡིད་གསུམ་གྱི་ལས་རྩོམ་གྱུར་སྤོང་བའི་གོམས་གཤིས་ཤིག་སྐྲུན་དགོས་པ་དེ་རེད། ཉོན་མོངས་པ་དེ་དག་ཀྱང་གཏི་མུག་ལ་ཐུག་ཡོད། མ་འོངས་པར་བདེ་སྐྱིད་མྱོང་བའི་ཆེད་དགེ་བའི་སྤྱོད་ལམ་གྱིས་ང་ཚོའི་སེམས་རྒྱུད་ལ་ནུས་པ་སྐྲུན་གྱི་ཡོད། ང་ཚོས་མྱོང་བའི་ཡུལ་དང་གནས་སྟངས་གང་རུང་གི་ཁྱད་ཆོས་བཟང་པོ་དང་ངན་པ་ལ་སྒྲོ་འདོགས་མི་བྱེད་པ་དང་སྣང་མེད་མི་གཏོང་བའི་སྒོ་ནས་ནུས་པ་དེ་དག་འབྲས་བུ་སྨིན་པའི་རྐྱེན་སློང་བྱེད་ཆོག །ཡང་ན་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ལ་བརྟེན་ནས་ང་ཚོས་དེ་མྱོང་གི་ཡོད་པའམ་ཡུལ་དང་གནས་སྟངས་གང་ཡིན་སྲིད་པ་ལ་བལྟོས་མེད་ཀྱིས་རྐྱེན་སློང་བྱེད་ཆོག །གཏི་མུག་མེད་པ་སོང་ཙང་། འདོད་ཆགས་དང་ཞེ་སྡང་ཡང་ན་སྣང་མེད་རྒྱ་ཡན་མེད་པའི་སྒོ་ནས་ང་ཚོའི་སེམས་ཀྱི་གཡེང་བ་དང་བྱིང་བ་ཞི་འཇམ་བཟོ་དགོས། དམིགས་བསལ་ང་ཚོས་སེམས་ནང་གི་སེམས་འཁྲལ་དང་རེ་འདུན་རྣམས་ཞི་འཇམ་བཟོ་དགོས། དེ་ལྟ་བུའི་ཞི་བདེ་བག་ཕེབས་ཀྱི་སེམས་ཀྱི་གནས་བབས་ཀྱི་ནང་། ང་ཚོས་བདེ་སྐྱིད་ཀྱི་རིམ་པ་དམའ་བ་ཞིག་ཚོར་ཟིན་པ་དང་། ད་དུང་དེ་ལས་སྐྱིད་པ་ཚོར་བའི་ཆེད་ང་ཚོར་ཡོད་སྲིད་པའི་ནུས་པ་རྐྱེན་སློང་བྱེད་ཀྱི་རེད། 

དེའི་རྗེས་སུ་དོ་སྣང་དེ་གཞན་གྱི་དཀའ་ངལ་ལ་ཁ་ཕྱོགས་སྒྱུར་དགོས་པ་དང་། ཁོང་ཚོ་ང་ཚོ་ལས་ཀྱང་སྡུག་པའི་གནས་སྟངས་ཀྱི་ནང་ཇི་ལྟར་གནས་ཀྱི་ཡོད་སྲིད་པའི་ཐོག་ལ་ང་ཚོས་སོ་སོའི་སེམས་དེ་རྒྱ་སྐྱེད་གཏོང་དགོས། ང་ཚོས་སོ་སོ་རང་ཉིད་ཁོ་ནའི་དོན་དུ་བསམ་བློ་གཏོང་རྒྱུ་དེ་མཚམས་འཇོག་བྱེད་དགོས། གལ་ཏེ་གཞན་ཐམས་ཅད་སྡུག་བསྔལ་ལས་བྲལ་ན་ཅི་མ་རུང་ཞེས་དང་། སྡུག་བསྔལ་ལས་ཐར་བའི་ཆེད་ང་ཚོས་རོགས་བྱེད་ཐུབ་ན་ཅི་མ་རུང་ཞེས་བསམ་བློ་གཏོང་དགོས། དེ་ལྟ་བུའི་སྙིང་རྗེ་ཤུགས་ཆེན་དེས་ཁོང་ཚོར་བདེ་སྐྱིད་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་གྱི་བྱམས་བརྩེའི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེད་འཇུག་གི་རེད། གཞན་གྱི་བདེ་སྐྱིད་ལ་བསམ་བློ་གཏོང་བ་དེས་ང་རང་ཚོ་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་དེ་སྨིན་པའི་ནུས་པ་ལ་རྐྱེན་སློང་མང་བ་བྱེད་ཀྱི་ཡོད། 

སྙིང་རྗེ་དང་བྱམས་པའི་བསམ་བློ་དེ་དག་ལ་བརྟེན་ནས་ང་ཚོའི་བློ་དེ་སངས་རྒྱས་རྣམས་དང་ཡང་ན་འགྲོ་བ་མིའི་བདེ་རྩའི་ཆེད་སེམས་ཁུར་ཅན་གྱི་སྐྱེས་བུ་དམ་པ་གང་རུང་ལ་ཁ་ཕྱོགས་ན་འགྲིགས། ཁོང་རྣམ་པའི་དཔེ་ལ་བསམ་བློ་བཏང་ནས་ང་ཚོས་དངོས་སུ་འབད་བརྩོན་དང་བཅས་གཞན་ལ་ཕན་འདོགས་པའི་འགན་འཁྲི་བླང་བའི་ཆེད་བྱིན་རླབས་དང་སེམས་སྐུལ་འཐོབ་ཀྱི་ཡོད། འདིས་ང་ཚོས་གཞན་གྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་པ་ཙམ་དུ་མ་ཟད། སོ་སོ་རང་ཉིད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ནུས་ཤུགས་དང་བློ་སྤོབས་འཐོབ་པར་རོགས་བྱེད་ཀྱི་ཡོད། དེ་ཡང་གོང་དུ་ཞུས་པ་ལྟར། དེ་དག་ལ་སྒྲོ་འདོགས་མི་བྱེད་པ་དང་ལམ་ལྷོང་མ་བྱུང་བ་བའམ་ཡང་ན་ལམ་ལྷོང་གི་རེ་འདུན་ལ་སེམས་འཁྲལ་མེད་པའི་སྒོ་ནས་གདོང་ལེན་བྱེད་དགོས།།

Top