གཞན་དག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཇི་ལྟར་སྤྲོད་དགོས་སམ།

གལ་སྲིད་མི་གཞན་དག་བསམ་བློ་གུ་ཡངས་དང་གོ་ཤེས་ཅན་ཞིག་ཡིན་ན། གཞི་ནས་ང་ཚོས་མི་དེ་ལ་བཟང་ཕྱོགས་ཀྱི་མི་ཚེ་ཞིག་སྐྱེལ་རྒྱུའི་རོགས་རམ་བྱེད་ཐུབ། ང་ཚོར་ཐུག་པའི་མི་འགའ་ཤས་རང་བཞིན་གྱིས་བློ་གུ་ཡངས་དེ་འདྲ་ཡོང་གི་ཡོད་པ་དང་། ང་ཚོ་ཁ་ཤས་རང་བཞིན་གྱིས་གཞན་ལ་ཡིད་འགུག་གི་ནུས་པ་ཡོད་མཁན་ཞིག་ཡོང་སྲིད། གནས་སྟངས་དེ་དག་ཕུད་ནས་གལ་སྲིད་ང་ཚོ་དངོས་གནས་གཏོང་ཕོད་ཅན་དང་། གཞན་དག་གི་ཡིད་ལ་འཐད་པའི་བསླབ་བྱ་ལམ་སྟོན་བྱེད་པ། དེ་དག་དངོས་སུ་ཉམས་ལེན་བྱེད་ཚུལ་གསལ་པོར་སྟོན་པ། གང་ལམ་སྟོན་བྱས་པ་ནང་བཞིན་ཉམས་ལེན་མིག་དཔེར་འོས་པ་ཞིག་བསྐྲུན་པ་ཡིན་ན། མི་གཞན་དག་ང་ཚོ་ལ་འཁོར་ནས་ང་ཚོའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ལ་དགའ་བསུ་དང་གོ་ཤེས་ལྡན་པ་བྱེད་ཀྱི་རེད།

ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་བྱེད་པའི་སྐབས་སུ་གཞན་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་ཆེད་སངས་རྒྱས་ཡིན་པའི་ཆ་ནས་ང་ཚོ་ལ་དགོས་ངེས་ཅན་གྱི་ཁྱད་ཆོས་བཟང་པོ་རྣམས་སྨིན་ཚད་ལོངས་པ་ཆགས་ཡག་ལ་རྒྱ་ཆེ་ལ་ཕུགས་རིང་པོའི་བསམ་ཕྱོགས་དྲུག་ ༼ཕར་ཕྱིན་དྲུག་༽ རྒྱུད་ལ་བསྐྱེད་པར་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་མི་གཞན་ལ་ཁོ་ཚོའི་ཁྱད་ཆོས་བཟང་པོ་རྣམས་སྨིན་ཚད་ལོངས་པ་ཡོང་བའི་ཆེད་དུའང་རོགས་པ་བྱེད་་པ་ལ། ཐོག་མར་མི་གཞན་རྣམས་ང་ཚོའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་འོག་ལ་བསྡུ་དགོས། སངས་རྒྱས་ཀྱིས་དོན་དེ་ཇི་ལྟར་སྒྲུབ་པ་ལ་ནུས་པ་དང་ལྡན་པའི་ཐབས་ལམ་རིམ་པ་བཞི་ ༼བསྡུ་བའི་དངོས་པོ་བཞི་༽གསུངས་ཡོད་པ་ནི།

༡༽ གཏོང་ཕོད་ཅན། ༼སྦྱིན་པ།༽

ང་ཚོས་གཞན་ལ་གང་ཐུབ་ཀྱིས་གཏོང་ཕོད་ཅན་བྱེད་དགོས། མི་ཞིག་ང་ཚོར་ཐུག་འཕྲད་དུ་ཡོང་སྐབས་ཁོང་ལ་གསོལ་ཇ་ཞལ་ཏོག་འབུལ་རྒྱུ་དང་། གལ་སྲིད་ང་ཚོ་ཕྱི་ལོགས་ལ་ཁ་ལག་བཟའ་བར་འགྲོ་བའི་སྐབས་སུ་སྦྱིན་བདག་བྱས་ནས་དངུལ་སྤྲོད་ནའང་འགྲིག་གི་ཡོད། གཏོང་ཕོད་ཅན་ཟེར་དུས་ཡིན་གཅིག་མིན་གཅིག་མི་ཞིག་ལ་ཅ་དངོས་གང་རུང་ཞིག་སྤྲོད་དགོས་པའི་དོན་མིན་པར། སོ་སོའི་དུས་ཚོད་ལ་གཏོང་ཕོད་ཅན་ཞིག་དགོས་རྒྱུ་ནི་དངོས་གནས་དྲང་གནས་གལ་ཆེན་པོ་ཡིན། དེ་ཡང་ང་ཚོས་དུས་ཚོད་བཏང་ནས་གཞན་གྱི་སྐོར་ལ་ཤེས་འདོད་ཀྱི་བློ་དང་། ཁོ་ཚོའི་དཀའ་ངལ་ལ་བཅོས་མིན་གྱི་དོ་སྣང་དང་སེམས་ཁུར་ཐོག་ནས་ཉན་པ། དེ་བཞིན་ཁོ་ཚོའི་མི་ཚེ་ལ་དོ་གལ་ཆེན་པོ་བརྩི་རྒྱུ་བཅས་ནི་རླབས་ཆེན་གྱི་སྐྱེས་སྟོབས་རིག་རྩལ་ཞིག་ཡིན་པས། ང་ཚོས་ནམ་ཡང་དེ་དག་ལ་མཐོང་ཆུང་བྱེད་རྒྱུ་མེད། དེ་ལྟར་བྱས་པར་བརྟེན་ནས་མི་གཞན་ལ་བརྩི་བཀུར་བྱས་པའི་ཚོར་སྣང་ཞིག་སྤྲོད་ཐུབ་པ་དང་སེམས་ལྷོད་ལྷོད་བཟོ་གི་ཡོད། དེའི་འབྲས་བུ་ནི། མི་གཞན་དག་སྐྱིད་པོ་དང་ང་ཚོ་དང་མཉམ་གཤིབ་བྱེད་པར་བདེ་པོ་དང་སྤྲོ་སྣང་གི་ཚོར་བ་ཞིག་སྦྱིན་ཐུབ། འདི་ནི་ང་ཚོའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ལ་བློ་གུ་ཡངས་པོ་ཡོད་པའི་ཐབས་ལམ་གྱི་རིམ་པ་དང་པོ་དེ་ཡིན།

༢༽ གཞན་གྱི་ཡིད་ལ་འཐད་པའི་གཏམ་བཤད་པ། ༼སྙན་པར་སྨྲ་བ།༽

གཞན་རྣམས་ང་ཚོ་ལ་སྔར་ལས་ལྷག་པའི་བློ་ཁ་གུ་ཡངས་པོ་བཟོ་བའི་ཆེད་ང་ཚོས་ཁོ་ཚོ་དང་མཉམ་དུ་སེམས་བཟང་པོ་དང་ཡིད་ལ་འཐད་པའི་གཏམ་བཤད་བྱེད་དགོས་ཀྱི་ཡོད། འདིའི་དོན་ནི། ཁོ་ཚོར་དབྱིང་དང་དོ་སྣང་ཡོད་པ་གཞིར་བཞག་ཐོག་ཁོ་ཚོ་དང་གོམས་འདྲིས་ཡོད་པའི་སྐད་ཡིག་བེད་སྤྱོད་བཏང་ནས་ཁོ་ཚོས་གོ་ཐུབ་པའི་སྐད་ཆ་ཤོད་སྟངས་དེ་ལ་ཟེར། དེ་ཡང་གཞི་རྩའི་ཐོག་ནས་ཁོང་ཚོ་ང་ཚོ་དང་མཉམ་དུ་བདེ་པོ་ཡོད་པ་བཟོ་དགོས་རྒྱུ་དེ་ཡིན། གཞན་གྱི་འཕྲོད་བསྟེན་དང་འབྲེལ་བའི་སྐོར་ལ་སྐད་ཆ་འདྲི་བ་དང་ཁོང་རྣམས་ཀྱི་མི་ཚེའི་ནང་ག་རེ་འབྱུང་བཞིན་ཡོད་པའི་ཐད་སྤྲོ་སྣང་སྟོན་དགོས། དཔེར་ན། གལ་སྲིད་མི་ཞིག་རྐང་རྩེད་སྤོ་ལོ་ལ་དགའ་པོ་ཡོད་ན། ང་ཚོས་ “དེ་ནི་གླེན་རྟགས་རེད། དུས་ཚོད་འཕྲོ་བརླག་རང་རེད་” ཅེས་བརྗོད་རྒྱུ་མེད། འདི་ནི་གལ་ཆེ་བའི་གནད་དོན་ཞིག་རེད། གང་ཡིན་ཞེ་ན། གལ་སྲིད་ང་ཚོས་དེ་ལྟར་བརྗོད་ན། མི་དེས་ང་ཚོ་ལ་དགའ་བསུ་དང་གོ་ཤེས་ཅན་ཞིག་བྱེད་ཀྱི་མ་རེད། ཁོ་ཚོར་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་པའི་ཚོར་བ་ཡོང་གི་རེད། རྐང་རྩེད་པོ་ལོ་འགྲན་བསྡུར་ལྟ་བུར་མཚོན་ན། རུ་ཁག་སུ་ཐོབ་དང་སུ་ཤོར་གྱི་སྐོར་ཞིབ་ཚགས་པོ་འགྲོ་མི་དགོས་པར། གཞན་དེ་ལ་བརྩི་མཐོང་ངོས་ལེན་བྱས་པའི་ཚོར་སྣང་སྤྲོད་པའི་ཆེད་དུ་ང་ཚོས་རྩེད་མོ་དང་འབྲེལ་བའི་སྐད་ཆ་རོབ་ཙམ་བཤད་ན་འགྲིག་གི་རེད།  གལ་སྲིད་ང་ཚོ་མི་གཞན་ལ་ཕན་ཐོགས་མཁན་ཞིག་བྱེད་རྒྱུའི་རེ་འདོད་དྲག་པོ་བྱེད་ཀྱི་ཡོད་ན། གཞན་ཐམས་ཅད་ཀྱི་དབྱིང་དང་དགའ་མོས་ལ་ང་ཚོས་དགའ་མོས་ཡོད་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་མེད་ན་མི་གཞན་དང་འབྲེལ་འདྲིས་ཇི་ལྟར་བྱེད་ཐུབ་བམ།

དུས་ནམ་ཞིག་གཞན་དེ་ང་ཚོ་ལ་བློ་ཁ་ཡངས་པོ་ཆགས་པ་དང་ང་ཚོས་བརྩི་མཐོང་སྤྲོད་ཀྱི་ཡོད་པའི་ཚོར་བ་སླེབས་ན། ང་ཚོའི་ཡིད་ལ་འཐད་པའི་སྐད་ཆ་ཤོད་ལུགས་དེར་སྔར་ལས་ལྷག་པའི་དོན་སྙིང་མཐོང་ཐུབ། དེ་ལྟར་བྱུང་ན་དུས་དང་གནས་སྐབས་འོས་ཤིང་འཚམས་པ་ཞིག་གི་སྐབས་སུ་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་གཞན་དང་འབྲེལ་བ་ཡོད་པ་དང་ཕན་ཐོགས་ཡོད་པའི་ཆ་ཤས་རྣམས་ཤོད་ཐུབ། དེ་ལྟར་བྱེད་པའི་དགེ་མཚན་ཁ་ཤས་ང་ཚོས་ངེས་པར་དུ་སྟོན་དགོས་ཀྱི་ཡོད།

བསླབ་བྱ་དང་སློབ་སྟོན་བྱེད་པའི་སྐབས་སུ་ང་ཚོའི་སྐད་ཀྱི་གདངས་དེ་དཔེ་གནད་འགག་ཆེན་པོ་ཡིན་པས། དྲག་ཤུལ་གྱི་སྒོ་ནས་ཤོད་པའམ་ཆེ་ཉམས་སྟོན་པ་དང། ཁྱད་བསོད་ཀྱི་སྒོ་ནས་ཤོད་པ་སོགས་སྤོང་དགོས། འདི་ནི་གཞན་གྱི་ཡིད་ལ་འཐད་པའམ་སྙན་པར་སྨྲ་བ་ཟེར་བའི་གོ་དོན་དེ་ཡིན། གཞན་ལ་སྡིགས་ར་བསྐུལ་བའམ་བཙན་རྒོལ་བྱས་ནས་དགོས་འདོད་མེད་པའི་སློབ་སྟོན་སོགས་མི་བྱེད་པར། གོ་བདེ་བར་བཤད་ནས་གཞན་གྱི་ཁས་ལེན་སླ་པོ་ཞིག་བཟོ་དགོས། འདི་འདྲ་ཞིག་ཡོང་བ་ལ། དུས་ཚོད་རན་པོ་དང་སློབ་སྟོན་ཡང་དག་པ་བྱེད་ཚུལ་ཤེས་པའི་ཚོར་བ་སྐྱེན་པོ་དང་ཐབས་ལ་མཁས་པ་ཞིག་དགོས་ཀྱི་ཡོད། གལ་སྲིད་ང་ཚོ་ཚད་ལས་བརྒལ་བའི་དངངས་འཚབ་དང་རྟག་ཏུ་གཏིང་ཟབ་ལ་དོན་དང་ལྡན་པའི་གནད་དོན་ཐད་བགྲོ་གླེང་བྱ་རྒྱུར་ཨུ་ཚུགས་བྱེད་པ་ཡིན་ན། མི་རྣམས་ང་ཚོ་དང་མཉམ་དུ་སྡོད་རྒྱུ་ལ་ཡིད་ཐང་ཆད་པ་དང་ང་ཚོས་ཤོད་རྒྱུའི་སྐད་ཆ་ལ་དགའ་བསུ་དང་གོ་ཤེས་ལྡན་པ་མི་བྱེད་པ་ཡིན། དེ་འདྲ་སོང་ཙང་། སྐད་ཆའི་བར་མཚམས་སུ་བག་ཡངས་ཀྱི་དགོད་བྲོའི་གཏམ་གླེང་བྱ་རྒྱུ་དེའང་གལ་ཆེན་པོ་ཡིན་ཅིང་། དམིགས་བསལ་གྱི་ང་ཚོས་སློབ་སྟོན་བྱེད་པའི་སྐབས་སུ་མི་གཞན་དེས་རང་གི་བསམ་ཚུལ་ལ་དག་ཐེར་བྱེད་པའི་སྐབས་སུ་དེ་བས་ཀྱང་གལ་ཆེན་པོ་ཡིན།

དེ་ལྟར་ང་ཚོས་སེམས་པ་བཟང་པོའི་སྒོ་ནས་གཞན་གྱི་ཡིད་ལ་འཐད་པའི་སྐད་ཆ་བཤད་པ་ཙམ་དུ་མ་ཟད་དོན་དང་ལྡན་པའི་སྒོ་ནས་ཆོས་ཁྲིད་སློབ་སྟོན་བྱས་པའི་འབྲས་བུ་ནི། མི་གཞན་དག་ང་ཚོས་གང་སློབ་སྟོན་བྱས་པའི་དམིགས་ཡུལ་རྣམས་སྒྲུབ་པ་ལ་དོ་སྣང་དང་སྤྲོ་བ་སྐྱེ་གི་རེད། འདིའི་རྒྱུ་མཚན་ནི་ཁོ་ཚོས་བསླབ་བྱའི་ནང་དོན་དེར་གསལ་ཁ་ཆགས་ནས་གདེང་ཚོད་སླེབས་པ་དང་། དེ་དག་གི་ཕན་ཡོན་རྟོགས་པའི་སྒོ་ནས་དེ་ལ་རིན་ཐང་བརྩི་གི་རེད།

༣༽ གཞན་ལ་དམིགས་ཡུལ་སྒྲུབ་ཆེད་སེམས་སྐུལ་བྱེད་པ། ༼དོན་སྤྱོད་པ།༽

ང་ཚོས་སློབ་སྟོན་བྱེད་པ་དེ་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་གི་རིམ་པ་ཙམ་ལ་བཞག་པ་མ་ཡིན་པར། མི་སྒེར་སོ་སོའི་གནས་སྟངས་ནང་ལག་ལེན་ཇི་ལྟར་བསྟར་དགོས་མིན་ཁ་གསལ་པོ་འགྲེལ་བཤད་རྒྱག་དགོས། དེ་ལྟར་མི་གཞན་དག་ལ་ང་ཚོའི་བསླབ་བྱ་ལམ་སྟོན་རྣམས་ལག་ལེན་བསྟར་བར་སྐུལ་མ་བྱེད་པ་ལ་བརྟེན་ནས་ཁོ་ཚོས་དམིགས་ཡུལ་དེ་སྒྲུབ་ཐུབ་ཀྱི་ཡོད། དེ་དུས་གཞི་ནས་ཁོ་ཚོས་དངོས་གནས་ཉམས་ལེན་གང་བྱེད་དགོས་པ་དང་། ཉམས་ལེན་དེ་བང་རིམ་བཞིན་བྱེད་དགོས་པ། ཉམས་ལེན་ཇི་ལྟར་བྱེད་དགོས་པ་སོགས་ཤེས་ནས་དེ་ལྟར་སྤྲོ་སེམས་ཆེན་པོའི་ངང་འབད་བརྩོན་བྱེད་ཀྱི་རེད།

གཞན་གྱི་མི་ཚེའི་ནང་ཆོས་ཉམས་ལེན་བྱེད་དུ་འཇུག་པ་ལ། ལག་ལེན་བསྟར་བདེ་བའི་ཁོར་ཡུག་དང་ཆ་རྐྱེན་གཞན་རྣམས་ང་ཚོས་བསྐྲུན་ཐབས་བྱེད་དགོས། དེའི་དོན་ནི་མི་སྤྱི་དང་དམིགས་བསལ་གྱི་ནང་ཆོས་ལ་ཉམས་མྱོང་མེད་མཁན་རྣམས་ལ་ཐོག་མར་གནས་སྟངས་ལས་སླ་པོ་བཟོས་ནས་སློབ་སྟོན་བྱེད་དགོས་པའི་དོན་རེད། དེ་ནས་ག་ལེར་ག་ལེར་གཏིང་ཟབ་ལ་རྙོག་འཛིངས་ཆེ་བའི་ཐབས་ལམ་རྣམས་སྟོན་དགོས། དེ་ལྟར་བྱས་པའི་འབྲས་བུ་ནི། མི་རྣམས་ཐབས་ལམ་དེར་མུ་མཐུད་དེ་འཇུག་འདོད་ཀྱི་རང་གི་རང་ལ་གདེང་ཚོད་སླེབས་ནས་རྩོལ་བ་ལྷོད་མེད་བྱེད་པ་མ་ཟད། ཁོ་རང་ཚོའི་གནས་ཚད་ལས་ཧ་ཅང་མཐོ་བའི་ཆོས་ཀྱི་སློབ་སྟོན་རྣམས་ཉམས་ལེན་བྱ་རྒྱུ་ལའང་སེམས་ཤུགས་ཆག་གི་མ་རེད།  

༤༽ དམིགས་ཡུལ་འདི་དག་དང་མཐུན་དགོས་པ། ༼དོན་མཐུན་པ།༽

སེམས་ཤུགས་ཆག་ཡག་གི་གནད་དོན་ཆེ་ཤོས་ཞིག་ནི། ང་ཚོས་སློབ་སྟོན་བྱེད་སའི་མི་དེས་སོ་སོ་རང་ཉིད་ཚུལ་འཆོས་བྱེད་མཁན་ཞིག་མཐོང་རྒྱུ་དེ་ཡིན། ང་ཚོས་མི་གཞན་དག་བསླབ་བྱ་ལམ་སྟོན་རྣམས་ཟུར་དུ་མི་སྐྱུར་བའི་ཆེད་གང་སློབ་སྟོན་བྱས་པ་ནང་བཞིན་ལག་བསྟར་བྱས་ནས་མིག་དཔེ་བཟང་པོ་ཞིག་བསྐྲུན་དགོས་ཀྱི་ཡོད། དཔེར་ན། མི་ཞིག་ལ་ཁོང་ཁྲོ་ལས་ག་འདྲ་བྱས་ནས་ཐར་བ་བྱེད་དགོས་པའི་ནང་པའི་ཐབས་ལམ་ཁག་སློབ་སྟོན་བྱེད་ཀྱང་། ཡང་ང་ཚོ་མི་དེ་དང་མཉམ་དུ་ཟ་ཁང་ནང་ཁ་ལག་བཟའ་བའི་སྐབས་ཁ་ལག་དུས་ཐོག་ཏུ་མ་རག་པར་ཆུ་ཚོད་ཕྱེད་ཀའི་རིང་འགོར་བ་ལ་བརྟེན་ནས་དེ་ལ་བཟོད་མི་ཐུབ་པ་ཆགས་པ་དང་མིག་ལ་མི་མཛེས་པའི་ཁོར་ཡུག་བཟོས་ན། ནང་ཆོས་ནས་གསུངས་པའི་ཁོང་ཁྲོ་ལ་སྟངས་འཛིན་དང་གདོང་ལེན་བྱེད་ཚུལ་དེར་ཁོང་ཚོས་ག་རེ་བསམ་གྱི་རེད་དམ། ཁོ་ཚོས་ཐབས་ལམ་དེ་ཚོ་ཕན་ནུས་དང་ལྡན་པ་ཞིག་མི་འདུག་བསམས་ནས་སྤོང་གི་རེད་ལ། ཕྱིན་ཆད་ང་ཚོའི་འགྲམ་ནས་སློབ་སྟོན་ཞུ་རྒྱུ་ཡང་མཚམས་འཇོག་ངེས་རེད། དེར་བརྟེན་ང་ཚོས་སློབ་སྟོན་བྱས་པ་དང་མཐུན་པའི་བྱ་སྤྱོད་ཅིག་ངེས་པར་དུ་སྤེལ་དགོས་ཀྱི་ཡོད། དེ་ལ་གཞིར་བཞག་ནས་ང་ཚོས་ག་རེ་བཤད་པ་དེ་ལ་གཞན་གྱིས་ཡིད་ཆེས་བྱེད་ཀྱི་རེད།

ང་ཚོ་ད་ལྟ་སངས་རྒྱས་མ་རེད། བྱས་ཙང་། མི་སུ་འདྲ་ཞིག་ལའང་ནོར་འཁྲུལ་རྩ་ནས་མེད་པའི་མིག་དཔེ་ཡང་དག་ཅིག་ཆགས་ཐུབ་ཡག་མེད་པ་ནི་བཤད་མི་དགོས་པ་རེད། ཡིན་ནའང་ད་དུང་ང་ཚོས་ཐབས་ཤེས་གང་དྲག་བྱེད་དགོས། ཚུལ་འཆོས་སམ་ཟོག་པོ་མ་ཡིན་པའི་དོན་ནི། ང་ཚོས་མི་ཞིག་ལ་རོགས་པ་བྱེད་བཞིན་པའི་སྐབས་སུ་ཁ་བཤད་ལག་ལེན་བསྟར་ཁུལ་བྱེད་པ་ཙམ་མ་ཡིན་པར། རང་ཉིད་ཁེར་རྐྱང་ཡིན་པ་དང་ནང་མི་དང་མཉམ་དུ་ཡོད་པའི་སྐབས་སུའང་ཞབས་འདྲེན་གྱི་བྱ་བ་རྩོམ་པ་ལ་གོ་གི་ཡོད། དེར་བརྟེན་ཆོས་སློབ་སྟོན་གྱི་དམིགས་ཡུལ་དང་མཐུན་ཞིང་འཚམས་པའི་བྱ་བ་བྱེད་པ་དེ་གཏན་འཇགས་དང་ལྷག་བསམ་རྣམ་དག་གི་ལས་ཀ་ཞིག་ཡིན་དགོས།

ཕྱོགས་བསྡོམས།

གཞན་བསྡུ་བ་དང་གཞན་ལ་ཕན་པའི་ཐབས་ལམ་གྱི་རིམ་པ་བཞི་པོ་སྨིན་ཚད་ལོངས་པ་ཆགས་པ་དེ་ནང་པའི་ཆོས་ལ་བརྟེན་ནས་བྱུང་ཞིང་། ང་ཚོ་མི་སྒེར་གྱི་འབྲེལ་ལམ་གྱི་རང་བཞིན་དང་འཚམས་པ་ཞིག་ཡིན་པ་མ་ཟད། རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་སྤྱི་ཡོངས་ནང་དམ་པའི་ཆོས་ཐོབ་སླ་བ་དང་དེ་ལ་འཇུག་བདེ་བ་བཟོ་གི་ཡོད།

  • གཏོང་ཕོད་ཅན། ༼སྦྱིན་པ།༽ – སྦྱིན་པས་ཆོས་ཁྲིད་སློབ་སྟོན་རྣམས་རིན་མེད་དུ་བྱེད་ཐུབ།
  • ཡིད་ལ་འཐད་པའི་གཏམ་བཤད། ༼སྙན་པར་སྨྲ་བ།༽ – སྙན་པར་སྨྲ་བས་ཆོས་ཁྲིད་སློབ་སྟོན་རྣམས་གོ་བདེ་བ་དང་འཇུག་བདེ་བའི་སྐད་ཡིག་ནང་ཐོབ་རུང་བཟོ་བ་མ་ཟད། དེབ་དང་། དྲ་ལྗོངས། བརྙན་ཐུང་། སྒྲ་འཇུག་འཕྲུལ་སྒམ། སྤྱི་ཚོགས་བརྒྱུད་ལམ་སོགས་རྒྱ་ཆེ་བའི་བརྒྱུད་ལམ་ཁག་ནས་ཐོབ་རུང་བཟོ་ཐུབ།
  • གཞན་རྣམས་དམིགས་ཡུལ་སྒྲུབ་ཆེད་སེམས་སྐུལ་བྱེད་པ། ༼དོན་སྤྱོད་པ།༽ – དེས་ཆོས་ཁྲིད་སློབ་སྟོན་རྣམས་ཇི་ལྟར་སློབ་སྦྱོང་བྱེད་དགོས་པ་དང་རང་རྒྱུད་ལ་སྦྱོར་དགོས་པ། དེ་བཞིན་ཉིན་རེའི་མི་ཚེའི་ནང་དེ་དག་ལག་ལེན་བསྟར་ཚུལ་དང་བཅས་པ་སྟོན་ཐུབ།
  • དམིགས་ཡུལ་འདི་དག་དང་མཐུན་དགོས་པ། ༼དོན་མཐུན་པ།༽ – དོན་མཐུན་པ་ལ་བརྟེན་ནས་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་རྣམས་ཉིན་རེའི་མི་ཚེ་སྐྱེལ་སྟངས་ནང་ཇི་ལྟར་སྦྱོར་དགོས་མིན་དང། ཆོས་ཀྱི་ཚོགས་པ་ཞིག་ཡིན་ན། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་འཚམས་པར་ཆོས་ཚོགས་འཛིན་སྐྱོང་བྱེད་ཚུལ་ལ་མིག་དཔེ་སྟོན་ཐུབ།

ཐབས་ལམ་གྱི་རིམ་པ་བཞི་པོ་འདི་ལ་སངས་རྒྱས་ཀྱི་ས་ལ་འགོད་ཆེད་ཀྱི་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་མཚན་ཉིད་ཚང་བ་དེ་མིན་ནའང། གཞན་ཕན་གྱི་ཀུན་སློང་རྣམ་པར་དག་པ་ཞིག་གིས་རྒྱབ་རྟེན་བྱས་ཡོད་ན། དེ་ནི་ང་ཚོའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ལ་གཞན་གྱིས་དགའ་བསུ་དང་གོ་ཤེས་ལྡན་པ་བྱེད་པའི་ཐབས་ལམ་བཟང་ཤོས་དེ་ཡིན།།

Top