དངོས་པོའི་གནས་ལུགས་ཐད་ནང་པའི་ལྟ་ཚུལ།

ནང་ཆོས་ཀྱི་ནང་། དངོས་པོའི་གནས་ལུགས་གང་ཡིན་པའི་གནད་དོན་དེ་ནི་རང་སོ་སོའི་མི་ཚེའི་ལངས་ཕྱོགས་ཀྱི་གཙོ་གནད་དེ་ཡིན། ང་ཚོས་སེམས་ཀྱིས་བསྐྲུན་པའི་འཛམ་གླིང་གི་སྣང་ཚུལ་དང་རྒྱུ་དང་འབྲས་བུས་སྐྱེད་པར་བྱེད་པའི་དངོས་པོའི་གནས་ལུགས་ཀྱི་འཛམ་གླིང་དབར་ལ་ཁྱད་པར་ཆེན་པོ་ཞིག་ཡོད། དེ་གཉིས་ལས་སྔ་མ་དེ་ཕྱི་མ་ཡིན་པར་ནོར་ནས། ང་ཚོར་ཇི་ལྟར་སྣང་བའི་ཆོས་རྣམས་དངོས་པོའི་གནས་ལུགས་དང་མཐུན་པར་ཡིད་ཆེས་པའི་སྐབས། རང་དང་གཞན་གཉིས་ཀར་དཀའ་ངལ་དང་སྡུག་བསྔལ་བཟོ་གི་ཡོད། འོན་ཀྱང་། སུ་གཅིག་ཀྱང་མི་སྐྱིད་པ་དང་སྡུག་བསྔལ་མི་འདོད་པར་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་རེད། དེ་ནི་མི་ཚེའི་དམིགས་ཡུལ་དེ་ཡིན་པ་དང་། དེའི་ཐད་ལ་ང་ཚོ་ཚང་མ་གཅིག་མཚུངས་རེད། འགྲོ་བ་མི་དང་དུད་འགྲོ་རྣམས་འདྲ་པོ་རེད། མི་ཚེ་གང་འདྲ་ཞིག་ཡིན་ནའང་ཚང་མ་བདེ་ཐང་དང་བདེ་སྐྱིད་ཀྱི་དོན་དུ་འབད་ཀྱི་ཡོད། དེ་ཡང་ཆོས་ལུགས་ཡོད་དོ་ཅོག་སྟེ། བྱེད་པོ་དཀོན་མཆོག་ཁས་ལེན་མཁན་དང་། ཁས་མི་ལེན་མཁན་གྱི་ནང་པ་དང་གཅེར་བུ་པ་ལྟ་བུ། དེ་ག་ནང་བཞིན་ཆོས་ལུགས་རིས་མེད་ཡིན་མཁན་ཚང་མས་དམིགས་ཡུལ་འདི་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་ཐུན་མོང་གི་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་ཐབས་ཚུལ་སྣ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། 

རྒྱུ་མཚན་རིགས་པ་ལ་བརྟེན་ནས་དཔྱད་པ་བྱེད་ཚུལ་ཐད་ནང་པའི་ནན་བརྗོད།

ཐུན་མོང་གི་དམིགས་ཡུལ་འདི་འགྲུབ་པར་བྱེད་པའི་ནང་པའི་ལངས་ཕྱོགས་དང་། བྱེ་བྲག་ཏུ་འཕགས་བོད་ཀྱི་སྲོལ་རྒྱུན་ནང་། ང་ཚོ་ལ་ཆོས་རྣམས་ཇི་ལྟར་སྣང་བའི་ཚུལ་ལ་དཔྱད་པ་བྱ་རྒྱུར་དམིགས་ཀྱི་ཡོད། དེ་ཡང་རྒྱུ་མཚན་རིགས་པ་བེད་སྤྱོད་བྱེད་པའི་སྒོ་ནས་ང་ཚོའི་སེམས་ནང་འཁྲུལ་སྣང་འཆར་བ་རྣམས་ཇེ་ཉུང་དུ་གཏོང་གི་ཡོད། དེ་ལྟར་དངོས་པོའི་གནས་ལུགས་མཐོང་བ་དང་དེ་ལ་ངོས་ལེན་བྱེད་པར་གཞི་རྩ་བཞག་སྟེ། ནན་བརྗོད་བྱེད་ས་ནི་བདེ་སྐྱིད་དང་བདེ་ཐབས་ཀྱི་དམིགས་ཡུལ་འདི་ཐོབ་པའི་ཆེད་རྒྱུ་མཚན་ལྡན་པ་དང་ཁ་ཡོད་ལག་ཡོད་ཀྱི་ཐབས་ཚུལ་བཀོལ་དགོས་པ་དེ་ཡིན། 

ད་ལྟའི་ཆར་ང་ཚོའི་ “བདེན་དོན་དོར་” བའི་དུས་རབས་ཞེས་པའི་ནང་ལྐོག་ཇུས་ཀྱི་རྣམ་གཞག་དང་གནས་ཚུལ་ལོག་པའི་རིགས་ཁྱབ་གདལ་འགྲོ་བཞིན་པའི་སྐབས། ང་ཚོའི་ཆོས་ལུགས་དང་དད་པའི་ལམ་ལུགས་ལ་མ་ལྟོས་པར་ལངས་ཕྱོགས་འདི་ནི་གནད་འགག་ཆགས་ཡོད། ཐ་ན་ང་ཚོས་ཆོས་ལུགས་གང་གི་རྗེས་སུ་འབྲང་གི་མེད་ནའང་། འདི་གལ་གནད་ཅན་ཆགས་ཡོད། བྱས་ཙང་། ནང་ཆོས་ཀྱི་ནང་སེམས་འཁུར་གཙོ་བོ་ནི་སེམས་ཅན་ཐམས་ཅད་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་ནས་ཐར་ཐབས་དེ་ཡིན་པས། བྱེད་པོ་དཀོན་མཆོག་ཡོད་པའི་གནད་དོན་ནི་དེ་དང་འབྲེ་ལནས་ཡོང་གི་མེད། འཁྲུལ་སྣང་གི་འཛམ་གླིང་དང་དངོས་པོའི་གནས་ལུགས་ཀྱི་འཛམ་གླིང་གཉིས་ཀ་རྒྱུ་དང་འབྲས་བུ་ལ་བརྟེན་ནས་འབྱུང་གི་ཡོད་པ་སོང་ཙང་། དེ་དག་ཉམས་སུ་མྱོང་མཁན་རྣམས་ཀྱི་ཀུན་སློང་དང་སྤྱོད་ལམ་ལ་བརྟེན་ནས་རྒྱུའི་སྒོ་ནས་གཉིས་ཀ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་སྔ་མ་དེ་དངོས་ཡོད་ཡིན་པར་ཡིད་ཆེས་པའི་རྐྱེན་གྱིས་སྡུག་བསྔལ་ལས་ཐར་བ་དང་། ཕྱི་མ་དངོས་ཡོད་ཡིན་པར་ཡིད་ཆེས་པའི་རྐྱེན་གྱིས་བདེ་སྐྱིད་སྐྲུན་རྒྱུ་དེ་རང་སོ་སོའི་རྒྱུའི་འབྲས་བུའི་སྟེང་དུ་གཅིག་ལ་གཅིག་ལྟོས་ཀྱིས་འབྱུང་ཐུབ་པ་ཁོ་ན་ཡིན། དེ་ནི་ནང་ཆོས་ཀྱི་དད་པའི་ནང་སྙིང་དེ་ཡིན། 

དངོས་པོའི་གནས་ལུགས་ཆ་བཞག་ན། ང་ཚོ་ཚང་མ་ནི་ “བདེན་པའམ་དོན་དངོས་པོའི་གནས་ལུགས་” ཀྱི་ནང་གནས་ཀྱི་ཡོད། དེ་ལ་ང་ཚོས་དེ་ལྟར་བརྗོད་ཆོག་ལ་ཚན་རིག་པའི་ཐབས་ལམ་ལ་བརྟེན་ནས་ཁུངས་སྐྱེལ་རུང་བ་ཞིག་ཡིན་པ་དང་། ནང་ཆོས་ཀྱིས་དེ་ལ་མོས་མཐུན་ཡོད། གང་ལྟར་ཡང་། སངས་རྒྱས་ཀྱིས་ཁོང་གིས་གང་གསུངས་པའི་ཆོས་ལ་གུས་པ་དང་དད་པའི་ཕྱིར་ཁས་ལེན་མི་བྱ་བར། ཇི་ལྟར་གསེར་ཉོ་བ་བཞིན་དུ་བརྟག་ཅིང་དཔྱད་པ་བྱེད་དགོས་ཞེས་གསུངས་ཡོད། དེར་བརྟེན་ནང་ཆོས་ཀྱི་ནང་བརྟག་ཅིང་དཔྱད་པ་བྱ་རྒྱུ་དེ་ནི་དངོས་པོའི་གནས་ལུགས་ཤེས་རྟོགས་དང་ཁུངས་སྐྱེལ་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན། མི་རྣམས་ཀྱིས་དེ་ལས་གཞན་པའི་གནས་ལུགས་ལ་འཁྲུལ་བའི་རྣམ་པ་ཞིག་རང་བཟོ་བྱེད་པ་དང་དེ་ལ་དོན་ངོ་མའི་བདེན་དོན་དང་འཁྲུལ་བའི་ཚེ་ན་དཀའ་ངལ་འབྱུང་གི་ཡོད། ང་ཚོས་དེའི་རིགས་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་འབྱུང་བཞིན་པ་མཐོང་ཐུབ། ཡིན་ནའང་། ནང་ཆོས་ཀྱིས་དེའི་ཐད་ལ་རྒྱ་ཆེ་ས་དང་གོ་ལ་སྤྱིའི་རིམ་པའི་ཐོག་ནས་ལྟ་ཡི་ཡོད། 

ང་ཚོ་ནི་དམིགས་བསལ་ཅན་ཡིན་པའི་གནས་ལུགས་ལ་འཁྲུལ་བ།

གནས་ལུགས་ལ་འཁྲུལ་བ་ཞིག་མི་མང་པོས་བསྐྲུན་གྱི་ཡོད་པ་ནི། ཁོང་ཚོ་གང་ལྟར་ཡང་དམིགས་བསལ་ཅན་ཡིན་བསམ་པ་དེ་རེད། དེ་ལ་བརྟེན་ནས་བདག་འཛིན་གྱི་བསམ་བློ་སྐྱེ་བ་དང་། རང་སོ་སོ་ལ་གང་བྱུང་བ་དང་འབྱུང་བཞིན་པ། དམིགས་བསལ་གནས་ཚུལ་སྡུག་ཅག་རིགས་གང་བྱུང་བ་དེ་དག་ང་ཚོ་ཁོ་ན་ལས་གཞན་ལ་འབྱུང་གི་མེད་བསམ་གྱི་ཡོད། དཔེར་ན། ང་ཚོ་ན་བ་དང་ལས་ཀ་ཤོར་བ། སོ་སོའི་གཉེན་ཉེ་དུ་དང་ཁ་བྲལ་བ། ཐ་ན་རང་ཉིད་འཆི་བ་དང་འཕྲད་པ་ཡིན་ན། དེ་དག་ཐམས་ཅད་ནི་ང་ཚོ་གཅིག་པུ་ལ་འབྱུང་གི་ཡོད་པ་ཚོར་བ་ལྟ་བུ་རེད། དེ་ལྟར་ཚོར་མཁན་གྱི་མི་དེས་དངོས་པོ་གནས་ལུགས་རྟོགས་པའི་ཆེད་ཕྱག་རོགས་ཇི་ལྟར་གནང་ཡོད་དམ། ད་ང་ཚོས་དཔེ་ཞིག་བཞག་ན། དེས་ང་ཚོར་ནང་པའི་ལངས་ཕྱོགས་གང་ཡིན་རྟོགས་པར་ཕན་ཐོགས་སྲིད། 

ཐེངས་མ་གཅིག་ཨ་མ་ཞིག་གིས། སོ་སོའི་ཕྲུ་གུ་དེ་ཤི་ཚར་ནའང་ཕུང་པོ་དེ་ཁྱེར་ནས་སངས་རྒྱས་ཀྱི་མདུན་དུ་བཅར་ཏེ། ངའི་ཕྲུ་གུ་བསྐྱར་དུ་གསོན་པོར་གནས་ཐབས་ཤིག་གནང་རོགས་ཞུས། དེ་ལ་སངས་རྒྱས་ཀྱིས་ངོས་བཞེས་མ་གནང་བར། ཁོང་གིས་ཨ་མ་དེ་ལ། དང་པོ་ཁྱེད་རང་ཕྱིན་ནས་དེ་སྔ་མི་གཅིག་ཀྱང་ཤི་མྱོང་མེད་པའི་ཁྱིམ་ཚང་ཞིག་ནས་འབྲས་བསླངས་ནས་ཁྱེར་ཤོག་གསུངས། ཨ་མ་དེ་གྲོང་སྡེའི་ཁང་པ་རེ་རེ་བཞིན་དེ་སྔ་འཆི་བ་དང་ཕྲད་མྱོང་མེད་པའི་ཁྱིམ་ཚང་ཞིག་བཙལ་ཀྱང་མ་རྙེད། མི་རིང་བར་ཁྱིམ་ཚང་ཡོད་དོ་ཅོག་གི་ནང་རྒས་གཞོན་སུ་འདྲ་ཞིག་ཡིན་ནའང་། འཆི་བ་མ་བྱུང་བ་གཅིག་ཀྱང་མེད་པ་ཤེས་རྟོགས་བྱུང་། དེ་ནས་ཨ་མ་དེས་གཉེན་ཉེ་དུ་དང་བྲལ་མཁན་ཁོ་མོ་གཅིག་པུ་མིན་པ་དེ་ཧ་གོ་ནས་མཐར་འཆི་བ་ནི་ཀུན་ལ་འཕྲད་ངེས་ཡིན་པའི་དངོས་པོའི་གནས་ལུགས་དེ་ཤེས་ཤིང་ངོས་ལེན་བྱས། དེ་ལྟར་ཨ་མས་སོ་སོའི་ཕྲུ་གུ་བློས་གཏོང་དང་བཅས་ཕུང་པོ་མེར་སྲེག་གཏང་བ་ལྟ་བུ་རེད།  

མི་རྣམས་ལ་དཀའ་ངལ་ཅན་གྱི་གནས་སྟངས་འཕྲད་བཞིན་པ་ནི། དཔེར་ན། ངན་པ་ལང་ཤོར་དང་། འབྲས་ནད་བྱུང་བ། སེམས་ཀྱི་འཚར་ལོངས་མ་ཟིན་པའི་ཕྲུ་གུ་སོགས་གང་ཡིན་རུང་། ཁོང་ཚོས་ཡང་སེ་རང་ཉིད་ཁེར་རྐྱང་ཡིན་པ་ཚོར་གྱི་ཡོད། དཀའ་ངལ་ཡོད་མཁན་དེ་ང་ཚོ་གཅིག་པུ་རེད་བསམ་གྱི་ཡོད། དེ་ལྟ་བུ་གནས་ལུགས་ལ་འཁྲུལ་བའི་རྐྱེན་གྱིས་སོ་སོ་རང་ཉིད་སེམས་ཚོར་གྱི་སྒོ་ནས་གཞན་དང་ལོགས་སུ་ཁེར་རྐྱང་ཡིན་པར་ཚོར་དུ་བཅུག་པ་དང་སེམས་ནང་ཟིང་འཁྲུག་ཆེན་པོ་ཞིག་ཡོང་གི་ཡོད། དངོས་པོའི་གནས་ལུགས་ངོ་མ་དེ་ནི་སོ་སོ་རང་ཉིད་ནང་བཞིན་མི་གཞན་དག་ལའང་གནས་སྟངས་དེའི་རིགས་གཅིག་མཚུངས་སུ་འཕྲད་བཞིན་ཡོད་པ་དེ་རེད། དངོས་པོའི་གནས་ལུགས་འདི་རྟོགས་ཐབས་གཅིག་ནི། གཞན་གྱི་རོགས་ཚོགས་ཞིག་ལ་མཉམ་བཞུགས་ཐོག་གནས་སྟངས་ཀྱི་རིགས་གཅིག་པ་མཉམ་སྤྱོད་བྱ་རྒྱུ་དེ་རེད། རོགས་ཚོགས་དེ་འདྲའི་ནང་མཉམ་བཞུགས་བྱ་རྒྱུ་དེ་ནི། གནད་དོན་དེའི་རིགས་ལ་གདོང་ལེན་བྱེད་པར་ཧ་ཅང་ཕན་ཐོགས་ཆེ་བ་ཚན་རིག་གི་ལམ་ནས་ར་སྤྲོད་བྱེད་ཀྱིན་ཡོད། ང་ཚོའི་དཀའ་ངལ་གང་འདྲ་ཞིག་ཡིན་རུང་གནད་འགག་ཐུག་ས་འདི་ཡིན་པ་གསལ་པོ་རེད། 

ང་ཚོ་ལ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་མཁན་དེ་ང་ཚོ་གཅིག་པུ་མིན་པར་རྟོགས་པའི་ཕྱིར་རོགས་ཚོགས་ནང་མཉམ་བཞུགས་བྱེད་མི་དགོས། དངོས་པོའི་གནས་ཚུལ་དེ་དག་མཐོང་བ་ལ་བརྟེན་ནས་ང་ཚོའི་ལྟ་ཕྱོགས་དེ་རྒྱ་སྐྱེད་གཏོང་བ་དང་། གཞན་རྣམས་ཀྱང་དེའི་ཁོངས་སུ་ཚུད་པར་བྱེད་ཅིང་། དེ་འདྲའི་བརྒྱུད་རིམ་ནང་ང་ཚོ་དཀའ་ངལ་ལས་ཐར་ཏེ་བདེ་སྐྱིད་འདོད་ཡོད་པ་ནང་བཞིན་གཞན་ཚང་མ་ལའང་དེ་ལྟར་འདོད་ཀྱི་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད། དེ་དེ་བཞིན་དུ་ང་ཚོ་ལ་སྡུག་བསྔལ་མི་འདོད་པ་ནང་བཞིན་གཞན་ཐམས་ཅད་ལའང་སྡུག་བསྔལ་མི་འདོད་པ་ཡིན། འདིས་ང་ཚོའི་རྒྱུད་ལ་སྙིང་རྗེ་སྐྱེད་པར་ཕན་གྱི་ཡོད། 

སྙིང་རྗེ།

སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་མི་སྐྱིད་པ་ལས་བྲལ་བར་འདོད་པའི་ཡིད་སྨོན་དེ་ཡིན། སོ་སོ་རང་ཉིད་ཀྱང་དེའི་ནང་དུ་ཚུད་ཡོད། ང་ཚོས་བློ་རྒྱ་ཆུང་ཆུང་གིས་སོ་སོ་ཁོ་ནའི་དོན་དུ་བསམ་པའི་སྐབས། སེམས་གུ་དོག་པོར་གྱུར་བར་བརྟེན་སེམས་ཚོར་གྱི་ནུས་ཤུགས་རྣམས་གནོན་འཚིར་ཐེབས་ཀྱི་ཡོད།  དེ་ལྟ་བུའི་བསུན་གཙེར་འདི་བཞིན་སེམས་འཚབ་དང་། དཀའ་སྡུག །ཉེན་སྲུང་མེད་པ་ཞིག་ཏུ་ཚོར་གྱི་ཡོད། ང་ཚོའི་སེམས་འདི་གཞན་དོན་དུ་ཁ་ཕྱོགས་ན། མཉམ་འདུས་ཀྱི་ནད་རྟགས་འདི་མེད་པ་བཟོ་གི་ཡོད། སྙིང་རྗེའི་སྒང་ལ་ཁེར་རྐྱང་མིན་པར་རྟོགས་པ་དེ་གཉིས་ཀྱིས་ང་ཚོ་ཞི་འཇམ་བཟོ་གི་ཡོད། དེས་ང་ཚོའི་དངོས་ཡོད་གནས་སྟངས་དང་དཀའ་ངལ་གྱི་རིགས་ཡོད་པ་དེ་དག་ཉུང་དུ་གཏོང་བར་དངོས་ཡོད་དང་མཐུན་པའི་ཐབས་ལམ་གང་ཞིག་ལག་ལེན་བསྟར་དགོས་པ་དེ་གསལ་བར་མཐོང་བར་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོར་འཕྲད་པའི་དཀའ་ངལ་གང་འདྲ་ཞིག་ཡིན་ནའང་དེ་ལ་གདོང་ལེན་བྱེད་ཐུབ་པའི་རང་གིས་རང་ལ་འདེང་ཚོད་དེ་སྙིང་རྗེས་སྦྱིན་གྱི་ཡོད། 

གང་ལྟར་ཡང་། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་སྤྱི་ཚོགས་སེམས་ཅན་ཡིན་པ་རེད། དེ་ནི་དངོས་ཡོད་གནས་ཚུལ་ཡོད། ང་ཚོའི་བདེ་ཐབས་ནི་ཐོག་མར་ཕྲུ་གུ་མ་འབྱར་ནས་བཟུང་མི་ཚེ་གང་པོར་གཞན་ལ་རག་ལུས་ཡོད། ང་ཚོས་ཉིན་རེ་བཞིན་དུ་བེད་སྤྱོད་བྱེད་པའི་དངོས་པོའི་རིགས་ཡོངས་སུ་རྫོགས་པ་གཞན་གྱི་རྩོལ་བ་ལས་ཡོང་གི་ཡོད་པས། གཞན་རྣམས་མེད་ན་ང་ཚོ་འཚོ་གནས་ག་ལ་ཐུབ། 

དེར་མ་ཟད། ང་ཚོ་ཚང་མའི་མི་ཚེ་ནི་ཕན་ཚུན་གཅིག་ལ་གཅིག་ལྟོས་ཡིན། འཛམ་བུ་གླིང་གི་ཆ་ཤས་གཅིག་གམ་ཕྱོགས་གཅིག་ལ་ཤུགས་རྐྱེན་གང་འབྱུང་བཞིན་པ་དེས་ཚང་མ་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད། གནམ་གཤིས་འགྱུར་ལྡོག་དང་༧གོང་ས་མཆོག་གིས་གསུངས་པའི་སེམས་ཚོར་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཉུང་བ་སོགས་གོ་ལ་སྤྱིའི་དཀའ་ངལ་གྱི་རིགས་དེ་དག་གིས་འཇིག་རྟེན་ནང་གནས་པའི་སེམས་ཅན་ཡོད་དོ་ཅོག་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད། དེར་བརྟེན་གཞན་ཐམས་ཅད་ལ་ཕན་པའི་སྙིང་རྗེའི་སེམས་འཁུར་ལ་གཞིར་བྱས་པའི་ཕྱོགས་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ནི། ང་ཚོ་ཚང་མར་འདོད་པའི་བདེ་སྐྱིད་དང་བདེ་ཐབས་སྐྲུན་པར་དངོས་ཡོད་དང་མཐུན་པའི་ཐབས་ལམ་བརྒྱུད་མདུན་བསྐྱོད་བྱ་རྒྱུ་གཅིག་པུ་དེ་རེད། གནད་དོན་དང་ལངས་ཕྱོགས་དེ་དག་ནི་ནང་པ་ཁོ་ན་ཙམ་གྱི་མིན་པར། ཇི་ལྟར་༧གོང་ས་མཆོག་གིས་ནན་བརྗོད་གནང་བ་ལྟར། དེ་དག་ནི་སྤྱིར་བཏང་གི་བསམ་ཤེས་དང་གོ་ལ་སྤྱིའི་རིན་ཐང་ལ་གཞི་རྩ་བཞག་ཡོད།

འཁྲུལ་སྣང་ལ་ཞིབ་དཔྱོད་བྱེད་པ།

ད་ང་ཚོ་ཁྱད་པར་དུ་ནང་པ་སངས་རྒྱས་པའི་ལངས་ཕྱོགས་ལ་བསམས་ནས་དངོས་པོའི་གནས་ལུགས་ལ་འཁྲུལ་བའི་འཁྲུལ་སྣང་ལ་ཞིབ་དཔྱོད་བྱ་སྟེ། དེ་དག་ལ་ང་ཚོས་ཡིད་ཆེས་པའི་སྐབས་རང་གཞན་ཚང་མར་དཀའ་ངལ་དང་སྡུག་བསྔལ་འབྱུང་བའི་རྒྱུ་བྱེད་ཀྱི་ཡོད། 

དོན་ངོ་མར་འཁྲུལ་སྣང་དང་དངོས་ཡོད་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་གནད་དོན་ལ་རིམ་པ་མང་པོ་ཡོད་ལ་གང་ཙམ་གྱི་མགོ་རྙོག་ཅན་ཞིག་ཡིན། ནང་པའི་ཆོས་ཀྱི་ནང་གནད་དོན་དེ་དག་ལ་དཔྱད་ཞིབ་བྱེད་སྐབས། ཐོག་མར་ང་ཚོས་དངོས་པོའི་གནས་ལུགས་དང་མཉམ་དུ་ནོར་ནས་ཡིད་ཆེས་བྱེད་སྲིད་པའི་འཁྲུལ་སྣང་གི་རིགས་རྣམ་པ་སྣ་ཚོགས་པ་དེ་དག་སྡེ་ཚན་དུ་དབྱེ་བ་འབྱེད་ཀྱི་ཡོད། ལངས་ཕྱོགས་འདིའི་རྒྱབ་ཀྱི་གནད་འགག་གཙོ་བོ་དེ་ནི། ཐོག་མར་དཀའ་ངལ་གང་ཡིན་པ་དེ་ངོས་འཛིན་པ་དང་ཤེས་དགོས་ཀྱི་ཡོད། དེ་ལྟར་མ་ཤེས་པར་དཀའ་ངལ་སེལ་ཐུབ་པ་ནི་མི་སྲིད་པ་ཞིག་ཡིན། 

སྤྱིར་བཏང་གནས་ལུགས་ལ་འཁྲུལ་བ་དེ་དག་ནི་གང་ཡོད་པའི་འཁྲུལ་སྣང་ལ་གཞིར་བྱས་ཡོད་པ་དང་། གཞན་དག་ནི་རྣམ་རྟོག་གི་འཆར་སྣང་ཁོ་ན་ཡིན། འཁྲུལ་སྣང་འགའ་ཞིག་ནི་དབང་པོའི་ཚོར་ཤེས་དང་འབྲེལ་བ་ཡིན་པས་རྟོག་མེད་ཀྱི་སྒོ་ནས་ཤེས་ཀྱི་ཡོད། གཞན་དག་ནི་རྟོག་པ་ཁོ་ན་ཡིན། དེ་དག་ཁ་ཤས་ནི་འབྱུང་ཁུངས་ནོར་བའི་གནས་ཚུལ་ལོག་པ་ལས་བྱུང་བའི་ལྟ་བ་སྒྱུར་བཅོས་ལ་གཞིར་བཞག་ནས་ཡོང་གི་ཡོད། གཞན་དག་ནི་རང་འགུལ་ངང་ནས་འབྱུང་གི་ཡོད། དཔེར་ན། རྒྱུན་གོམས་ཀྱི་ཁོང་ཁྲོ་ལས་བྱུང་བའི་ཕྱིན་ཅི་ལོག་པའི་བློ་ལྟ་བུ་རེད། ད་ང་ཚོས་ཕྱིན་ཅི་ལོག་པའི་བློ་དེ་དག་འགའ་ཞིག་ལ་ལྟ་ཞིབ་བྱ་རྒྱུ་ཡིན། 

གནས་ལུགས་ལ་འཁྲུལ་བའི་དབང་སྣང་ལ་ཞིབ་དཔྱོད་བྱེད་པ།

དབང་པོའི་འཁྲུལ་སྣང་ནི་འབྱུང་ཁུངས་མི་འདྲ་བ་བཞི་ལས་འབྱུང་སྲིད་པ་སྟེ། དེ་དག་གི་རྟེན་དང་། ཡུལ། དེ་དག་འབྱུང་སའི་གནས་སྟངས། དེ་དག་འཆར་བར་བྱེད་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་བཅས་ཡིན། 

  1. དབང་པོ་ཕྱིན་ཅི་ལོག་ཏུ་འཛིན་པའི་འཁྲུལ་སྣང་གི་རྟེན་ནི། དེ་འབྱུང་བ་དང་རྟོགས་པའི་རིག་པའམ་ཤེས་པའི་དབང་པོ་དེ་ཡིན། འཁྲུལ་བའི་དབང་སྣང་ནི་གང་ཡོད་པའམ་གྲུབ་པ་དེའི་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་སྲིད། དཔེར་ན། མིག་ལ་རབ་རིབ་སྐྱོན་པའི་རྐྱེན་གྱིས་ང་ཚོས་ཡུལ་གྱི་སྣང་བ་མི་གསལ་བ་མཐོང་སྲིད་པ་དང་། རྣ་བར་སྐྱོན་ཡོད་པའི་རྐྱེན་གྱིས་ང་ཚོས་མི་རྣམས་ཀྱི་སྐད་ཆ་གསལ་པོར་བཤད་བཞིན་པ་དེ་ཁ་གསལ་མེད་པ་ཐོས་སྲིད། འཁྲུལ་བའི་དབང་སྣང་དེ་དག་གྲུབ་མེད་པ་ཞིག་ཀྱང་ཡིན་སྲིད། དཔེར་ན། གཤག་བཅོས་ལ་བརྟེན་ནས་ཡན་ལག་གཅོད་འབྲེག་རྗེས་སུ་ད་དུང་འཆར་སྣང་གི་ཡན་ལག་ཡོད་པར་ཚོར་བའམ་ཡང་ན་ཚབ་བྱེད་ཀྱི་ཡན་ལག་བརྫུས་མ་ཡོད་པའི་ཚོར་བ་ཡོང་སྲིད་པ་ལྟ་བུ་རེད། 
  2. ཡུལ་ལས་བྱུང་བའི་འཁྲུལ་སྣང་གི་ཁོངས་སུ་ཀླད་པར་འཐོམ་དུ་འཇུག་པའི་མིག་མཐོང་གི་འཁྲུལ་བའི་ཁ་དོག་དང་འོད་ཀྱི་འགྲོས་དང་། དེ་ག་ནང་བཞིན་ཧ་ཅང་མྱུར་བའི་གློག་གཞུ་འཁྱིལ་བ་ཞིག་འོད་ཀྱི་དཀྱིལ་འཁོར་ལྟ་བུར་སྣང་བ་བཅས་ཡོད། 
  3. གནས་སྟངས་ལས་བྱུང་བའི་འཁྲུལ་སྣང་ནི། ཕྱིའི་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་སྲིད། དཔེར་ན། སྨུག་པ་དང་མུན་པ། ཡང་ན་མཐོང་མཁན་གྱི་གནས་སྟངས་ལ་བརྟེན་ནས་ཡིན་སྲིད། དཔེར་ན། མེ་འཁོར་གྱི་ནང་བསྐྱོད་བཞིན་པའི་སྐབས་ཕྱི་ལོགས་ཀྱི་རི་ར་བ་ཁང་ཁྱིམ་སོགས་རྒྱབ་ཤིག་རྒྱག་ནས་འགྲོ་བར་སྣང་བ་ལྟ་བུ་རེད། 
  4. སེམས་ཀྱི་དེ་མ་ཐག་པའི་རྐྱེན་ལས་བྱུང་བའི་འཁྲུལ་སྣང་ནི། ཚ་བ་དང་། བཟི་སྨན། འཇིགས་སྣང་ལ་བརྟེན་ནས་བྱུང་བའི་མིན་པ་ལ་ཡིན་པར་འཁྲུལ་བའི་འཆར་སྣང་དེ་དག་ཡིན་སྲིད། 

འཁྲུལ་བའི་དབང་སྣང་དེ་དག་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་ནི། བསླུ་བའི་ཆོས་ཅན་གྱི་རྒྱུ་མ་ཡིན་པའི་ཡང་དག་པའི་ཤེས་པ་དང་འགལ་གྱི་ཡོད་པའི་བདེན་དོན་ལ་བརྟེན་ནས་ཁུངས་སྐྱེལ་བྱེད་པ་ནི་ནང་པའི་ཐབས་ལམ་ཡིན། ང་ཚོས་མིག་ཤེལ་གྱོན་པའི་སྐབས་སུ་ཅ་དངོས་རྣམས་གསལ་པོ་མེད་པ་མཐོང་གི་མ་རེད། དེ་བཞིན་མེ་འཁོར་འགྲོ་མཚམས་བཞག་པའི་སྐབས་སུ་ཕྱི་ལོགས་སུ་མཐོང་བའི་དངོས་པོ་དེ་དག་རྒྱབ་ཤིག་རྒྱག་ནས་འགྲོ་གི་ཡོད་པ་མཐོང་གི་མེད། དེར་མ་ཟད། ཚན་རིག་གི་ཐབས་ཚུལ་ལ་བརྟེན་ནས་དངོས་པོའི་གནས་ལུགས་ཀྱི་ཡང་དག་པའི་ཤེས་པ་དེ་མི་མང་པོས་དཔྱད་ཞིབ་ཡང་ནས་ཡང་དུ་བྱས་ཏེ་ར་འཕྲོད་པ་དང་ཁུངས་སྐྱེལ་བ་ཞིག་དགོས་པ་ལས། ང་ཚོ་གཅིག་པུ་དང་ཐེངས་མ་གཅིག་ཁོ་ནས་འགྲིག་གི་མེད། 

སྟོང་པ་ཉིད།

ནང་ཆོས་ནས་སྟོང་པ་ཉིད་ཀྱི་སྐོར་ལ་ཧ་ཅང་མང་པོ་གསུང་གི་ཡོད། དེ་དབྱིན་སྐད་ནང་ནམ་རྒྱུན་ “emptiness” ཞེས་བསྒྱུར་ཡོད། སྟོང་པ་ཉིད་ཅེས་པ་ནི་ཆོས་གང་ཞིག་རྩ་བ་ནས་གྲུབ་མེད་པ་ཞེས་ང་ཚོས་སེམས་ཀྱིས་བསྐྲུན་པའི་འཁྲུལ་བའི་སྣང་བ་དེ་དག་དང་མཐུན་པའི་ཆོས་གང་ཡང་མེད་ཅེས་པ་དེ་རེད། ཆོས་རྣམས་གྲུབ་ཡོད་ནའང་དེ་དག་ཡོད་ལུགས་ཡོད་སྟངས་དེ་ང་ཚོས་སེམས་ཀྱིས་དེ་ལྟར་ཡོད་པར་སྣང་དུ་བཅུག་པའི་ཡོད་སྟངས་འཁྲུལ་བ་ཅན་དུ་གྲུབ་མེད། 

དཔེ་ཆ་བཞག་ན། མེ་འཁོར་འགྲོ་བཞིན་པའི་སྐབས་ཕྱི་ལོགས་ཀྱི་ཤིང་སྡོང་དེ་དག་ཡོད་རེད། ཡིན་ནའང་། ང་ཚོར་ཤིང་སྡོང་རྒྱབ་ཤིག་རྒྱག་ནས་འགྲོ་བར་སྣང་བ་དེ་ནི་དངོས་པོའི་གནས་ལུགས་གང་དང་ཡང་དང་མཐུན་གྱི་མེད། ཤིང་སྡོང་རྒྱབ་ཤིག་རྒྱག་ནས་འགྲོ་བ་དེ་མེད་པ་རེད་དེ་ཡིན་ནའང་ཤིང་སྡོང་མེད་ཟེར་བའི་དོན་མིན། དེར་བརྟེན་སྟོང་པ་ཉིད་ཟེར་བ་ནི་ཆད་མཐའི་ལྟ་བ་ཞིག་མིན། དེས་ཆོས་ཐམས་མེད་ཅེས་ངོས་ལེན་མི་བྱེད་པ་མིན། འཁྲུལ་སྣང་དེ་འདྲ་བ་མི་རྣམས་ཀྱི་སེམས་ནང་འབྱུང་གི་ཡོད་པ་དང་། དེ་དག་ཚོར་གྱི་ཡོད་པ་མི་རྣམས་ཀྱིས་ཤེས་ནས་གང་ཉམས་སུ་མྱོང་བ་ལ་གཞིར་བཞག་ནས་ཡ་ལན་སྤྲོད་ཀྱི་ཡོད་པས། བདེན་དོན་དེ་ལའང་ངོས་ལེན་མི་བྱེད་པ་མིན། སྟོང་པ་ཉིད་ཀྱིས་མི་སྲིད་པ་གང་ཡིན་པ་དེ་ཙམ་ལ་དགག་པ་རྒྱག་གི་ཡོད། དེ་ནི་དངོས་པོའི་གནས་ལུགས་ཡིན་པ་གང་ཞིག་ལ་ཕྱིན་ཅི་ལོག་པའི་བློ་དང་འདྲེས་ནས་ང་ཚོས་སེམས་ཀྱིས་བསྐྲུན་པའི་འཁྲུལ་སྣང་དེ་ཡིན་པ་རེད། 

གནས་ལུགས་ལ་འཁྲུལ་བའི་རྟོག་པའི་སྣང་བ་ལ་ཞིབ་དཔྱོད་བྱེད་པ།

དངོས་པོའི་གནས་ལུགས་ལ་འཁྲུལ་བའི་རྟོག་པའི་སྣང་བ་ལ་ཞིབ་དཔྱོད་བྱེད་པ་དང་དེ་དག་ནོར་བཅོས་བྱེད་པའི་ཆེད་ནང་ཆོས་ནས་འཁྲུལ་བའི་རྟོག་མེད་ཀྱི་དབང་པོའི་སྣང་བ་ལ་ཞིབ་དཔྱོད་བྱེད་ཚུལ་དེ་བེད་སྤྱོད་བྱས་པའི་ཐབས་ཚུལ་དེ་དང་མཚུངས་པ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་ལྟ་བུ་དང་མཐུན་པའི་སྣང་བ་དེ་དག་ནི་གོང་གི་དཔྱད་ཞིབ་དང་རིགས་པ་བརྒྱུད་ནས་ཡང་དག་པའི་ཤེས་པ་དང་འགལ་བར་མཐོང་ན། སྣང་བ་དེ་དག་ནི་གནས་ལུགས་ལ་འཁྲུལ་བ་ཡིན། དེ་འདྲ་བའི་འཁྲུལ་སྣང་ནི་རགས་པ་ནས་ཤིན་ཏུ་ཕྲ་བའི་བར་སྣ་ཚོགས་པ་ཡོད་པ་དང་། དེ་དག་ཙོང་གི་པགས་པ་བཤུ་ནང་བཞིན་རིམ་པ་ནས་རིམ་པ་བཞིན་དུ་ཇེ་ཉུང་དུ་གཏོང་དགོས་ཀྱི་ཡོད། ཡིན་ནའང་། ཐོག་མར་ང་ཚོས་རྟོག་བཅས་ཀྱི་ཤེས་པ་ཟེར་བ་དེ་གང་ཡིན་ཤེས་དགོས།

གྲོགས་པོ་ཞིག་ལ་དཔེ་བཞག་པ།

རྟོག་བཅས་ཀྱི་ཤེས་པ་ནི་ཡིད་ཁོ་ན་ཡིན་པ་དང་དེ་ནི་སྡེ་ཚན་ཞིག་གི་བརྒྱུད་ལམ་ནས་འབྱུང་གི་ཡོད། དཔེར་ན། ང་ཚོ་ལ་རྟོག་བཅས་ཀྱི་ “གྲོགས་པོ་” ཟེར་བའི་སྡེ་ཚན་ཞིག་ཡོད། གྲོགས་པོ་དེ་ཚིག་མཛོད་ནང་གསལ་བའི་གྲོགས་པོའི་མཚན་ཉིད་དམ། ཡང་ན་ང་རང་ཚོ་སོ་སོས་མཚན་ཉིད་དེ་ལ་འགྱུར་བ་གཏོང་བ་གང་རུང་ཡིན་ཆོག །ནུབ་ཕྱོགས་པའི་ཐ་སྙད་དུ་གྲོགས་པོ་ཟེར་བ་གང་ཡིན་པའི་ “བསམ་བློ་” ཞིག་ཡོད་ཅེས་ཟེར་གྱི་ཡོད། དེ་ནི་དོན་ངོ་མར་ “བསམ་བློ་གཏན་འཇགས་” ཤིག་ཡོད་པ་རེད། གལ་ཏེ་ང་ཚོས་གྲོགས་པོ་ཞིག་ལ་བསམ་བློ་གཏོང་དགོས་ཟེར་ན། ང་ཚོས་སྡེ་ཚན་དེ་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ (hologram) ལྟ་བུ་མི་ཞིག་ལ་དཔེར་འོས་པའི་གྲོགས་པོ་ཡག་པོ་ཞེས་པའི་འགྲེལ་བཤད་དེ་དང་མཐུན་པའི་སེམས་ཀྱི་རི་མོ་ཞིག་དང་མཉམ་དུ་མཚོན་པར་བྱེད་སྲིད། སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དེ་ནི་ང་ཚོ་ལ་ཡོད་པའི་གྲོགས་པོ་བྱེ་བྲག་པ་ཞིག་གི་སེམས་ཀྱི་རི་མོ་མིན་སྲིད་ལ། དེ་ཡང་སེམས་ཀྱི་རི་མོ་གསལ་པོ་ཞིག་ཀྱང་མིན་པར། སེམས་ཚོར་གྱི་མྱོང་བ་དང་འདྲ་ཆེ་བའམ། ཡང་ན་གྲོགས་པོ་ཞེས་པའི་ཚིག་སྒྲའི་སེམས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་སྲིད། 

དེ་ལྟ་བུའི་གྲོགས་པོ་ཟེར་བའི་བསམ་བློ་ཞིག་ལ་བརྟེན་ནས་ཤེས་པ་ཇི་ལྟར་སྐྱེ་ཚུལ་སྐོར་ལྟ་རྒྱུ་ཡིན། ནམ་རྒྱུད་ང་ཚོས་གྲོགས་པོ་ཞིག་ལ་ངོས་འཛིན་བྱེད་པའི་མི་ཞིག་ཐུག་པ་དང་མི་དེས་ང་ཚོས་གང་བཤད་པ་ནང་བཞིན་མི་བྱེད་པ་ལྟ་བུ་སྣང་བར་མི་འགྲོ་བའི་ལས་ཀ་བྱེད་པའམ་ཡིད་ལ་མི་འབབ་པའི་སྐད་ཆ་བཤད་ཀྱིན་ཡོད་པ་ཚོར་བའི་སྐབས། ང་ཚོས་སྐྱིད་པོ་མེད་པའི་ཚོར་བ་མྱོང་བ་མ་ཟད། མི་དེ་ལ་ཁོང་ཁྲོ་ཟ་སྲིད་པ་རེད། ཁོང་ཁྲོའི་དབང་གིས་ང་ཚོས་ཚིག་རྩུབ་ཀྱི་ལམ་ནས་གཤེ་གཤེ་གཏོང་སྲིད། གལ་ཏེ་ང་ཚོའི་ཡ་ལན་སྤྲོད་སྟངས་དེ་ཇི་ལྟར་བྱུང་བའི་ཐད་ལ་དཔྱད་པ་བྱས་ན། དེ་ནི་ང་ཚོས་གྲོགས་པོ་ཟེར་བའི་སྡེ་ཚན་དེ་བརྒྱུད་ནས་གྲོགས་པོ་ཡག་པོ་དེ་གང་འདྲ་ཞིག་དགོས་པ་དང་གང་བྱེད་དགོས་པ་རྟོག་པའི་སྒོ་ནས་ཤེས་ཡོད་པའི་རྒྱུ་མཚན་གྱིས་རེད། ད་ལྟའི་དུས་སྐབས་འདིར་ཁོང་ཚོ་སྡེ་ཚན་དེའི་ནང་རན་འཚམས་མེད་པའི་རྐྱེན་གྱིས་ང་ཚོའི་རེ་བ་ལྟར་ཡོང་གི་མེད། སོང་ཙང་། ང་ཚོས་མི་སྐྱིད་པ་དང་བསུན་སྣང་གི་སྒོ་ནས་ཡ་ལན་སྤྲོད་ཀྱི་ཡོད། དེ་ལྟར་གོམས་གཤིས་ངན་པས་དབང་དུ་ཤོར་ནས་ང་ཚོས་ཕྱིས་སུ་འགྱོད་པ་སྐྱེ་སྲིད་པའི་སྐད་ཆ་རང་ཤུགས་ཀྱིས་ཤོད་ཀྱི་ཡོད། 

ངང་ངམ་ཤུགས་ཀྱི་ཡ་ལན་སྤྲོད་སྟངས་འདི་ལས་ཐར་བར་བྱེད་པའམ་འདི་སྤང་བར་བྱེད་པ་ལ། གང་ཟག་དེ་གྲོགས་པོ་ཞིག་ཡིན་ནའང་། ང་ཚོའི་སེམས་ཀྱི་རི་མོའི་ནང་གི་གྲོགས་པོ་རྣམ་དག་དེ་ནི་ག་དུས་ཡིན་ནའང་ང་ཚོའི་རེ་བ་སྐོང་མཁན་དེ་ཡིན་ཞིང་། དེ་ནི་དོན་ངོ་མར་ང་ཚོས་གྲོགས་པོ་ཟེར་བ་དེ་ལ་འགྲེལ་བཤད་ཇི་ལྟར་བྱེད་པར་རག་ལུས་ཡོད་པ་དང་། དེ་ནི་དངོས་ཡོད་གནས་ཚུལ་གང་དང་ཡང་མཐུན་གྱི་མེད་པ་དེ་རྟོགས་དགོས། དེ་ལྟར་སེམས་ནང་རྟོགས་པ་ལ་བརྟེན་ནས་ང་ཚོས་གནས་སྟངས་དེ་རིམ་པ་མང་པོར་ཇེ་ཉུང་དུ་གཏོང་ཆོག །དེ་ནས་ཁོང་ཁྲོ་ཟ་རྒྱུ་སྤང་བའམ། སོ་སོའི་གྲོགས་པོ་ལ་བློ་ཕམ་བྱུང་བའམ། ཡང་ན་མ་མཐར་ཡང་ཁོང་ཁྲོ་ལངས་ཚར་བ་ཡིན་ན། ཁོང་ཁྲོ་ལང་བཅུག་ནས་མགྱོགས་པོར་དེ་ལས་ཐར་བར་བྱེད་ཐུབ། དེ་ལྟར་བྱེད་པ་ལ་ང་ཚོའི་སེམས་ཀྱིས་འཁྲུལ་སྣང་རིགས་བཟོས་པ་ལ་བརྟག་དཔྱད་བྱེད་དགོས་པ་དང་། གང་བྱུང་ཟིན་པའི་དངོས་པོའི་གནས་ལུགས་དེ་གསལ་སྟོན་བྱེད་དགོས། 

ཆེས་ཐོག་མའི་གཞི་རྩའི་རིམ་པའི་ཐོག་ནས་ང་ཚོས་གནས་ཚུལ་གང་ཡིན་ནའང་བདེན་པ་དང་ཡང་དག་པ་ཡིན་མིན་ཞིབ་འཇུག་བྱེད་དགོས། ཁོང་ཚོས་དངོས་གནས་ང་ཚོས་བྱེད་དགོས་ཞེས་བཤད་པ་ནང་བཞིན་བྱས་མེད་པ་ཡིན་ནམ། ཡང་ན་ཁོང་ཚོས་ང་ཚོ་ལ་ཚུར་ལན་སྤྲད་མེད་པ་ཡིན་ནམ། ཡང་ན་ཁོང་ཚོས་གང་བྱས་པ་དེ་ང་ཚོས་མ་ཤེས་པའམ་དོ་སྣང་མ་བྱུང་བ་ཡིན་ནམ། གོ་བ་ལོག་སྒྲུབ་དང་སྐྱོན་འཛུགས་ནོར་བ་ལ་ཡོ་བསྲང་བྱེད་པར། ང་ཚོས་བདེན་དཔང་གང་ཡོད་པ་ལ་བརྟག་དཔྱད་བྱེད་དགོས། འདི་ནི་ཁྲིམས་མཐུན་ཚོད་ལྟའི་སྐབས་སུ་སྐྱོན་འཛུགས་མི་ནོར་བའི་ཆེད་བེད་སྤྱོད་བྱེད་པའི་ཐབས་ལམ་དང་གཅིག་མཚུངས་ཡིན། 

གལ་ཏེ་ང་ཚོས་བྱེད་དགོས་ཟེར་བ་ནང་བཞིན་ཁོང་ཚོས་དངོས་གནས་བྱས་མེད་ན། དེ་ལྟར་མ་བྱས་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས། ང་ཚོས་སེམས་ཀྱི་བསྐྲུན་པའི་རྟོག་སྣང་གི་དབང་དུ་བྱས་ན། ཁོང་ཚོ་ནི་གྲོགས་པོ་ཡག་པོ་མིན། གང་ཡིན་ཟེར་ན། ང་ཚོའི་བསམ་བློའི་ནང་གྲོགས་པོ་ཡག་པོ་ཟེར་བ་དེ་ནི་གང་ཟག་དེའི་ཟུར་ནས་རྙེད་པའི་གྲོགས་པོ་ཡག་པོ་དེའི་མཚན་ཉིད་ཀྱིས་གཏན་ལ་ཕབ་པ་ཞིག་རེད། འདིར་ང་ཚོས་བཟོས་པའི་གྲོགས་པོ་ཡག་པོའི་མཚན་ཉིད་གཅིག་ནི། རྟག་ཏུ་ང་ཚོའི་རྒྱབ་ལ་ཡོད་པ་དང་ང་ཚོ་ལ་རོགས་བྱེད་མཁན། དེ་བཞིན་ང་ཚོས་གང་བཤད་པ་ཇི་བཞིན་དུ་བྱེད་མཁན་དེ་རེད། འོན་ཀྱང་། འདི་ནི་རྒྱུ་མཚན་ལྡན་པའི་གྲོགས་པོའི་མཚན་ཉིད་ཅིག་ཡིན་ནམ། 

ང་ཚོས་བརྟག་དཔྱད་བྱེད་སྐབས་མི་རྣམས་ཀྱི་སྤྱོད་ལམ་དེ་རྒྱུ་དང་རྐྱེན་ལ་ལྟོས་ནས་འབྱུང་གི་ཡོད་པ་ཤེས་ཀྱི་ཡོད། དེ་ཡང་ཁོང་ཚོའི་ནང་ལོགས་ལ་རྙེད་དུ་ཡོད་པའི་མཚན་ཉིད་ཡོད་པ་དང་དེས་གནས་སྟངས་ལ་ལྟོས་མེད་ཀྱིས་ཁོང་ཚོའི་སྤྱོད་ལམ་ཐག་གཅོད་བྱེད་ཀྱི་ཡོད་པ་དེ་འདྲ་བས་དབང་སྒྱུར་བྱས་མེད། དེ་ལྟར་ནི་མི་སྲིད་པ་ཞིག་རེད། དེ་མིན་སོ་སོ་ཚུད་པའི་མི་ཚང་མ་སོ་སོའི་སྤྱོད་ལམ་དེ་གནས་སྟངས་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་དུས་རྟག་ཏུ་གཅིག་མཐུན་དུ་ཡོང་དགོས་པ་ཆགས་ཀྱི་རེད། དཔེར་ན། ལམ་དུ་མོ་ཊ་བརྡབ་སྐྱོན་གྱིས་འཚང་འགག་གི་ནང་འགོར་བ་ཡིན་ནའང་། ང་ཚོ་རྟག་པར་དུས་ཚོད་ཏག་ཏག་ལ་འབྱོར་གྱི་ཡོད། ང་རང་ཚོ་སོ་སོ་རང་ཉིད་ཀྱི་ཉམས་མྱོང་ལས་བདེན་དཔང་དེ་མི་སུ་འདྲ་ཞིག་གི་སྤྱོད་ལམ་རྟག་ཏུ་གཅིག་པར་གནས་པ་དང་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་མ་བྱས་པའི་རེ་བ་དང་གསལ་པོར་འགལ་གྱི་ཡོད། 

གནས་སྟངས་ཀྱི་དངོས་པོའི་གནས་ལུགས་རྟོགས་པ་དང་ང་ཚོས་སེམས་ཀྱི་བསྐྲུན་ཡོད་སྲིད་པའི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་གང་ཡིན་པ་དེ་ཇེ་ཉུང་དུ་གཏོང་བ་སྟེ། དཔེར་ན། ང་ཚོས་གང་ལབ་པ་ནང་བཞིན་ཁོང་ཚོས་མ་བྱས་པ་རེད། གང་ཡིན་ཞེ་ན། ཁོང་ཚོ་ང་ཚོ་ལ་དགའ་མོས་མི་བྱེད་པ་དང་ཁོང་ཚོ་ང་ཚོའི་གྲོགས་པོ་མིན་བསམ་པ་ལྟ་བུ་རེད། དེ་འདྲའི་སྐབས་ང་ཚོས་སོ་སོའི་གྲོགས་པོ་ལ་གང་ལབ་པ་ནང་བཞིན་ག་རེ་བྱས་ནས་བྱས་མེད་ཅེས་སྐད་ཆ་འདྲི་རྒྱུ་ཙམ་དེ་རེད། ཁོང་ཚོས་ང་ཚོའི་འདོད་མོས་ལྟར་མ་བྱས་པའི་རྒྱུ་རྐྱེན་གནས་སྟངས་སྣ་ཚོགས་པ་ཡོད་སྲིད། ཁོང་ཚོ་ཧ་ཅང་བྲེལ་བ་ཡོད་པ་དང་སེམས་ངལ་ཡོད་པའམ། ཡང་ན་ཛ་དྲག་གི་ལས་ཀ་ཐོན་པ། ཁོང་ཚོ་གནད་དོན་ཞིག་ལ་བློ་ཕམ་པའམ་སེམས་ཁྲལ་ཡོད་པ། ཡང་ན་ཁོང་ཚོ་ནད་པ་ཆགས་པ། ཡང་མིན་ན་དྲན་པ་བརྗེད་པ་དང་ལེ་ལོས་དབང་གིས་ཕྱི་བཤོལ་རང་བྱས་ནས་བསྡད་པའི་འགྲེལ་བརྗོད་བྱེད་སྲིད། ཐ་ན་ཁོང་ཚོས་ཡང་དག་པའམ་ནོར་བའི་བསམ་བློ་གང་བཏང་ཡོད་རུང་ང་ཚོས་གང་བཤད་པ་དེ་རྒྱུ་མཚན་མེད་པར་མཐོང་ནས་ང་ཚོ་ལ་ཏོག་ཙམ་ཁོང་ཁྲོ་ལངས་པ་དང་། ང་ཚོའི་འབོད་སྐུལ་ལ་སྣང་མེད་བཏང་ཡོད་སྲིད། དེ་ལས་གཏིང་ཟབ་ཏུ་དཔྱད་ན། རྒྱུ་མཚན་དེ་དག་རེ་རེ་བཞིན་རྒྱུ་རྐྱེན་གནས་སྟངས་མང་པོ་ལ་བརྟེན་ནས་བྱུང་ཡོད་པ་ང་ཚོས་ཤེས་ཀྱི་རེད། དཔེར་ན། ཁོང་ཚོའི་ལས་ཀ་བྱེད་ས་ལ་ཛ་དྲག་གི་ལས་དོན་མང་པོ་ཞིག་དུས་ཚོད་ངེས་ཅན་ནང་ཏག་ཏག་ཚར་བར་བྱེད་དགོས་པ་སོང་ཙང་། ཧ་ཅང་བྲེལ་བ་དང་སེམས་གནོན་ཤུགས་ནང་ཡོད་པ་ལྟ་བུ་རེད།

གང་བྱུང་བའི་དངོས་པོའི་ལུགས་ནི་གང་འབོད་སྐུལ་ཞུས་པ་ནང་བཞིན་བྱེད་ཀྱིན་མེད་པ་དེ་རེད། དེ་ལ་ནང་ཆོས་ནས་ “ཕན་ཚུན་ལྟོས་གྲུབ་ལས་བྱུང་བའི་དོན་རྐྱེན་” ཞེས་ཟེར། དེ་ཡང་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། ཁོང་ཚོ་ལ་རང་དབང་གིས་གྲུབ་པའི་མཚན་ཉིད་ཀྱིས་ “གྲོགས་པོ་ངན་པ་” བཟོས་བཞག་པ་དེ་འདྲ་མིན། དེར་མ་ཟད། ཁོང་ཚོ་རང་ངོས་ནས་སམ་རང་གི་མཚན་ཉིད་ཀྱིས་ “གྲོགས་པོ་ངན་པ་” ཟེར་བ་ཞིག་གྲུབ་པ་ཞིག་དང་། དེ་དག་ང་ཚོའི་བློ་ཡུལ་དུ་ཡོད་པའི་ “གྲོགས་པོ་བཟང་པོ་” ཟེར་བ་གང་འདྲ་ཞིག་དགོས་པ་དང་རན་འཚམས་ཆགས་མེད་པའི་རྒྱུ་མཚན་གྱིས་མ་རེད།  དེ་ནི་གྲོགས་པོ་བཟང་པོ་ཟེར་བའི་བསམ་བློ་དེ་རྒྱུ་མཚན་དང་མི་ལྡན་པའི་མཚན་ཉིད་ལ་གཞི་བྱས་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་སྡེ་ཚན་དེའི་ནང་སུ་གཅིག་ཀྱང་རན་འཚམས་ཆགས་ཀྱི་མེད། ང་ཚོར་ཡོད་པའི་གྲོགས་པོ་བཟང་པོ་ཟེར་བའི་སེམས་ཀྱི་རི་མོ་དེ་དངོས་ཡོད་སུ་དང་མཐུན་གྱི་མེད། 

འཁྲུལ་སྣང་འདི་དང་མཐུན་པའི་ཆོས་གང་ཡང་མེད་པ་ནི་སྣང་བ་སྟོང་པ་དེ་རེད། ང་ཚོས་དེ་ལྟ་བུའི་ཆོས་འགའ་ཡང་མེད་པའི་སྟོང་པ་དེ་ལ་དམིགས་པ་གཏད་དུས་འཁྲུལ་སྣང་མི་འབྱུང་བ་ཡིན། ཐ་ན་ང་ཚོས་སོ་སོའི་གྲོགས་པོ་ཡང་བསྐྱར་མཐོང་བའི་སྐབས་སྟོང་པ་དེ་སྣང་གི་མེད་ནའང་། ཁོང་ཚོའི་སྤྱོད་ལམ་གྱི་རྟེན་ཅིང་འབྲེལ་བའི་རང་བཞིན་ཤེས་པའི་སྒོ་ནས་དེར་ལྟ་བཞིན་དུ་དེ་ལ་དྲན་ཤེས་ལྡན་པའི་ངང་གནས་དགོས། དེ་ལྟར་བྱུང་ན་ང་ཚོ་ཁོང་ཁྲོ་མི་ཟ་བ་དང་ཁོང་ཁྲོའི་ངང་དུ་མི་གནས་པར་གནས་སྟངས་ལ་ཞི་ལྷིང་ངང་དང་། རྒྱུ་མཚན་ལྡན་པ། སྙིང་རྗེ་ལྡན་པའི་སྒོ་ནས་གདོང་ལེན་བྱེད་ཐུབ།

གལ་ཏེ་ལས་ཀ་དང་རང་སོ་སོའི་སྒེར་གྱི་མི་ཚེའི་ནང་ཛ་དྲག་དང་སེམས་ཁྲལ་གྱི་གནས་སྟངས་ཡོད་པའི་རྒྱུ་མཚན་གྱིས་ང་ཚོས་གང་འབོད་སྐུལ་ཞུས་པ་ལྟར་ཁོང་ཚོས་བྱེད་མ་ཐུབ་པ་ཡིན་ན། ང་ཚོས་དེ་ལ་སྙིང་རྗེ་དང་གཞན་ཚོར་ཤེས་པའི་ཐོག་ཡ་ལན་སྤྲོད་དགོས་ཤིང་། ཁོང་ཚོ་དཀའ་ངལ་དེ་དག་ལས་འབྲལ་བའི་ཡིད་སྨོན་བྱེད་དགོས། གལ་ཏེ་ཁོང་ཚོ་ལེ་ལོའི་དབང་འོག་ཏུ་ཤོར་ཡོད་ན། ང་ཚོས་ཀྱང་སྙིང་རྗེ་སྐྱེས་ནས་ཁོང་ཚོ་དེ་དག་ལས་ཐར་བ་དང་ལེ་ལོ་ལས་ཐར་ཚུལ་གྱི་བསླབ་བྱ་རྒྱག་དགོས། གལ་ཏེ་ང་ཚོའི་འབོད་སྐུལ་དེ་རྒྱུ་མཚན་མེད་པར་མཐོང་ན། དེ་ག་རེ་བྱས་ནས་ཡིན་མིན་དཔྱད་དགོས། གལ་ཏེ་ང་ཚོས་འབོད་སྐུལ་བྱས་པ་དེ་རྒྱུ་མཚན་མེད་པ་དང་དགོས་འདུན་ཤུགས་དྲག་བཏོན་པ་ལྟ་བུར་སྣང་ན། དེ་ལ་དགོངས་གསལ་ཞུས་ཏེ་རྒྱུ་མཚན་དང་མི་ལྡན་པའི་འབོད་སྐུལ་དང་དགོས་འདུན་དེའི་རིགས་འཚམས་འཇོག་བྱེད་ཐབས་བྱེད་དགོས། ཁོ་རང་ཚོའི་མཚན་ཉིད་ཀྱི་ནང་གྲོགས་པོ་ཞིག་ལ་རེ་བ་བྱ་རྒྱུ་དེ་རྒྱུ་མཚན་ལྡན་པ་གང་ཡིན་པ་དེ་རྒྱུ་མཚན་དུ་བྱས་ནས་དེ་རྒྱུ་མཚན་མེད་པར་མཐོང་ན། ཕ་རོལ་པའི་བསམ་ཚུལ་ལ་གུས་ཞབས་བྱེད་དགོས་པ་དང་ཕན་ཚུན་གཉིས་མོས་ཀྱི་མཚན་ཉིད་ཅིག་རྙེད་ཐབས་སུ་གྲོས་བསྡུར་བྱེད་དགོས། ཐབས་ཚུལ་དེ་དག་ཐམས་ཅད་སྤྱིར་བཏང་རྩོད་རྙོག་འདུམ་སྒྲིག་གི་ཆེད་བར་སྡུམ་པ་རྣམས་ཀྱིས་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། 

འབྲས་ནད་ཡོད་མཁན་གྱི་མི་ཞིག་ལ་དཔེ་བཞག་པ།

གོང་དུ་དཔྱད་པ་བྱས་པའི་འཁྲུལ་རྟོག་གི་སྣང་བ་དེ་དག་གིས་ང་ཚོར་གོང་སྨྲོས་ཀྱི་དཔེ་མཚོན་ལྟར། ང་ཚོ་ནི་མི་ཚེའི་ནང་དཀའ་ངལ་འཕྲད་མཁན་གཅིག་པུ་དེ་ཡིན་པར་བསམ་པ་དང་ཡིད་ཆེས་པ་དེ་རྟོགས་པར་ཕན་གྱི་ཡོད། དཔེར་ན། འབྲས་ནད་ན་མཁན་ནི་ང་ཚོ་གཅིག་ཡིན་བསམ་པ་ལྟ་བུ་རེད། དཔེ་མཚོན་འདིའི་ནང་མི་ཞིག་ལ་འབྲས་ནད་ཡོད་པའི་བསམ་བློ་ཞིག་ཡོད་པ་དང་། ཐོག་མར་ང་ཚོ་སྡེ་ཚན་དེའི་ནང་རན་འཚམས་ཡོད་པར་ངོས་ལེན་བྱེད་འདོད་མེད། དེ་ལྟར་ང་ཚོས་ཁས་ལེན་མི་བྱེད་པ་རེད། འོན་ཀྱང་། ང་ཚོ་ལ་འབྲས་ནད་ན་བའི་སྐབས། ང་ཚོ་འབྲས་ནད་ན་མཁན་གྱི་སྡེ་ཚན་ནང་དུ་རན་འཚམས་མེད་བསམ་པ་ནི་གནས་ལུགས་ལ་འཁྲུལ་བ་ཞིག་ཡིན་པ་གསལ་པོ་རེད། 

ཡིན་ནའང་། མཐར་གལ་སྲིད་ང་ཚོས་སྡེ་ཚན་དེའི་ནང་རན་འཚམས་ཡོད་པར་ངོས་ལེན་བྱེད་པའི་དབང་དུ་བཏང་ནས་གལ་ཏེ་ང་ཚོ་ནི་མི་དེ་འདྲ་བའི་དཔེ་མཚོན་གཅིག་པུ་དེ་ཡིན་པའི་གནས་ལུགས་ལ་འཁྲུལ་བའི་བློ་ཞིག་བསྐྲུན་ན། དེ་ནས་ང་ཚོས་རྣམ་དཔྱོད་ཀྱི་སྒོ་ནས་དངོས་པོའི་གནས་ལུགས་དེ་བདེན་པ་མིན་པར་ཤེས་ནའང་། ད་དུང་ང་ཚོ་སེམས་ཚོར་གྱི་སྒོ་ནས་དེ་ལ་མོས་མཐུན་དང་བཅས་དེའི་འབྲས་བུར་ང་ཚོས་ཁེར་རྐྱང་ཡིན་པར་ཚོར་བ་དང་། རང་གིས་རང་ལ་ཡ་ང་སྙིང་རྗེ་དང་སེམས་ངལ་གྱི་ནང་ཚུད་ཀྱི་རེད། ང་ཚོས་སོ་སོའི་རིག་པ་དང་ཤེས་པ་དེ་རྒྱ་སྐྱེད་བཏང་ནས་སྡེ་ཚན་འདིའི་ནང་རན་འཚམས་ཡོད་པའི་མི་ཚང་མ་བཙུད་པའི་སྐབས། འབྲས་ནད་ཉེན་སྐྱོབས་ཚོགས་པའི་ནང་མཉམ་བཞུགས་བྱེད་པའམ། ཡང་ན་སོ་སོ་རང་ཉིད་ཀྱི་དཔྱད་པ་ཙམ་ལ་བརྟེན་ནའང་འདྲ་སྟེ། ང་ཚོས་བསྐྲུན་པའི་དངོས་པོའི་གནས་ལུགས་ལ་འཁྲུལ་བ་འདི་བློས་གཏོང་བྱེད་ཐུབ་པ་བཟོ་གི་ཡོད། གལ་ཏེ་ང་ཚོས་འབྲས་ནད་ཅན་གྱི་ནད་པ་ཚང་མའི་ཆེད་དུ་སྙིང་རྗེ་མུ་མཐུད་ནས་བསྐྱེད་ན། རང་གིས་རང་ལ་ཡོད་པའི་ཡ་ར་སྙིང་རྗེ་དང་སེམས་ངལ་མེད་པ་བཟོ་ཐུབ་པ་ཡོང་གི་ཡོད། 

ཡང་གལ་ཏེ་ང་ཚོས་འབྲས་ནད་ཡོད་མཁན་གྱི་སྡེ་ཚན་དེའི་ཐོག་ལ་ནད་དེ་ལ་བརྟེན་ནས་འཆི་རྒྱུ་ངེས་པའི་མི་ཞིག་གི་མཚན་ཉིད་དེ་བསྡོམས་ན། ང་ཚོས་ད་དུང་དངོས་པོའི་གནས་ལུགས་ལ་འཁྲུལ་གྱི་ཡོད། འབྲས་ནད་ཡོད་མཁན་གྱི་ང་ཚོ་དང་གཞན་ཚང་མ་སྡེ་ཚན་འདིའི་ནང་རན་འཚམས་ཡོད་པར་ཡིད་ཆེས་པ་དེས་ནད་ལ་བརྟེན་པའི་ང་ཚོའི་མྱོང་ཚོར་ལ་འཇིགས་སྣང་གི་རྣམ་པའི་སེམས་ཚོར་ཞིག་ཁ་སྣོན་བྱེད་ཀྱི་ཡོད། ང་ཚོས་འབྲས་ནད་ན་བའི་རྗེས་སུ་ད་དུང་གསོན་པོར་གནས་མཁན་གྱི་བསྡོམས་གྲངས་ལ་དཔྱད་ནས་འོས་འཚམས་མེད་པའི་མཚན་ཉིད་འདི་ལ་དགག་པ་རྒྱག་ཆོག །ཁུངས་སྐྱེལ་དུ་རུང་བའི་བདེན་དཔང་དེ་ང་ཚོའི་འཁྲུལ་བའི་ཡིད་ཆེས་དང་འགལ་བ་ཆགས་ཀྱི་ཡོད། 

འཁྲུལ་བའི་རྣམ་པ་གཉིས་དང་གནས་ལུགས་ཀྱི་རྣམ་པ་གཉིས།

ནང་ཆོས་ནང་དངོས་པོའི་གནས་ལུགས་ལ་འཁྲུལ་བ་དང་གནས་ལུགས་དངོས་གཉིས་ཀྱི་སྐོར་ལ་ཧ་ཅང་གཏིང་ཟབ་པོར་བཤད་ཡོད། གནད་དོན་འདི་ལ་གཞིགས་ནས་དངོས་པོའི་གནས་ལུགས་དེ་གཉིས་པོ་རེ་རེ་ལ་རྣམ་པ་གཉིས་རེ་ཡོད་པར་འདོད། དེ་ཡང་ཆོས་གང་ཞིག་ཡིན་པའི་སྣང་བ་དང་ཆོས་དེ་དོན་ངོ་མ་གང་ཡིན་པའི་དངོས་པོའི་གནས་ལུགས་གཉིས་རེད། དེ་ག་ནང་བཞིན་ཆོས་གང་ཞིག་ཡོད་པ་དེ་ཇི་ལྟར་གྲུབ་པའི་སྣང་བ་དང་། དངོས་པོའི་གནས་ལུགས་ལ་ཆོས་དེ་ཇི་ལྟར་གྲུབ་པ་སྟེ། དེ་ནི་ཆོས་དེ་གང་ཡིན་པ་དང་སྤྱིར་བཏང་ཚད་མའི་ཤེས་བྱའི་ཡུལ་གཉིས་ཀ་ཡིན། དངོས་པོའི་གནས་ལུགས་གཉིས་པོ་རེ་རེའི་རྣམ་པ་གཉིས་ནི་དབྱེར་མེད་པར་རྟག་ཏུ་མཉམ་དུ་སྣང་གི་ཡོད། 

གཞན་ཡང་འཛམ་གླིང་ནང་གི་སྣང་བའི་རྣམ་པ་གཉིས་ཀ་མ་ནོར་བ་ཡིན་པའི་སྐབས་དེ་གཉིས་པོ་དངོས་པོའི་གནས་ལུགས་དངོས་ཀྱི་དབྱེར་མེད་པའི་རྣམ་པ་གཅིག་པ་གཉིས་དང་མཐུན་པ་ཡིན་སྲིད་པའམ། ཡང་ན་དེ་གཉིས་ནོར་བའི་སྐབས་མི་མཐུན་པ་ཡིན་སྲིད། དཔེར་ན། གལ་ཏེ་ང་ཚོ་ལ་ན་ཚ་ཞིག་ཡོད་ན། དེ་འབྲས་ནད་ཡིན་པ་དེ་ནོར་མེད་སྲིད་ལ་དེ་ནི་གཉན་ཁ་ཙམ་ཞིག་ཡིན་པ་ནི་ནོར་བ་རེད། འབྲས་ནད་ཡང་ན་གཉན་ཁ་གང་རུང་ཡིན་པའི་གནས་སྟངས་དེ་ཇི་ལྟར་གཏན་ལ་ཕབ་ཡོད་པ་ནི་མ་ནོར་བ་ཞིག་ཡིན། གལ་ཏེ་དེ་ནི་རྒྱུ་དང་རྐྱེན་ལ་ལྟོས་ནས་བྱུང་བ་ཞིག་ཡིན་པ་གཏན་འབེབས་ར་སྤྲོད་ཁུངས་སྐྱེལ་བྱས་ཡོད་ན། ཀུན་རྫོབ་ཀྱི་དབང་དུ་དེ་དང་དེ་འདྲ་བའི་ནད་རྟགས་ནི་འབྲས་ནད་དམ་གཉན་ཁའི་མཚན་ཉིད་ཡིན་པ་རེད། ནད་ཀྱི་ཕྱོགས་སུ་རྙེད་དུ་ཡོད་པ་ཞིག་དང་ཆ་རྐྱེན་གཞན་ལ་ལྟོས་མེད་རང་དབང་གིས་འབྲས་ནད་དམ་གཉན་ཁ་བཟོ་ཡི་ཡོད་པ་དེ་ནི་ནོར་བའི་ཕྱོགས་དེ་རེད། དེ་ནི་ནམ་རྒྱུན་སོ་སོས་བསམ་པ་དེ་རྒྱུ་མཚན་དུ་བྱས་ནས་རང་ཉིད་ནད་པ་ཡིན་པར་ཡིད་ཆེས་བྱེད་པའི་ཡིད་བློང་བ་རྣམས་ལ་འབྱུང་གི་ཡོད། 

བདག་ལ་ཡོད་པའི་འཁྲུལ་སྣང་ལ་ཞིབ་དཔྱོད་བྱེད་པ།

ད་ང་ཚོས་ནང་ཆོས་རང་གི་དཔེ་མཚོན་ཏོག་ཙམ་གཏིང་ཟབ་པ་ལ་བལྟ་རྒྱུ་ཡིན། དེ་ལ་ “བདག་” གི་དཔེ་མཚོན་ཟེར་བ་དང་། ང་ཚོས་དེ་ལ་ “ང་” ཞེས་ཟེར་གྱི་ཡོད། ནང་ཆོས་ལྟར་བྱས་ན། བདག་གམ་ང་ཟེར་བ་ཞིག་ནི་ཡོད། ང་ན་བའི་སྐབས་ན་མཁན་དེ་ང་ཡིན་པར་ཚོར་གྱི་ཡོད། དེ་ནི་སུ་ན་གི་ཡོད་པའི་སྣང་བ་མ་ནོར་བ་དེ་རེད། ན་མཁན་དེ་ “ཁྱེད་” མ་རེད་ལ་གཞན་སུ་ཡང་མ་རེད། དེ་གཉིས་གང་རུང་ལ་བསམ་བློ་གཏོང་བ་ནི་གནས་ལུགས་ལ་འཁྲུལ་བ་ལ་ཡིད་ཆེས་པ་རེད། ཡིན་ནའང་། བདག་ཅེས་པ་དེ་གང་རེད། ང་ཞེས་ཟེར་བའི་གང་ཟག་དེ་གང་རེད། དེ་ཡོད་པ་ཇི་ལྟར་གྲུབ་ཡོད་དམ། 

ནང་ཆོས་ལྟར་བྱས་ན། བདག་ཟེར་བ་ནི་གང་ཟག་སྒེར་སོ་སོ་བ་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་པའི་ཆོས་ཤིག་དང་། དེ་ནི་གཟུགས་ཀྱི་ཆོས་མིན་ལ་ཆོས་གང་ཞིག་རིག་པའམ་རྟོགས་པའི་ཚུལ་དེའང་མིན། དེ་ལ་གཞིགས་ན་བདག་ནི་ལོ་ཚད་ལྟ་བུ་རེད། དེ་ནི་སྐབས་འགར་ “ཀུན་བཏགས་ཀྱི་ཆོས་” ཞེས་ཟེར་གྱི་ཡོད། དེའི་དོན་ནི་བདག་དང་ལོ་ཚད་གཉིས་ཀ་རང་ངོས་ནས་གྲུབ་ཐུབ་པ་ཞིག་མིན། འོན་ཀྱང་། དེ་ནི་རྟག་ཏུ་རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ཅིང་འབྲེལ་བའི་ཆོས་ཤིག་ཡིན། ལོ་ཚད་ནི་རྟག་ཏུ་ཡུལ་ཞིག་དང་འབྲེལ་ནས་ཡོད་པ་དང་དེ་ནི་ཆོས་གང་རུང་ཞིག་གི་ལོ་ཚད་ཡིན་དགོས། དེ་བཞིན་དུ་བདག་ནི་རྟག་ཏུ་གང་ཟག་སྒེར་ཞིག་དང་དེའི་རྟག་ཏུ་འགྱུར་བ་ཅན་གྱི་སེམས་ཅན་གྱི་ལུས་སེམས་ཀྱི་རྒྱུན་དང་འབྲེལ་ནས་ཡོད་པ་དང་། དེས་ལུས་པོ་དེའི་གཟུགས་ཀྱི་གཞི་རྩ་རུ་བྱ་བ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཞུས་ན། བདག་ནི་གང་ཟག་སྒེར་གཅིག་ཡིན་པ་དང་ཡུལ་ཅན་གྱི་སྒོ་ནས་ “ང་” ཞེས་ཉམས་སུ་མྱོང་གི་ཡོད་པ་དང་། དེ་ནི་དེའི་གཞི་རྟེན་ལྟ་བུ་རྒྱུན་ལ་བརྟེན་ནས་ཡོད་པ་རེད། 

ནང་ཆོས་ནས་གང་ཟག་སྒེར་རེ་རེའི་བདག་དེ་བཞིན་མུ་མཐུད་ནས་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་ཐོག་མ་དང་མཐའ་མེད་པར་འགྲོ་གི་ཡོད་པ་དང་། དེ་ཡང་ཚེ་རབས་རེ་རེའི་ནང་གང་ལ་འཆིང་བའི་རང་གི་གཞི་རྟེན་རགས་པ་དེ་འགྱུར་བ་འགྲོ་གི་ཡོད་པར་བཞེད། འོན་ཀྱང་། ཐ་ན་ཚེ་རབས་དེ་དག་གི་བར་དུའང་གཞི་རྟེན་ཞིག་ལ་འཆིངས་ནས་ཡོད་པ་དེ་ལ་ཤིན་ཏུ་ཕྲ་བའི་ཤེས་པ་དང་འཚོ་རྟེན་གྱི་ནུས་པའམ་སྲོག་འཛིན་གྱི་རླུང་ཞེས་ཟེར་གྱི་ཡོད། 

ཤིན་ཏུ་ཕྲ་བའི་ཤེས་པ་སྟེ་ཤིན་ཏུ་ཕྲ་བའི་འཚོ་རྟེན་གྱི་ནུས་ཤུགས་དང་བདག་ལ་ཐོག་མ་དང་མཐའ་མེད་པའི་བདེན་དོན་དེ་ནི་རྒྱུ་འབྲས་ཀྱི་རྣམ་གཞག་ལ་དཔྱད་པའི་སྐབས་རྒྱུ་མཚན་རིགས་པའི་ཐག་གཅོད་དེ་ཡིན་པ་རེད། སྐད་ཅིག་རེ་རེའི་ནང་འགྱུར་བཞིན་པའི་ཆོས་དེ་རྒྱུ་རྐྱེན་གང་ཡང་མེད་པ་ལས་མི་འབྱུང་ཞིང་། རྒྱུ་གང་ཞིག་ལས་འབྱུང་བ་དེ་ཡང་འབྲས་བུ་སྐྱེད་པའི་ཆེད་སྐད་ཅིག་རེ་རེའི་ནང་འགྱུར་བ་འགྲོ་དགོས་ཀྱི་ཡོད། དེས་གང་སྟོན་གྱི་ཡོད་ཅེ་ན། འབྲས་བུ་གང་འདྲ་ཞིག་སྐྱེད་པར་བྱེད་པ་ལ་རྒྱུ་དེ་སྔ་མའི་རྐྱེན་གྱིས་ཤུགས་རྐྱེན་བྱེད་པ་ཞིག་དགོས། དེ་ག་ནང་བཞིན་ཆོས་ཀྱི་སྡེ་ཚན་གཅིག་པའི་ནང་གི་ཆོས་དེ་ཁོ་ནས་ཆོས་གཞན་ཞིག་གི་སྡེ་ཚན་གཅིག་པ་ལ་དེ་ལྟར་རྗེས་འབྲེལ་རིམ་པའི་བསྒྱུར་བ་དང་འབྲས་བུ་སྦྱིན་ཐུབ། ཁོང་ཁྲོ་དེ་མྱུ་གུར་བསྒྱུར་མི་ཐུབ། ས་བོན་དེ་མྱུ་གུར་བསྒྱུར་ཐུབ། བྱས་ཙང་། སྐད་ཅིག་སྔ་མའི་ཤེས་པ་ཕྲ་ཤོས་ཏེ་འཚོ་རྟེན་གྱི་ནུས་ཤུགས་ཕྲ་ཤོས་དེ་དང་། དེ་དག་འཆིངས་ནས་ཡོད་པའི་གང་ཟག་སྒེར་གྱི་བདག་གཅིག་པུས་སྐྱེ་བ་ཕྱི་མའི་སྐད་ཅིག་དང་པོའི་འབྲས་བུ་སྦྱིན་ཐུབ། 

དེ་དག་ནི་ནང་པའི་དཔྱད་པ་ཁག་གི་ནང་བྱུང་བའི་རྫས་དང་ནུས་པ་ཙམ་དུ་མ་ཟད། ཤེས་པ་དང་བདག་གྲུབ་སྟངས་ཐད་ཀྱི་རྒྱུ་མཚན་རིགས་པའི་གནད་དོན་ཁག་གཅིག་ཡིན། དེ་ཡང་མཐུ་ལྡན་གྱི་བྱེད་པོ་དཀོན་མཆོག་གམ། ཡང་ན་གས་ཐོར་ཆེན་མོ་ལ་བརྟེན་ནས་ཡིན། དོན་དམ་པའི་ཐོག་མ་དང་དེ་གང་ཡང་མེད་པ་ཞིག་ནས་བྱུང་ཚུལ་དང་། ཆོས་གང་འདྲ་ཞིག་ཡིན་པ་དེ་དག་སྐད་ཅིག་སྐད་ཅིག་གི་འགྱུར་བ་འགྲོ་གི་ཡོད་པ་གཉིས་རིགས་པ་འགལ་བ་ཡིན། དེ་ཇི་ལྟར་སྲིད་དམ་ཞེས་པའི་འདོད་ཚུལ་དེ་ནི་ང་ཚོའི་བློ་ཡུལ་ལས་འདས་པའི་སྦས་དོན་ཞིག་ཡིན་པ་དང་། དེ་ནི་ནང་པའི་རྩ་བའི་རྣམ་གཞག་དང་མཐུན་གྱི་མེད། 

ད་དུང་ང་ཚོས་དཔྱད་པ་བྱེད་སྐབས་བདག་ནི་དེའི་རྟེན་དང་གཅིག་པ་མིན་ལ་མཐའ་གཅིག་ཏུ་ཐ་དད་འབྲེལ་མེད་ཞིག་ཀྱང་མིན། ང་ཚོ་དངོས་གནས་རྒས་ཤིང་འབྲས་ནད་ཕོག་པའི་སྐབས་སོ་སོའི་ལུས་པོ་འདི་གཞོན་ཞིང་བདེ་ཐང་ལྡན་པར་ངོས་འཛིན་བྱེད་པའམ། ཡང་ན་འབྲས་ནད་ཡོད་པར་བརྟག་དཔྱད་ལས་ཤེས་རྟོགས་བྱུང་བ་དེ་སོ་སོ་རང་ཉིད་ལ་ཡོང་གི་མ་རེད་ཅེས་ངོས་ལེན་མི་བྱེད་པའི་སྐབས་སུ་ང་ཚོས་གནས་ལུགས་ལ་འཁྲུལ་བ་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད། 

དེར་མ་ཟད། གཟུགས་སུ་གྲུབ་པའི་ཆོས་ཤིག་མིན་པའི་ཆ་ནས་བདག་ལ་རང་ངོས་ཀྱི་སྣང་བ་མེད་པས། དེའི་རྟེན་གྱི་རྣམ་པ་དུས་གཅིག་ཏུ་སྣང་བ་དང་རྟོགས་པ་ཞིག་མེད་པར་རྟོགས་མི་ཐུབ། ངས་ང་རང་གི་གཟུགས་པོའི་ཆ་ཤས་ཤིག་མ་མཐོང་བར་སོ་སོ་རང་ཉིད་མཐོང་མི་ཐུབ་པ་དང་། ཐ་ན་ངས་སེམས་ཀྱི་སྒྲ་སྐད་ང་ཟེར་བ་དེ་ལ་མ་བསམ་པར་སོ་སོ་རང་ཉིད་ལ་བསམ་བློ་གཏོང་མི་ཐུབ། ངས་སོ་སོ་རང་ཉིད་ཀྱི་སྐོར་ལ་གནས་ཚུལ་ཞིག་ཤེས་དགོས་ཀྱི་ཡོད། དེ་མ་ཤེས་པར་གཞན་ལ་ལྟོས་མེད་ཐོག་རང་གིས་རང་ཤེས་མི་ཐུབ། ཡིན་ནའང་། ངས་སོ་སོ་རང་ཉིད་ཤེས་པའམ་རང་ཉིད་ཀྱི་སྐོར་ལ་བསམ་པ་གང་ཡིན་རུང་སོ་སོ་གྲུབ་ཡོད་པ་དེ་མཚམས་འཇོག་ནམ་ཡང་བྱེད་ཀྱི་མེད། ངའི་གང་རྟོགས་པ་དང་བསམ་པ་དེས་ང་ཟེར་བ་དེ་བཟོ་ཡི་མེད། 

ང་ཚོས་བདག་གམ་ང་ཟེར་བ་ཞིག་ཡོད་ཅེས་ཇི་ལྟར་གྲུབ་ཀྱི་ཡོད་དམ། གལ་ཏེ་ང་ཚོས་སོ་སོའི་ལུས་པོ་དང་། ཀླད་པ། ཤེས་པ་དང་བཅས་པ་དུམ་བུར་བཏང་ན། ང་ཚོས་བདག་ཟེར་བ་དེ་རྙེད་མི་ཐུབ། ཐ་ན་བདག་དེ་ལ་བཏགས་པའི་མཚན་ཉིད་རང་དབང་གིས་གྲུབ་པ་དང་། བདག་རང་ལ་ཡོད་པའི་མཚན་ཉིད་དམ། ཡང་ན་བདག་གི་རྟེན་གང་ལའང་རང་ངོས་ནས་བདག་གི་མཚན་ཉིད་ཡིན་པ་ཞིག་ནི་རྙེད་མི་ཐུབ། 

བློའི་འདོགས་ཚུལ།

ད་ང་ཚོས་འདིའི་ཐད་ལ་ཞིབ་ཚགས་པོར་དཔྱད་པ་བྱ་རྒྱུ་ཡིན། ང་ཚོ་ཚང་མ་ལ་བདག་ཅེས་པའི་བསམ་བློ་དང་ལྟ་ཚུལ་ཞིག་ཡོད་པ་དང་། དེ་ནི་ང་ཚོས་ “ང་” ཞེས་པའི་ཚིག་དང་མཉམ་དུ་བཏགས་ཀྱི་ཡོད། སྡེ་ཚན་ཞིག་ཡིན་པའི་ཆ་ནས་ང་ཚོས་ “བདག་” གམ་ “ང་” ཟེར་བའི་སྒྲ་དེའི་སེམས་ཀྱི་མཚོན་བྱེད་ཡོད་པའི་བསམ་བློ་གང་འདྲ་ཞིག་གཏོང་བའི་སྐབས། ལྟ་ཚུལ་འདི་རང་ཤུགས་ཀྱིས་འབྱུང་གི་ཡོད། དཔེར་ན། ང་ཚོས་སོ་སོའི་མི་ཚེའི་ནང་གི་འདྲ་པར་རིམ་པ་བཞིན་དུ་མཐོང་ནས་དེ་དག་རེ་རེ་ལ་བསམ་བློ་བཏང་ནས། “དེ་ང་རེད་” ཅེས་བརྗོད་པ་ལྟ་བུ་རེད། སེམས་ཀྱི་སྒྲ་སྐད་ “ང་” ཟེར་བ་དེ་དག་རེ་རེ་ནི་ “ང་” ཟེར་བའི་སྡེ་ཚན་གྱི་རྟོག་པའི་མཚོན་བྱེད་ཅིག་ཡིན་པ་རེད། 

གོང་དུ་ཞུས་པ་ནང་བཞིན་སྣང་བ་ཐམས་ཅད་ལ་རྣམ་པ་གཉིས་ཡོད་དེ། གང་སྣང་བ་དང་སྣང་བ་དེ་ཡོད་པ་ཇི་ལྟར་གྲུབ་པ་དེ་རེད། རྣམ་པ་དེ་གཉིས་དབྱེར་མ་མཆིས་པ་ཡིན་པ་དྲན་དགོས། ང་ཚོས་ “དེ་ང་རེད་” ཅེས་པའི་འདྲ་པར་དེ་དག་ཐམས་ཅད་ལ་བསམ་བློ་གཏོང་བའི་སྐབས། ངག་གི་སྒོ་ནས་བསམ་པའི་ “ང་” དེ་དངོས་གནས་ང་ལ་གོ་བ་ལས། ང་ཚོ་འཁྱོར་འགྲོས་བྱིས་པ་ཡིན་པའི་སྐབས་ཀྱི་ང་དང་ཧ་ཅང་འདྲ་པོ་ཡོད་པའི་ངའི་སྤུན་མཆེད་དེ་ལ་མི་གོ་བ་དེ་མ་ནོར་བ་ཞིག་ཡིན་སྲིད་ལ་ནོར་བ་ཞིག་ཀྱང་ཡིན་སྲིད། ཡིན་ནའང་། ང་ཟེར་བ་དེ་དག་ཡོད་པར་གྲུབ་པ་དེ་གང་འདྲ་རེད་དམ། 

རགས་པའི་དབང་དུ་བྱས་ན། འདྲ་པར་དེ་དག་རེ་རེའི་ནང་ཡོད་པའི་ང་དེ་དུས་རྟག་ཏུ་མི་ཚེའི་ནང་གི་ཆ་ཤས་དང་རྣམ་པ་གང་ཡིན་ལ་མ་ལྟོས་པར། མི་ཚེ་གང་པོར་སྔོན་གང་བྱུང་བ་ལ་བརྟེན་ནས་ཤུགས་རྐྱེན་གང་ཡང་སྤྲད་མེད་ཅིང་། ད་དུང་ཡང་དེ་ལྟར་མི་ཚེ་འདི་ནས་བཟུང་མུ་མཐུད་ནས་ལུས་སེམས་ལ་ལྟོས་མེད་ཀྱི་འགྲོ་བའི་ང་གཅིག་པ་དེ་ཡིན་པ་ལྟར་སྣང་གི་ཡོད། ཡིན་ནའང་། ང་ཚོས་བརྟག་དཔྱད་བྱེད་པའི་སྐབས་གནད་དོན་དེ་དག་གང་ལའང་གོ་རྒྱུ་མེད་པར་རྟོགས་ཀྱི་ཡོད། ང་ཚོ་དེ་ལྟར་གྲུབ་ཡོད་ཅེས་བསླབས་ཡོད་སྲིད་ཀྱང་། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། དེ་ལྟ་བུའི་ཚུལ་གྱིས་གྲུབ་པའི་བདག་ཟེར་བ་ཞིག་ནི་མེད། དེ་ལྟ་བུའི་བདག་གིས་སྟོང་པ་རེད། 

ཕྲ་བའི་དབང་དུ་བྱས་ན། འདྲ་པར་དེ་དག་ལ་བལྟས་རྗེས་ “ང་” ཟེར་བ་དེ་ལ་བསམ་བློ་གཏང་བའི་སྐབས་རང་ཤུགས་ཀྱིས་སྣང་བ་དང་། ངས་ངའི་གཞི་རྟེན་གང་ཡང་མེད་པར་དེ་ལ་དུས་གཅིག་ཏུ་མི་བསམ་པར། དེ་ནི་སེམས་ཀྱི་སྒྲ་སྐད་ཙམ་གྱི་ “ང་” དེ་ཡིན་ནའང། ངས་ “ང་” ཟེར་བ་དེ་ལ་བསམ་བློ་གཏོང་ཐུབ། རང་ངོས་ནས་སྣང་ཐུབ་པ་དང་བསམ་ཐུབ་པའི་བདག་ཟེར་བ་ཞིག་ནི་མི་སྲིད་པ་རེད། དེ་འདྲ་ཞིག་ནི་མེད། 

ད་དུང་དེ་ལས་ཞིབ་ཅིང་ཕྲ་བར་གཞིགས་ན། ང་ཚོས་འདྲ་པར་རྙིང་པ་དེ་དག་ལ་ལྟ་བའི་སྐབས་རྟོག་བཅས་ཀྱི་ཤེས་པས་སེམས་ཀྱི་སྒྲ་སྐད་ “ང་” ཟེར་བ་དེས་མཚོན་པའི་ “ང་” ཟེར་བའི་སྡེ་ཚན་ཞིག་དེ་དག་རེ་རེའི་གཞི་རྟེན་ལ་འདོགས་ཀྱི་ཡོད། གལ་ཏེ་འདྲ་པར་དེ་དག་ཐམས་ཅད་དོན་ངོ་མར་སོ་སོ་ཡིན་པ་དང་དེ་དག་ང་ཚོས་ “ང་” ཟེར་བའི་འདྲ་པར་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་བློས་བཏགས་པ་ན། དེ་དག་ཐམས་ཅད་ “ང་” ཡིན་པ་དེ་གང་གིས་གྲུབ་ཀྱི་ཡོད་དམ། དེ་དག་ “ང་” ཟེར་བ་དེ་ཡིན་པར་སྣང་ནའང་། དེ་ཡིན་པ་ང་ཚོས་ག་འདྲ་སེ་ཁུངས་སྐྱེལ་བྱེད་དམ། 

ང་ཚོས་འདྲ་པར་རེ་རེ་བཞིན་བརྟག་དཔྱད་བྱེད་སྐབས། འདྲ་པར་དེ་དག་རེ་རེ་ལ་གང་ཟག་དེ་ “ང་” ཡིན་པ་རང་དབང་དང་རང་ངོས་ནས་གྲུབ་ཅིང་འགྱུར་བ་མེད་པའི་མཚན་ཉིད་དང་ལྡན་པ་ཞིག་རྙེད་མི་ཐུབ། འདྲ་པར་རེ་རེ་ནི་མི་འདྲ་བ་ཡིན། ང་ཚོས་དེ་དག་རེ་རེ་ལ་གཅིག་མཚུངས་སུ་ “ང་” ཟེར་བ་དེ་བཏགས་ཡོད་ནའང་། པར་བརྒྱབས་ནས་སེམས་ཀྱི་སྒྲ་སྐད་ “ང་” ཟེར་བ་དེ་དག་རེ་རེ་དང་གཅིག་ཏུ་མཐུན་པའི་འགྱུར་མེད་རྙེད་དུ་མེད་པའི་ངོ་བོར་ “ང་” ཟེར་བ་ཞིག་ནི་མེད། འོ་ན་དེ་དག་རེ་རེའི་ནང་པར་བརྒྱབས་པ་དེ་སུ་རེད་དམ་ཞེ་ན། ཀུན་རྫོབ་ཀྱི་དབང་དུ་དེའི་ལན་ནི་ “ང་” རེད་ཅེས་བརྗོད་དགོས་ཀྱི་ཡོད། 

དེ་དག་ནི་ “ང་” ཟེར་བ་དེའི་འདྲ་པར་ཡིན་པ་གང་གིས་གྲུབ་པ་ལ་གཞིགས་ན། དེ་ནི་ “ང་” ཞེས་བློས་ཕར་བཏགས་པ་ཙམ་གྱིས་གྲུབ་པའམ་ཁུངས་སྐྱེལ་བྱས་པ་ཞིག་ཡིན་པ་དང་། མི་ཚེའི་ནང་ང་ཚོ་ངོ་ཤེས་མཁན་གྱིས་ཁུངས་སྐྱེལ་བྱེད་ཐུབ་པ་དང་མི་འགལ་བ་ཡིན། “ང་” ཟེར་བའི་གང་ཟག་དེ་ནི་འདྲ་པར་དེ་དག་ལ་གཞིར་བྱས་ནས་སྡེ་ཚན་དང་ཚིག་ “ང་” ཟེར་བ་གང་ལ་གོ་བ་དེ་ཙམ་ཡིན། དེ་ནི་དེ་དག་རེ་རེའི་རྒྱབ་ཏུ་ “ང་” ཞེས་སུ་འབོད་པ་དང་མཐུན་པའི་ “ང་” ཟེར་བ་ཞིག་རྙེད་དུ་མེད། དེ་ལྟ་བུའི་རྙེད་དུ་ཡོད་པའི་ངོ་བོ་དང་རྙེད་དུ་ཡོད་པའི་མཚན་ཉིད་ཀྱིས་བདག་ལ་དམིགས་པའི་ཤེས་པ་ལ་རྒྱབ་རྟེན་བྱེད་པ་དང་། ཐ་ན་རྟོག་མེད་དབང་པོ་རྣམས་དང་ཡོངས་སུ་བྲལ་བ་ནི་སྟོང་པ་ཉིད་ཀྱི་ལྟ་བ་གཏིང་ཟབ་ཤོས་དེ་ཡིན། 

འོན་ཀྱང་། སྟོང་པ་ཉིད་ནི་དངོས་པོའི་གནས་ལུགས་ཀྱི་རྣམ་པ་གཅིག་ཙམ་ཡིན། གང་ཡིན་ཟེར་ན། ང་ཚོ་ཚང་མ་ཡོད་པ་དང་རྒྱུ་འབྲས་ཀྱིས་བྱ་བ་བྱེད་ཀྱི་ཡོད། ཀུན་རྫོབ་ཀྱི་དབང་དུ་ཡོད་པའི་ཤེས་བྱ་ཐམས་ཅད་ནི་རྒྱུ་དང་རྐྱེན་དང་ཆ་ཤས་ལ་ལྟོས་ནས་འབྱུང་བ་དང་། དེ་དག་གི་ཚིག་དང་དོན་རྣམས་གང་ལ་གོ་བ་དེ་ཡིན། འདི་ལྟར་གནས་ལུགས་ལ་འཁྲུལ་བ་དང་གནས་ལུགས་དངོས་ལ་དཔྱད་པའི་སྒོ་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་འཇིག་རྟེན་བྱེད་པོ་དཀོན་མཆོག་གི་བྱེད་ལས་དེ་མི་དགོས་པ་རེད། 

ཕྱོགས་བསྡོམས།

མདོར་ན་རྟོག་པའི་འཆར་སྣང་དང་དངོས་པོའི་གནས་ལུགས་དབར་ཤན་འབྱེད་པའི་ནང་ཆོས་ཀྱི་ལངས་ཕྱོགས་དེ་ནི། རྒྱུ་མཚན་རིགས་པ་ལ་བརྟེན་པ་ཞིག་ཡིན། ང་ཚོ་ཚང་མའི་བདེ་སྐྱིད་དང་བདེ་ཐབས་ཡོང་བའི་ལམ་ནི་དངོས་པའི་གནས་ལུགས་མཐོང་བ་དང་དེ་ལ་ངོས་ལེན་བྱ་རྒྱུ་དེ་ཡིན། དེ་ལྟར་ཚང་མས་མཉམ་རུབ་ཀྱིས་འབད་པ་ལ་བརྟེན་ནས་ང་ཚོར་འཕྲད་པ་དང་མྱོང་བའི་གོ་ལ་སྤྱིའི་དཀའ་ངལ་གྱི་རིགས་སེལ་བར་དངོས་ཡོད་གནས་སྟངས་དང་མཐུན་པའི་ཐབས་ལམ་འཚོལ་དགོས་པ་དང་ལག་བསྟར་བྱེད་དགོས། ཐུགས་རྗེ་གནང་།།

Top