ངོ་སྤྲོད།
བོད་སྐད་ནང་གི་ “བློ་སྦྱོང་” ཟེར་བ་ནི་ང་ཚོའི་མི་ཚེ་སྐྱེལ་སྟངས་དང་ང་ཚོའི་མྱོང་བ་ལ་བརྟེན་པའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་གཏོང་ཐབས་སོགས་ཀྱི་གདོང་ལེན་བྱེད་སྟངས་ཀྱི་བརྗོད་གཞི་ཆེན་པོ་ཞིག་ཡིན། ང་ཚོ་ཚང་མར་མི་ཚེར་སྐྱིད་སྡུག་གཉིས་ཀ་ཡོད་པས། ལས་སླ་པོ་ཞིག་མིན་པ་ཤེས་ཀྱི་ཡོད། མི་ཚེའི་ནང་རྟག་པར་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད་པ་དང་། དེ་དག་ཀྱང་རྒྱུ་དང་རྐྱེན་མང་པོ་ཞིག་ལས་བརྟེན་ནས་ཡོང་གི་ཡོད།
དཔེ་མཚོན་ལས་སླ་པོ་ཞིག་བཞག་ན། དོ་དགོང་ང་ཚོ་ཚང་མ་མཉམ་དུ་འདིར་འཛོམས་སྟངས་ལ་གཅིག་བསམ་བློ་གཏོང་དང་། ཁྱེད་རང་འདིར་སླེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ལ་ཁྱེད་རང་འགྲུལ་བཞུད་བྱས་ནས་སྣུམ་འཁོར་འཚང་འགག་བརྒྱུད་འདིར་སླེབས་ཡོད་པ་དང་། གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་ཡིན་པ་སོགས་ཕྱིའི་གཟུགས་ཅན་གྱི་ཕྱོགས་ནས་རྐྱེན་མང་པོ་ཞིག་དང། ཡང་སྤྱིར་བཏང་ཁྱེད་རང་གི་མི་ཚེ་དང་། ཁྱིམ་ཚང་། ལས་ཀ་སོགས་ཀྱི་ནང་འཕྲད་བཞིན་པའི་གནས་ཚུལ་དང་། ཁྱེད་རང་གི་དགའ་ཞེན་བྱེད་ས་སོགས་ཀྱི་རྐྱེན་ཞིག་ཀྱང་ཡོད། གང་ལྟར་ཡང་། རྒྱུ་དང་རྐྱེན་ཤིན་ཏུ་མང་པོ་ཞིག་འཛོམས་པ་ལ་བརྟེན་ནས་རྒྱབ་ལྗོངས་མི་འདྲ་བ་དང་། རྒྱུ་རྐྱེན་མི་འདྲ་བའི་མི་མང་པོ་ཞིག་འདིར་འཛོམས་ཡོད་པ་ལྟ་བུ་རེད།
ད་ལྟ་ང་ཚོ་ཡོད་ས་འདིར་ཁྱེང་རང་ཚོ་དང་། ང། སྐད་བསྒྱུར་བ་ཁོང་ཡོད་ལ། དེ་བཞིན་བརྙན་པར་ནང་བསྡུ་འཇུག་བྱེད་བཞིན་པའི་བརྙན་འཕྲིན་དཔར་ཆས་འདི་ཡང་ཡོད་པ་ཡིན། འོ་ན་ང་ལ་བལྟ་མཁན་གཅིག་པ་ཡིན་པའི་ཁྱེད་རང་དང་བརྙན་འཕྲིན་དཔར་ཆས་གཉིས་ཀྱི་བར་ལ་ཁྱད་པར་གང་ཡོད་དམ། ང་རང་ཚོ་ནང་བཞིན་དཔར་ཆས་འདི་ཡང་མི་ཞིག་གིས་བཟོས་པ་དང་། མི་ཞིག་གིས་ཉོས་ཞིང་འདིར་བསྒྲིག་པ་སོགས་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་འདིར་ཡོད་པ་ཡིན། དེར་མ་ཟད། བརྙན་འཕྲིན་དཔར་ཆས་དང་ང་ཚོ་གཉིས་ཀས་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པ་གཅིག་པ་ཡིན། འོན་ཀྱང་། ཁྱད་པར་དངོས་གནས་དེ་ནི། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་གནས་ཚུལ་བསྡུ་ལེན་བྱས་པ་དེ་ལས་སྐྱིད་སྡུག་གི་ཚོར་བ་གང་རུང་ཞིག་སླེབས་ཀྱི་ཡོད་ཅིང་། པར་ཆས་དང་གློག་ཀླད་སོགས་ལ་བསྡུ་ལེན་བྱས་པའི་གནས་ཚུལ་ལས་ཚོར་བ་གང་ཡང་མྱོང་གི་མེད།
བདེ་སྐྱིད་ཟེར་བ་དེ་གང་ཡིན་ནམ།
མིའི་མི་ཚེ་ཞིག་གི་རྩ་བའི་བསྒྲུབ་བྱ་ནི། ང་ཚོ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཡིན། འདི་ལ་བརྟེན་ནས། “འོ་ན། བདེ་སྐྱིད་་ཟེར་བ་དེ་གང་ཡིན་ནམ། ང་ཚོར་དགོས་པའི་བདེ་སྐྱིད་དེ་གང་རེད་དམ།” ཞེས་བསམ་བློ་གཏོང་བར་སེམས་སྐུལ་བྱེད་ཀྱི་ཡོད།
ནང་པ་སངས་རྒྱས་པའི་བདེ་སྐྱིད་ཀྱི་འགྲེལ་ཚུལ་ནས་བཤད་ན། བདེ་སྐྱིད་ནི། ཚོར་བ་གང་ཞིག་ང་ཚོས་མྱོང་བའི་སྐབས་དེ་ལས་བྲལ་འདོད་མེད་པ་ཞིག་རང་བཞིན་གྱིས་ཡོང་བ་དང། དེ་ལ་དགའ་ནས་མུ་མཐུད་ནས་གནས་པ་ལ་ང་ཚོ་འདོད་བློ་ཁེངས་པ་དེ་ཡིན།
འདི་ནི་དངོས་པོ་དང་གང་ཟག་ཞིག་མཐོང་བའི་གཟུགས་ཅན་གྱི་ཤེས་པ་ཞིག་གམ། ཡང་མིན་ན་དངོས་པོ་དང་གང་ཟག་ཞིག་ལ་བསམ་བློ་གཏོང་བའི་ཡིད་ཀྱི་ཤེས་པ་གང་རུང་དང་མཉམ་དུ་འགྲོགས་ཐུབ་པའི་སེམས་ཀྱི་མྱོང་བ་ཞིག་ལ་གོ་དགོས། དེ་ནི་ང་ཚོས་གང་མཐོང་བ་དང་བསམ་པ་དེ་ཇི་ཙམ་སྣང་བར་འགྲོ་བའི་དོན་མིན་པར། ཡུལ་ཞིག་མཐོང་བ་དང་ཡུལ་དེར་བསམ་བློ་གཏོང་བའི་སྐབས་ང་ཚོ་ལ་ཚོར་བ་ག་འདྲ་ཞིག་ཡོང་གི་ཡོད་པ་དེ་ཡིན། ཡིན་ནའང་བདེ་སྐྱིད་ཞེས་པ་ནི་གཟུགས་ཅན་གྱི་ཚོར་བས་མྱོང་བའི་བདེ་བ་ཞིག་མིན་པར། དེ་ནི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ཙམ་མ་ཟད། ཡུལ་ལ་ཞེན་ཆགས་ལྟ་བུ་ང་ཚོས་ལང་ཚོ་དང་། ཅོག་ལེཊ་དང་བྱི་རིལ། ཐ་ན་བདེ་སྐྱིད་ཀྱི་ཚོར་བ་ཡན་ཆད་ལ་སྒྲོ་བཏགས་ཏེ་གློད་འདོད་མེད་པའི་ཉོན་མོངས་པ་དང་གཅིག་པ་མ་རེད།
དཔེར་ན། གློག་བརྙན་ལྟད་མོ་ལྟ་བུ་ཞིག་དང་པོར་བལྟ་བའི་སྐབས་སུ་སྐྱིད་སྣང་གི་མྱོང་བ་ཞིག་ཡོད་ན། དེ་ནི་རིམ་པ་དམའ་བའི་སྐྱིད་སྣང་ཞིག་ཡིན་ཆོག་ཀྱང། སྐར་མ་ཁ་ཤས་རྗེས་ད་དུང་བལྟ་བཞིན་པ་དང་། དེ་གཡུག་ནས་འགྲོ་འདོད་མེད་ན། ང་རང་ཚོ་སོ་སོའི་སྐྱིད་སྣང་གི་ཚོར་བ་དེར་ཚིམས་ནས་གློད་འདོད་མེད་པའི་རྟགས་ཡིན། སྐབས་དེར་ང་ཚོས། “མུ་མཐུད་ནས་བལྟ་རྒྱུར་དགའ་སྣང་ཡོད།” ཅེས་བཤད་ཆོག་པ་ཡིན། གལ་སྲིད་སྐྱིད་སྣང་གི་ཚོར་བ་མེད་པའམ་གནས་སྟངས་དེ་ལས་བྱུང་བའི་མྱོང་ཚོར་ལ་བྲལ་འདོད་ཀྱི་བློ་བསྐྱེད་ན། དེ་ལས་གཡོལ་ནས་ཕྱོགས་གཞན་ཞིག་ལ་བལྟས་ནས་སྐབས་དེའི་མྱོང་ཚོར་བརྗེ་ཐབས་བྱེད་ཆོག་པ་ཡིན། དེ་ག་ནང་བཞིན་མཚམས་རེར་ང་ཚོར་ཚོར་བ་བཏང་སྙོམས་དེ་འདྲ་ཡང་ཡོད་པ་རེད། དཔེར་ན། ཡུལ་དེ་དང་བྲལ་འདོད་མ་འདོད་ཀྱི་ཁྱད་པར་མེད་པའི་གནས་སྐབས་ལྟ་བུ་ཡོད་ཆོག་པ་ཡིན།
འོན་ཀྱང་། ནམ་རྒྱུན་ང་ཚོས། “བདེ་སྐྱིད་” དང་ “སྡུག་བསྔལ་” ཞེས་པའི་ཐ་སྙད་ཀྱི་ཐད་བསམ་བློ་གཏོང་སྐབས་སུ། གདོང་གི་སྟེང་ལ་ཡོད་པའི་འཛུམ་གདངས་ཆེན་པོ་ཞིག་གམ། ཡང་མིན་ན་སྐྱོ་སྣང་དང་ཡིད་ཞུམ་པ་ལྟ་བུའི་མཐའ་ལ་ལྷུང་བའི་བསམ་བློ་གཏོང་གི་ཡོད། གང་ལྟར་ཡང་། སྐྱིད་སྣང་དང་སྡུག་སྣང་གི་ཚོར་བ་རྣམས་དེ་ཙམ་གྱི་འཁྲུག་ཆ་དོད་པོ་ཡིན་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན། ང་ཚོས་སོ་སོའི་མི་ཚེའི་ནང་དུས་ཡུན་སྐད་ཅིག་རེ་རེ་ལ་བདེ་སྡུག་གི་ཚོར་བ་གང་རུང་མྱོང་གི་ཡོད་ཀྱང་། གནས་སྐབས་མང་ཆེ་བའི་ནང་དེ་ཙམ་ཤུགས་ཆེན་པོ་དང་འཁྲུག་ཆ་དོད་པོ་མེད།
མི་ཚེའི་སྐྱིད་སྡུག་གི་འཕེལ་འགྲིབ།
སྐད་ཅིག་རེ་རེ་བཞིན་ང་ཚོས་གནས་སྟངས་འདྲ་མིན་སྣ་ཚོགས་ཤིག་ཉམས་སུ་མྱོང་གི་ཡོད། དཔེར་ན། ང་ཚོ་འདིར་འཛོམས་པ་ལྟ་བུ་རྒྱུ་རྐྱེན་ས་ཡ་མང་པོ་ཡོད་ཆོག་པ་ཡིན། ང་ཚོས་རང་གི་ཉེ་འགྲམ་ལ་ཡོད་པའི་གནས་ཚུལ་རྣམས་དང་སོ་སོའི་སེམས་ནང་གང་འབྱུང་བཞིན་པ་རྣམས་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། དེ་བྱེད་པའི་སྐབས་སུ་བདེ་སྐྱིད་དང་སྡུག་བསྔལ་གྱི་མྱོང་བ་རབ་དང་རིམ་པ་མང་པོ་ཡོང་གི་ཡོད། ནམ་རྒྱུན་དེ་ལ་ང་ཚོས་སེམས་ཁམས་ཀྱི་ཉམས་འགྱུར་འགྲིག་དང་མ་འགྲིག་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད།
མི་ཚེའི་རང་བཞིན་ནི་ག་དུས་ཡིན་ནའང་སྐྱིད་སྡུག་མཉམ་བསྲེས་ཡོད་པ་ཞིག་ཡིན། དེ་ལྟར་མ་ཡིན་ནམ། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་གང་འདྲ་ཞིག་གི་ནང་ཡོད་པ་དེ་དང་མཉམ་དུ་ང་ཚོའི་ཉེ་འཁོར་ལ་གང་འབྱུང་བཞིན་ཡོད་པ་དང་། ང་ཚོས་གང་བྱེད་བཞིན་པཔའི་གནས་ཚུལ་གང་ཞིག་སེམས་ནང་བསྡུ་རུབ་བྱས་པ་དང་རྟག་ཏུ་མཐུན་པའི་ངེས་པ་མེད། དཔེར་ན། ང་ཚོས་དུས་རྒྱུན་ནས་བྱེད་རྒྱུར་དགའ་པོ་ཡོད་པའི་ལས་ཀ་ཞིག་བྱེད་ཀྱི་ཡོད་ཀྱང་། དེ་ལ་སྤྲོ་བ་མེད་པས་སྐྱིད་པོ་མེད་པར་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་པོ་ཞིག་བསྟན་ནས་བསྡད་ཚོད་རེད། ཡང་མཚམས་རེར་དགོས་ངེས་ཀྱི་ལུས་སྦྱོང་བྱེད་པ་ལྟ་བུ་བྱ་བའི་ངོ་བོ་དེ་ཙམ་གྱི་སྤྲོ་སྣང་དོད་པ་ཞིག་མིན་ཀྱང་། དེ་བྱས་པས་སྐྱིད་པོ་བྱུང་ནས་མུ་མཐུད་ནས་བྱེད་འདོད་ཀྱི་བསམ་བློ་ཡོང་གི་ཡོད། བྱས་ཙང་། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་ང་ཚོས་བྱེད་བཞིན་པའི་བྱ་བ་དང་གང་འདྲ་བྱས་ནས་མཐུན་གྱི་མེད་པའི་སྐོར་ལྟ་ཞིབ་བྱེད་རྒྱུ་དེ་ཡིད་ལ་འཐད་པོ་ཞིག་ཡོད།
ང་ཚོས་སྐད་ཅིག་རེ་རེའི་བྱུང་བ་རྣམས་མྱོང་བ་དང་མཉམ་དུ་དེའི་ཕྱོགས་སུ་བསམ་བློ་འཁྱེར་སོ་མི་འདྲ་བ་རེ་ཡོང་གི་ཡོད། ད་ལྟ་ང་ཚོས་བསམ་བློའི་འཁྱེར་ཕྱོགས་ཀྱི་སྐོར་ལ་ཤོད་བཞིན་པ་ཡིན། བྱས་ཙང། བསམ་བློའི་འཁྱེར་ཕྱོགས་ཟེར་བ་དེ་གང་ཡིན་ནམ། གོ་བདེ་བར་བཤད་ན། བསམ་བློའི་འཁྱེར་ཕྱོགས་ཞེས་པ་ནི་གང་ཞིག་ལ་ང་ཚོས་ཆ་འཇོག་དང་ལྟ་ཚུལ་འཛིན་སྟངས་དེར་གོ་དགོས། ང་ཚོ་ལ་བསམ་བློའི་འཁྱེར་ཕྱོགས་མི་འདྲ་བ་ཤིན་ཏུ་མང་པོ་ཡོད་ཆོག་ཅིང། བསམ་བློའི་འཁྱེར་ཕྱོགས་དེ་ལ་བརྟེན་ནས་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་ག་འདྲ་ཞིག་གི་ནང་ཡོད་པ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། སྤྱིར་བཏང་གི་གནས་སྟངས་ཞིག་གི་ངོས་ནས་བཤད་ན། ང་ཚོས་མི་ཚེའི་ནང་དུས་རྟག་ཏུ་སྐྱིད་སྡུག་གི་ཚོར་བ་འཕེལ་འགྲིབ་མྱོང་བ་དེར འགྱུར་བ་ནུས་ལྡན་ཞིག་གཏོང་ཐུབ་རྒྱུ་ཁག་པོ་ཡིན། ཐ་ན་གནས་སྟངས་ཞིག་བསྒྱུར་བ་གཏོང་བའི་ཆེད་དུ་སྨན་ཞིག་ཟས་ནའང་། དེས་རྒྱུན་རིང་པོ་བསྒྱུར་བཅོས་གཏོང་མི་ཐུབ་པར། སྐྱིད་སྡུག་གི་འཕེལ་འགྲིབ་ནི་ཡོང་ངེས་པ་ཞིག་རེད། དེ་ལྟར་མ་ཡིན་ནམ། དེར་བརྟེན། ང་རང་ཚོར་གཅིག་བྱེད་རྒྱུ་ཡོད་པ་དེ་ནི། སོ་སོའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་ཡིན།
ད་ང་ཚོས་བློ་སྦྱོང་ངམ་བསམ་བློའི་འཁྱེར་ཕྱོགས་ལ་སྦྱོང་བརྡར་སྤྲོད་དགོས་པའི་སྐོར་བཤད་སྐབས། འདིར་རྣམ་པ་གཉིས་ཀྱི་ཐོག་ནས་བཤད་ཆོག །གཅིག་ནི་གནོད་བྱེད་མི་དགེ་བའི་བསམ་བློའི་འཁྱེར་ཕྱོགས་ལ་འབད་བརྩོན་བྱས་ནས་མཚམས་འཇོག་པའམ་མེད་པར་བཟོ་ཐབས་བྱེད་དགོས། “གནོད་བྱེད་མི་དགེ་བ་” ཞེས་པའི་ཚིག་དེ་ཏོག་ཙམ་ཤུགས་ཆེ་དྲགས་ན། ང་ཚོས་ “ཕན་འབྲས་མེད་པའི་ལས་ཀ་” ཞེས་ཀྱང་ཟེར་ཆོག །འོན་ཀྱང་དེ་ནི་རང་གིས་རང་ལ་ཕུང་བར་བྱེད་པའམ་གནོད་པའི་ལས་ཤིག་ཞིག་ཡིན་པར་བསམ་དགོས། རྒྱུ་མཚན་ནི་བསམ་བློའི་འཁྱེར་ཕྱོགས་དེ་འདྲ་ཡིས་ང་ཚོ་ཇེ་སྡུག་ཏུ་གཏོང་གི་ཡོད། རྣམ་པ་གཞན་དེ་ནི་གནས་སྟངས་ལ་ལྟ་བའི་སྐབས་སུ་ཕན་འབྲས་ལྡན་པའི་མཐོང་སྣང་ཞིག་རང་རྒྱུད་ལ་སྦྱོང་བརྡར་སྤྲོད་རྒྱུ་དེ་ཡིན།
སྐབས་འདིར་གསལ་བཤད་གལ་ཆེན་ཞིག་བྱེད་རྒྱུ་ལ། འདིར་ཤོད་བཞིན་པ་ནི་དུས་རྒྱུན་མི་རྣམས་ཀྱི་ཟེར་བའི་ “དགེ་བའི་བསམ་བློའི་ནུས་སྟོབས།” ཟེར་བ་དང་། དེ་ཡང་། “ཐམས་ཅད་ལེགས་ཞིང་མཆོག་ཏུ་གྱུར་བས་ངོ་མཚར་ཅན་ཞིག་ཡིན་” ཞེས་བསམས་ནས་རེ་བཟང་ཕུགས་བཅོལ་གྱི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་ཟེར་བ་དེ་དང་གཅིག་པ་མིན། འདི་ལྟ་བུའི་བསམ་བློ་གཏོང་སྟངས་ཀྱི་ཕན་སྲིད་ཀྱང་། དེ་ནི་ཏོག་ཙམ་བྱེད་བདེ་སྟབས་བདེ་ཞིག་ཆགས་ཀྱི་ཡོད། དངོས་གནས་ནུས་པ་དང་ལྡན་པའི་ཐོག་ནས་ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་གདོང་ལེན་བྱེད་འདོད་ན། ང་ཚོས་དེ་ལས་གཏིང་ཟབ་པར་བལྟ་དགོས་པ་ཡིན།
ང་ཚོས་གང་ཚོར་བ་ལ་དམིགས་བསལ་གང་ཡང་མེད།
དང་པོ་ང་ཚོས་རང་རང་གི་བདེ་སྐྱིད་དང་སྡུག་བསྔལ་གྱི་རིམ་པ་སོགས་ཚོར་བ་དང་འབྲེལ་བའི་བསམ་བློའི་འཁྱེར་ཕྱོགས་ལ་བསམ་ཞིབ་བྱེད་དགོས། འདིར་ང་ཚོས་མང་པོ་ཞིག་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་ནང་ནས་རང་གི་ཚོར་བ་ལ་སྒྲོ་བཏགས་ནས་གལ་ཆེན་པོ་བཟོ་གི་ཡོད་པའི་ཐོག་ལ་བལྟ་རྒྱུ་ཡིན།
ང་ཚོས་ང་རང་ཚོར་ཡོད་པའི་ “ང་” ཞེས་པ་དེ་ཆེན་པོ་ཞིག་བཟོས་པ་དང་། སོ་སོའི་མྱོང་ཚོར་རྣམས་དེ་ལས་ཀྱང་ཆེ་ཙམ་བཟོས་བཞག་གི་ཡོད། ང་ཚོས་གང་མྱོང་བ་ཐམས་ཅད་རྣམ་པ་གཉིས་སྣང་བའི་སྒོ་ནས་མྱོང་གི་ཡོད། དཔེར་ན། ང་ཚོར་ “ང་” ཟེར་བའི་སྣང་བ་ཞིག་ཕྱོགས་གཅིག་ཏུ་ཡོད་པ་དང་། ཕྱོགས་གཞན་དེར་སྡུག་བསྔལ་ཡོད། སྡུག་བསྔལ་གྱི་ཕྱོགས་དེར་འཇིགས་ཞིང་སྐྲག་ནས་གང་ཐུབ་ཅི་ཐུབ་ཀྱིས་འདི་ལས་སྐྱོབ་ཐབས་བྱས་ཏེ་རྩ་བ་ནས་མེད་པར་བཟོ་རྩིས་བྱེད་ཀྱི་ཡོད། འོན་ཀྱང། བསམ་བློའི་འཁྱེར་ཕྱོགས་འདི་འདྲ་ཞིག་ཡོད་པ་ཡིན་ན། ང་ཚོར་ཚོར་བ་སླེབས་པ་ཇི་ལྟར་བཟོ་གི་ཡོད་དམ། དེ་ནི་ད་དུང་ཇེ་སྡུག་ཏུ་གཏོང་གི་ཡོད་པ་འདྲ་པོ་ཡོད། དེ་ལྟར་མིན་འདུག་གམ།
གནས་སྐབས་རིང་བསམ་བློ་ཞིག་བཏང་ནས་ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་མེད་པ་དང་། སེམས་སྐྱིད་པོ་མེད་པའི་སྐབས་སུ། བསམ་བློའི་འཁྱེར་ཕྱོགས་དེ་ག་འདྲ་ཞིག་འདུག་གམ། དེ་ནི་ངས་སེམས་ཧ་ཅང་སྐྱོ་ནས་ངུ་བ་སོགས་ཀྱི་གནས་སྐབས་ཞིག་ལ་ཟེར་གྱི་མེད། དེ་ནི་མར་བསྡད་ནས་སྤྱིར་བཏང་གི་ལས་ཀ་ཞིག་བྱེད་བཞིན་པའམ། ཡང་མིན་ན་བརྙན་འཕྲིན་ཞིག་ལྟ་བཞིན་པ་ལ། “ཨོ། ང་ལ་ཉོབ་སྣང་ཞིག་སྐྱེ་ཡི་འདུག་” སྙམ་པའི་བསམ་བློ་བྱུང་བའི་སྐབས་དེར་ཟེར་གྱི་ཡོད། སྐབས་དེར་སོ་སོ་རང་གནས་སུ་སྡོད་བཞིན་དུ་གནམ་འཐིབས་ནས་སྤྲིན་ནག་ཆེན་པོ་ཞིག་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་ཡོང་བ་དང་། རང་ཉིད་དེ་ལས་སྐྱོབ་འདོད་ཀྱི་བསམ་བློ་ཞིག་སླེབས་ནས། “ང་ལ་འདི་མི་དགོས།” སྙམ་པའི་བསམ་བློ་འཁོར་བ་ལྟ་བུ་ཞིག་ཡིན་བསམ་གྱི་ཡོད་དམ། དེ་ཁྱེད་རང་གི་ཉམས་མྱོང་ཀྱི་ཆ་ཤས་ཤིག་ཡིན་ནམ། ང་ཚོར་རྩ་བ་ནས་འདོད་པ་མེད་པའི་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་དེ་དག་རང་ངོས་ནས་ཡོང་གི་ཡོད་པ་འདྲ་པོ་ཞིག་ཡོད། དེ་ཙམ་མ་ཟད། ང་ཚོས་དེ་ལ་ག་ཚོད་དམིགས་ནས་སྡུག་ཅག་གི་སྣང་བ་བསྐྱེད་པ་དེ་ཚོད་ཀྱིས་ཇེ་སྡུག་ཏུ་འགྲོ་ཡི་ཡོད། འདིར་ཡོད་པའི་དཀའ་ངལ་ནི། ང་ཚོར་གང་ཡོང་བའི་ཚོར་བ་དེར་སྒྲོ་བཏགས་ནས། “ང་” ཟེར་བ་ཞིག་ཕྱོགས་འདིར་འཇོག་པ་དང་། སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་དེ་ཕྱོགས་གཞན་དེར་བཞག་ནས་གནད་དོན་གཉིས་བཟོ་གི་ཡོད་པ་དེ་ཡིན།
འོ་ན། བདེ་སྐྱིད་ཟེར་བ་ག་འདྲ་ཞིག་ཡིན་ནམ། འདི་ལ་ཡང་གཉིས་འཛིན་གྱི་མྱོང་བ་ཞིག་ཡོད་པས། “ང་” ཞེས་པ་དེ་ཕྱོགས་གཅིག་ཏུ་འཇོག་པ་དང་། བདེ་སྐྱིད་ཞེས་པ་ཕྱོགས་གཞན་ཞིག་དུ་བཞག་ནས་དེ་བརླག་དོགས་ཀྱིས་དེ་ལ་ཞེན་ཆགས་དང་དེར་འཛིན་ནས་སྡོད་ཀྱི་ཡོད། སྐབས་དེར་གལ་སྲིད་ང་ཚོས་བདེ་སྐྱིད་དེ་བརླག་ན་བདེ་སྣང་མི་ཡོང་བར་དོགས་པ་དང་། འཇིག་སྣང་སྐྱེས་ཏེ་ཉེན་སྲུང་མེད་པའི་ཚོར་སྣང་ཞིག་མྱོང་གི་ཡོད། དེར་བརྟེན་བདེ་སྐྱིད་ཡོད་པའི་དུས་དེར་བག་ཕེབས་པོས་བདེ་སྐྱིད་ལ་མྱོང་མི་ཐུབ་པར། ཉེན་སྲུང་མེད་པའི་ཚོར་བས་བདེ་སྐྱིད་འཇོམས་ཀྱི་ཡོད། དེ་ལྟར་མ་རེད་དམ། དེའི་སྟེང་ལ་ཡང་མཚམས་རེར། “ང་ལ་སྐྱིད་པོ་བྱེད་པའི་འོས་འབབ་མེད།” ཟེར་བ་ལྟ་བུའི་རྙོག་འཛིངས་ཆེ་བའི་སེམས་ཚོར་རྣམས་ཡོང་སྲིད་པ་ཡིན།
དེར་བརྟེན་བསམ་བློ་ཞིག་བཏང་ན། ང་ཚོས་ནམ་རྒྱུན་དུད་འགྲོ་ནང་བཞིན་བྱེད་ཀྱི་ཡོད་པས་ཁྱད་འཚར་ཞིག་རེད། ཁྱི་ཞིག་གི་ཁ་ལག་བཟའ་བཞིན་པར་གཅིག་ལྟོས་དང་། ཁོ་རང་ཁ་ལག་དེ་བཟའ་བཞིན་པ་ཡིན་ཀྱང་། ད་དུང་ཕྱོགས་བཞིར་བལྟས་ནས་དོགས་ཟོན་བྱས་ཏེ་མི་ཞིག་གི་ཁ་ལག་འཁྱེར་ནས་འགྲོ་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད། ཁྱེད་རང་ལ་དེ་ལྟ་བུའི་ཚོར་བ་ཞིག་ཡོང་མྱོང་ཡོད་དམ། རང་ཉིད་སྐྱིད་པོ་ཚོར་གྱི་ཡོད་ཀྱང་། མི་ཞིག་གིས་ཧ་གོ་ནས་ཁ་ལག་དེ་འཁྱེར་ནས་འགྲོ་ཡོང་བསམ་པའི་ཚོར་བ་སླེབས་ཀྱི་ཡོད། དེ་ནི་ཁྱད་མཚར་ཞིག་རེད།
ཡང་ཚོར་བ་དེ་གཉིས་ཀྱི་སྟེང་ལ་བཏང་སྙོམས་ཀྱི་ཚོར་བ་ཡོད། དེ་ཡང་། “ང་” ཞེས་པ་དང་བཏང་སྙོམས་ཀྱི་ཚོར་བ་ཞིག་གཉིས་སྣང་དུ་འཛིན་ནས་སྡོད་པ་ཡིན། དེ་ལ་བརྟེན་ནས་བཏང་སྙོམས་དེ་ཚོར་བ་ཅི་ཡང་མེད་པ་ཞིག་ཡིན་པས་གང་ཡང་མ་ཡིན་པར་སྒྲོ་འདོགས་བྱེད་ཀྱི་ཡོད། བདེ་སྡུག་གི་ཚོར་བ་གང་ཡང་མངོན་གསལ་མེད་པའི་སྐབས་སུ་ཅི་ཡང་མེད་པའི་ཚོར་བ་དེ་ང་ཚོའི་མི་ཚེའི་ནང་ཡང་ཡང་ཡོང་གི་ཡོད། དེ་ལ་བརྟེན་ནས་ང་ཚོ་དངོས་གནས་གསོན་པོར་གནས་མེད་པ་ལྟ་བུའི་ཚོར་བ་ཞིག་ཀྱང་སླེབས་ཀྱི་ཡོད། དེ་ལས་མ་སྐྱིད་པ་ཡོང་གི་ཡོད་པས། ང་ཚོས་གང་ཡང་མི་ཚོར་བ་ཞིག་ལ་དེ་ཙམ་དགའ་སྣང་བྱེད་ཀྱི་མེད།
བདེ་སྐྱིད་དང་སྡུག་བསྔལ། བཏང་སྙོམས་སོགས་ཚོར་བ་ག་འདྲ་ཞིག་ཡོང་སྲིད་ཀྱང་། དེ་ལ་ག་ཚོད་ཀྱིས་སྒྲོ་བཏགས་ནས་ཆེན་པོ་བཟོ་བ་དེ་ཚོད་ཀྱིས་དངོས་གནས་ང་ཚོ་མ་སྐྱིད་པ་བཟོ་བ་ཡིན། བྱས་ཙང་། ང་ཚོའི་ཚོར་བ་དང་འབྲེལ་བའི་བསམ་བློའི་འཁྱེར་ཕྱོགས་དེས་ང་ཚོའི་མྱོང་བ་ལ་ཤུགས་རྐྱེན་ཐེབས་པར་གལ་གནད་ཆེན་པོ་ཡོད། དེ་ནི་ང་ཚོས་བདེ་བའམ་སྡུག་བསྔལ། བཏང་སྙོམས་སོགས་ཀྱི་ཚོར་བ་རྣམས་གང་ཙམ་གྱི་དམིགས་བསལ་ཅན་ཞིག་ལ་ལྟ་ཚུལ་འཛིན་པ་དང་། ནམ་རྒྱུན་དེ་དག་རང་ལས་ཐ་དད་པར་མཐོང་གི་ཡོད།
ང་ཚོའི་མདུན་དེར་ཁ་ལག་མི་འདྲ་བ་གསུམ་ཡོད་པ་ལྟར་བསམ་ན། གཅིག་རྩ་ནས་མི་ཞིམ་པ་ཞིག་དང་། གཅིག་ནི་ཞིམ་མངར་ལྡན་པ། ཡང་གཅིག་བྲོ་བ་མེད་པ་ཙམ་ཞིག་བཅས་ཡོད། དེ་དག་ནི་ང་ཚོའི་བདེ་སྐྱིད་དང་། སྡུག་བསྔལ། བཏང་སྙོམས་གྱི་ཚོར་བ་འདྲ་པོ་ཡོད། དེ་དག་མྱོང་བ་ནི་ང་ཚོས་ཁ་ལག་དེ་དག་ཁའི་ནང་ཟས་པ་དང་གཅིག་པ་ལྟ་བུ་རེད། ཁ་ལག་ལྟ་བུ་ཡིན་ན་ང་ཚོས་གཅིག་ཟས་ནས་གཞན་དེ་མ་ཟས་པར་བཞག་ཆོག་ཀྱང་། ཚོར་བ་ལ་དེ་ལྟར་འདེམས་སྒྲུག་བྱེད་རྒྱུ་མེད། ཡང་། “ངའི་རེ་བར་ང་ལ་ཚོར་བ་གཅིག་ཀྱང་མེད་རོགས་བྱས་ན།” བསམ་ན། ང་ཚོ་གསོན་པོར་གནས་ཡོད་པའི་ཚོར་སྣང་སླེབས་མི་ཐུབ་པས། དེ་ཡང་འདོད་བློ་མི་ཁེངས་པའི་སྡུག་བསྔལ་ཞིག་མིན། དེ་དང་མཉམ་དུ་ “ང་” ་ཞེས་པ་ཞིག་འདིར་ཡོད་པ་དང་རང་གི་ཚོར་བའམ་སེམས་ཁམས་ཀྱི་ཉམས་འགྱུར་ཞེས་པ་ཞིག་ཕ་གིར་ཡོད་པ། དེ་ཡང་སོ་སོ་ལས་ཐ་དད་དུ་འཛིན་པའི་གཉིས་སྣང་གི་བསམ་བློ་ཞིག་ཡོད་མེད་དཔྱད་པ་བྱེད་ཆོག་པ་ཡིན།
བྱེད་ཤོག་ཨང་།
ང་ཚོས་སོ་སོའི་བསམ་བློའི་འཁྱེར་སོ་ལ་སྦྱོང་བརྡར་སྤྲོད་པའི་སྐབས་སུ་བྱེད་དགོས་པའི་ལས་དང་པོ་ནི། “དམིགས་བསལ་གང་ཡང་མེད།” བསམ་པའི་བློ་ཞིག་ཡོད་དགོས་རྒྱུ་དེ་ཡིན། བལྟས་ན་དེ་ཙམ་གནད་འགག་མེད་པ་ལྟ་བུ་ཡིན་ཀྱང་། དེ་ནི་ཤིན་ཏུ་གཏིང་ཟབ་པའི་དོན་ཞིག་ཡིན། མཚམས་རེར་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་ཡོང་བ་དང་། མཚམས་རེར་སྡུག་པོ་ཡོང་བ། ཡང་མཚམས་རེར་གང་ཡང་མེད་པ་སོགས་མི་ཚེའི་ནང་སྐྱིད་སྡུག་ལ་འཕེལ་འགྲིབ་ཡོང་ཆོག་པས། “ངས་གང་ཚོར་བ་དེར་དེ་ཙམ་གྱི་དམིགས་བསལ་གང་ཡང་མེད།” སྙམ་པ་དེ་ཡིན་ཅིང་། དེ་ལ་ཧ་ལས་དགོས་པ་གང་ཡང་མེད་ལ། ང་ཚོས་ཚོར་བ་ཞིག་མྱོང་གི་ཡོད་ཀྱང་དེ་དམིགས་བསལ་གང་ཡང་མེད། གལ་ཆེ་ཤོས་ནི་ང་ཚོས་ཇི་ལྟར་ཚོར་མིན་ལ་མ་ལྟོས་པར། མི་ཚེ་མུ་མཐུད་ནས་སྐྱེལ་རྒྱུ་དེ་ཡིན།
དཔེར་ན། ཕྲུ་གུ་གསོ་སྐྱོང་བྱེད་དགོས་མཁན་ཞིག་ལ་ཆ་བཞག་ན། རང་ཉིད་འདོད་པ་ཡོད་མེད་དང་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོའམ་སྡུག་པོ་གང་ཞིག་ལ་ཡོད་མིན་མ་ལྟོས་པར། རང་ཉིད་ཀྱི་ཕྲུ་གུར་གསོ་སྐྱོང་བྱེད་དགོས་ཀྱི་ཡོད། དེ་བཞིན་སེམས་ཁམས་ཀྱི་ཉམས་འགྱུར་ཡག་སྡུག་ག་རེ་ཡོད་ཀྱང་། སྣུམ་འཁོར་བཏང་ནས་ལས་ཀར་འགྲོ་རྒྱུ་རེད། རང་གི་ཚོར་བ་ལ་ག་ཚོད་ཙམ་གྱི་བསམ་བློ་བཏང་བ་དེ་ཙམ་གྱི་སྡུག་ཏུ་འགྲོ་བ་དང་སྐྱིད་པོ་མེད་པ་ཆགས་ཀྱི་ཡོད། ཡིན་ནའང་དེའི་དོན་ནི་ང་ཚོས་ཚོར་སྣང་མྱོང་མི་རུང་ཞེས་པའམ། ཡང་ན་ཚོར་བ་མྱོང་རྒྱུ་ཚང་མ་མཚམས་འཇོག་བྱེད་དགོས་ཞེས་པའི་དོན་མིན། དེའི་དོན་ནི་ང་ཚོས་ཚོར་བ་གང་ཞིག་མྱོང་གི་ཡོད་པ་ཧ་གོ་རྒྱུ་དང་མཉམ་དུ་དེ་ཆེན་པོ་བཟོ་མི་རུང་བ་དེ་ཡིན།
མི་འགའ་ཤས་ཚོར་བ་སྡུག་བསྔལ་གྱི་རང་ཉིད་ཡོངས་སུ་དབང་དུ་བསྡུ་ཡོང་བསམས་ནས་ཚོར་བ་སྡུག་བསྔལ་མྱོང་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད། དཔེར་ན། རང་དང་ཉེ་བའི་མི་ཞིག་གྲོངས་པའམ་གནས་ཚུལ་སྡུག་ཅག་གཅིག་ལྷག་ན་སྡུག་བསྔལ་ཆེ་དྲགས་ནས་རང་ཉིད་དབང་དུ་བསྡུ་ཡོང་བསམས་ནས་ཚོར་བ་སྡུག་བསྔལ་མྱོང་བ་ལས་སྐྱོབ་ཐབས་བྱེད་པ་ཡིན། དེ་འདྲའི་ཚོར་སྣང་འགོག་པ་དེ་དངོས་སུ་མེད་ཀྱང་ཤུགས་ལ་སེམས་ནང་ཡོད། ང་ཚོས་ཕལ་ཆེར་ཚོར་བ་སྡུག་བསྔལ་དེ་ཕྱི་ལོགས་ཀྱི་དངོས་པོ་ཞིག་ཡིན་པ་ལྟར་ནང་ལ་འཛུལ་མ་བཅུག་པར་འགོག་ཐབས་བྱེད་ཀྱི་ཡོད། ཕྱོགས་གཞན་པ་དེར་ཡང་མི་འགའ་ཤས་རང་ཉིད་ལ་བདེ་སྐྱིད་ཀྱི་ཐོབ་ཐང་དང་འོས་འབབ་མེད་པ་ལྟར་འདོད་མཁན་གྱི་རིགས་ཞིག་ཡོད། དེ་དག་གི་མི་ཚེའི་ནང་ཕྱོགས་གང་ས་ནས་ཡག་པོ་འབྱུང་བཞིན་ཡོད་ཀྱང་། ཁོ་རང་ཚོ་རྩ་བའི་ཆ་ནས་མི་ཡག་པོ་ཞིག་མིན་པས་སྐྱིད་པོ་བྱེད་རིན་མེད་བསམ་གྱི་ཡོད། ཡང་ག་དུས་ཡིན་ཀྱང་གཞས་ཉན་ནས་སྡོད་མཁན་ལྟ་བུ་སྤྲོ་སྐྱིད་ཞིག་འཚམས་མ་ཆད་པར་ཡོད་དགོས་མཁན་གྱི་མི་ཚོར་བ་བཏང་སྙོམས་ལ་སྡོད་མ་ཐུབ་མཁན་གྱི་རིགས་ཞིག་ཀྱང་ཡོད། མི་དེ་དག་ལ་གཞས་ལྟ་བུས་ག་དུས་ཡིན་ཀྱང་སྐྱིད་སྣང་སྤྲོད་ཀྱི་རེད་བསམས་ནས་ལྷིང་འཇགས་དང་ཁུ་སིམ་ལ་ཞེད་སྣང་བྱེད་པ་ཡིན། བྱས་ཙང་། བསམ་བློ་ཞིག་བཏང་ན་ང་ཚོ་ནམ་རྒྱུན་ཚོར་བ་ལ་ཞེད་སྣང་བྱེད་ཀྱི་ཡོད་པ་མ་རེད་དམ། ག་རེ་བྱས་ནས་དེ་ལྟར་ཡིན། དེ་ནི་ང་ཚོའི་སེམས་ཀྱིས་དེ་དག་དངོས་ཡོད་མ་ཡིན་པའི་ཆེན་པོ་བཟོ་བ་དང་། དེའི་གལ་གནད་ལ་སྒྲོ་འདོགས་བྱེད་ཀྱི་ཡོད་ཙང་རེད། ཡིན་ནའང་ང་ཚོའི་ཚོར་བ་ནི་ཉིན་རེའི་མི་ཚེའི་ནང་གི་ཆ་ཤས་ཞིག་ཡིན་པ་ཤེས་དགོས་ཤིང་། དེ་དག་ནི་ང་ཚོས་སྐད་ཅིག་རེ་རེ་བཞིན་རང་བཞིན་གྱིས་ཉམས་སུ་མྱོང་གི་ཡོད། འདི་ཡོད་པས་ང་ཚོ་བརྙན་འཕྲིན་འཕྲུལ་ཆས་ལས་ཐ་དད་ཡིན་པ་སྟོན་ཐུབ་པས། དེ་ལ་དམིགས་བསལ་གང་ཡང་མེད་ཟེར་བ་དེ་ལས་སླ་མདོག་ཡོད་ཀྱང་། དེ་ནི་ལས་སླ་པོ་ཞིག་མིན།
སྒེའུ་ཁུང་ལ་བབས་པའི་རི་སྐྱེས་བྱིའུའི་དཔེར་བརྗོད།
ང་ཚོར་དགོས་པ་ནི་གནད་འགག་ཆེ་བའི་ཆ་སྙོམ་དེ་ཡིན། ང་ཚོས་བདེ་བ་འདོད་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་། འདི་དང་མཉམ་དུ་རང་གི་བདེ་སྐྱིད་དེ་འཇོམས་འདོད་མེད་པར་དེ་ལ་ཞེན་ཆགས་སྐྱེས་ནས་དེ་བརླག་དོགས་ཀྱི་ཉེན་སྲུང་མེད་པའི་ཚོར་བ་ཞིག་ཀྱང་ཡོང་སྲིད། སོ་སོའི་ཉམས་མྱོང་ཐོག་ནས་བཤད་ཀྱང་། ང་ཚོ་ལ་ཡོད་པའི་བདེ་སྐྱིད་ཀྱི་ཚོར་བ་དེ་རིང་པོ་མི་ཐོགས་པར་བརླག་འགྲོ་ངེས་ཡིན་པ་དང་། དེ་ཡུན་རིང་མི་གནས་པའི་རྒྱུ་མཚན་ནི། མི་ཚེའི་ནང་ཁོ་རང་སྐྱིད་སྡུག་འཕེལ་འགྲིབ་ཀྱི་རང་བཞིན་ཡིན་པས་རེད། གལ་སྲིད་ང་ཚོས་དངོས་ཡོད་གནས་སྟངས་འདི་ཧ་གོ་ན། སེམས་ཁྲལ་བྱེད་དགོས་དོན་གང་ཡང་མེད་པར། ང་ཚོར་གང་ཡོད་པ་དང་ག་ཚོད་གནས་པའི་རིང་གི་བདེ་བ་དེར་གང་ཐུབ་ཀྱི་ལོངས་སུ་སྤྱོད་པ་ཡིན།
འདི་དང་མཚམས་པའི་དཔེར་བརྗོད་ཡག་པོ་ཞིག་ངས་དུས་རྒྱུན་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། རང་གི་སྒེའུ་ཁུང་སྟེང་ལ་རི་སྐྱེས་བྱིའུ་ཧ་ཅང་སྙིང་རྗེ་པོ་ཞིག་བབས་ནས་དེར་ཏོག་ཙམ་ཞིག་བསྡད་པ་ལྟར་བསམ་བློ་ཞིག་ཐོངས་དང། བྱེའུ་དེ་ནི་རི་སྐྱེས་བདག་མེད་ཀྱི་སྲོག་ཆགས་ཤིག་ཡིན་པས། ཏོག་ཙམ་བསྡད་ནས་འཕུར་ངེས་པ་ང་ཚོས་ཤེས་ཀྱང་། ང་ཚོའི་བྱ་དེའི་མཛེས་སྡུག་ལ་ལོངས་སུ་སྤྱོད་སྲིད། གལ་སྲིད་ང་ཚོས་བྱ་དེ་བཟུང་ནས་རླུང་ཙིའམ་ལྕགས་ཁྲ་ཞིག་གི་ནང་བླུགས་ན། དེ་ཤིན་ཏུ་སྡུག་བསྔལ་བྱེད་ཀྱི་རེད། དེ་ཙམ་མ་ཟད། བྱ་དེ་འཛིན་ཐབས་བྱེད་པའི་བརྒྱུད་རིམ་ནང་བྱ་དེ་ཞེད་སྣང་སྐྱེས་ནས་འཕུར་ཐབས་བྱེད་པ་དང། སླར་ཡོང་བརྩིས་བྱེད་མི་སྲིད། ཡིན་ནའང་ང་ཚོས་དལ་ལྷོད་ངང་བྱ་བསྡད་ཡུན་རིང་དེའི་མཛེས་སྡུག་ལ་བལྟས་ན་སུ་ཡང་ཞེད་སྣང་བྱེད་མི་དགོས་ལ། སྡུག་བསྔལ་མྱོང་མི་དགོས་ཞིང་རྗེས་མ་བྱ་དེ་ཡང་བསྐྱར་ཡོང་ཡང་སྲིད་པ་རེད།
བདེ་སྐྱིད་ཞེས་པ་ནི་དེ་དང་ཤིན་ཏུ་འདྲ་པོ་ཡོད། མ་རེད་དམ། དེ་ནི་ང་ཚོས་ཤིན་ཏུ་དགའ་བའི་མི་ཞིག་ལ་འཛིན་ཚུལ་ཡང་དེ་ལྟར་ཡོང་གི་ཡོད། མི་དེས་རང་ཉིད་ཐུག་གར་ཡོང་དུས། ང་ཚོ་ལ་ནམ་རྒྱུན་ “ཁྱེད་རང་མང་ཙམ་ག་རེ་བྱས་ནས་བཞུགས་ཀྱི་མེད།” ཅེས་པའི་བསམ་བློའི་འཁྱེར་ཕྱོགས་ཤིག་ཡོད་པ་དང། མི་དེས་སྟོད་གོས་མ་ཕུད་གོང་། “ཁྱེད་རང་ག་དུས་སླར་ཡོང་གི་ཡིན་ནམ།” ཞེས་འདྲི་སྲིད། འདི་ལྟར་མི་དེ་ནང་ལ་བསྡད་ནས་སྤྲོ་སྐྱིད་ངང་ལྷོད་གཡེང་མ་བྱས་གོང་སླར་ཡོང་མི་སྲིད་སྙམ་པའི་ཉེན་སྲུང་མེད་པའི་བསམ་བློ་བསྐྱེད་པ་ཡིན། འདི་ལྟ་བུའི་བསམ་བློ་དེ་དག་གིས་སོ་སོར་ཡོད་པའི་བདེ་སྐྱིད་མེད་པ་བཟོ་གི་ཡོད།
བསམ་བློ་ཞིག་བཏང་ན། གོང་གི་དཔེར་བརྗོད་དག་ལ་ཡང་དམིགས་བསལ་གང་ཡང་མེད། རི་སྐྱེས་ཀྱི་བྱ་ཞིག་ང་ཚོའི་སྒེའུ་ཁུང་སྟེང་ལ་བབས་པ་རེད། ང་ཚོའི་གྲོགས་པོ་ཞིག་ང་ཚོར་ཐུག་གར་ཡོང་བ་རེད། དེ་བཞིན་ང་ཚོའི་གྲོགས་པོས་ཁ་པར་གཏོང་བ་སོགས་བྱེད་སྲིད། དེར་བརྟེན་དེ་དག་ལ་དམིགས་བསལ་གང་ཡང་མེད། དེ་དག་ནི་མཐའ་མར་འཇིག་འགྲོ་ངེས་ཞིག་ཡིན་པས། ཡོད་པའི་རིང་ལ་ལོངས་སུ་སྤྱད་ནས་སྐྱིད་པོ་གཏོང་དགོས། ཡང་སྡུག་བསྔལ་བྱུང་ན་ང་ཚོས་བདེ་བ་མྱོང་བ་ལྟར་ཁས་ལེན་བྱས་ནས་མྱོང་དགོས། དེ་ལ་ཡང་དམིགས་བསལ་དང་ཧ་ལས་དགོས་པ་གང་ཡང་མེད། རྒྱུ་མཚན་ནི་སྡུག་བསྔལ་ཡང་མི་རྟག་པ་ཡིན་པས་གཏན་སྡོད་བྱེད་མི་སྲིད། དེ་མ་ཡིན་པར་སྡུག་བསྔལ་དེ་ལ་མི་འདོད་པ་ཤུགས་ཆེན་བྱེད་ཐབས་བྱས་ན། དེ་ཇེ་སྡུག་ཏུ་གཏོང་གི་ཡོད།
དེ་ལྟར་ང་ཚོས་རང་གི་ཚོར་བ་ལ་བརྟག་དཔྱད་བྱས་ནས་ང་ཚོས་ཞེད་སྣང་བྱེད་ས་དེ་གང་ཡིན་མིན་བལྟ་དགོས། ང་རང་སྡུག་བསྔལ་ཡོང་དོགས་ལ་ཞེད་སྣང་བྱེད་ཀྱི་ཡོད་དམ། ཡང་མིན་ན་ང་ནི་བདེ་སྐྱིད་ཐོབ་རུང་ཞིག་མིན་པས། བདེ་བ་སླེབས་ཡོང་ཟེར་ནས་ཞེད་སྣང་བྱེད་པ་ཡིན་ནམ། ཡང་བཏང་སྙོམས་ཀྱི་ཚོར་བ་མྱོང་ན་དེ་གང་ཡང་མེད་པར་ཆགས་ཡོང་བསམས་ནས་ཞེད་སྣང་བྱེད་པ་ཡིན་ནམ། ང་ཚོ་ག་རེ་ལ་ཞེད་སྣང་བྱེད་ཀྱི་ཡོད་དམ།
ངས་དབང་ཚོར་གྱི་སྦྱོང་བརྡར་ཞེས་ཞིག་དར་སྤེལ་བྱས་ཡོད་ཅིང་། དེའི་ནང་ནས་སྦྱོང་བརྡར་གཅིག་གིས་མི་རྣམས་སོ་སོའི་ཚོར་བ་ལ་ཞེད་སྣང་སྐྱེ་བ་ལས་ཐར་ཐབས་ལ་ཕན་ཐོགས་ཡོད་ལ། སྦྱོང་བརྡར་དེ་ལས་སླ་པོ་ཞིག་ཡོད། དེ་ནི་སོ་སོའི་ལག་པར་ཨི་ཙི་གུ་ལུ་བསླངས་པ་དང་། ཤ་གཅུས་རྒྱག་པ། དེ་ནས་བཟུང་ནས་བསྡད་པ་བཅས་ལས་བྱུང་བའི་ཚོར་བ་ལྟ་བུར་དཔེ་མཚོན་བཞག་ཡོད། ཚོར་བ་དང་པོ་ཨི་ཙི་གུ་ལུ་བསླངས་པ་དེ་ལ་བདེ་སྣང་དང་། ཤ་གཅུས་རྒྱག་པའི་སྐབས་སུ་སྡུག་སྣང་ཞིག་ཡོང་གི་ཡོད། དེ་ནས་བཟུང་ནས་བསྡད་པ་དེ་ནི་བཏང་སྙོམས་ཀྱི་ཚོར་བ་ཞིག་ཡིན། ཡིན་ནའང་དེ་དག་ཚང་མར་དམིགས་བསལ་བརྩི་དགོས་རྒྱུ་གང་ཡང་མེད། ཡོད་རེད་དམ། དེ་དག་ནི་ཚོར་བ་ཙམ་ཞིག་རེད། གཞན་གང་ཡང་མ་རེད་ཅེས་པའི་བསམ་བློའི་འཁྱེར་ཕྱོགས་དེ་ང་ཚོས་ཡར་རྒྱས་གཏོང་དགོས་ཀྱི་ཡོད། རང་ཉིད་ཉིན་མ་གཅིག་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་མེད་ན་དེ་ལ་གང་ཡོད། དེ་ལ་དམིགས་བསལ་གང་ཡང་མེད་ཅིང་། ང་ཚོས་རྣམ་འགྱུར་ཡག་པོ་མིན་པ་ཧ་གོ་བ་བྱས་ནས་གལ་སྲིད་ང་ཚོས་དེ་ཡག་དུ་གཏོང་ཐུབ་ཀྱི་ཡོད་ན། ཡར་རྒྱས་གཏོང་དགོས་ངེས་ཡིན། དེ་ལྟར་མེད་ན་གང་ཡིན་པ་དེ་ངོས་ལེན་བྱས་ནས་མྱོང་དགོས་ཤིང་དེ་ལ་གདོང་ལེན་བྱེད་དགོས་རྒྱུ་རེད། དངོས་གནས་བྱས་ན། རང་ཉིད་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་མེད་པའི་སྐབས་སུ་དེ་ལ་གདོང་ལེན་བྱེད་དགོས་པ་ཡང་མེད། ང་ཚོས་གང་བྱེད་བཞིན་པའི་ལས་ཀ་དེར་མུ་མཐུད་འཇུག་ནས་སྣང་མེད་བཏང་ན་དེ་རང་འགྲིག་པ་ཡིན། གལ་སྲིད་ང་ཚོས་ཚོར་བ་དེ་མྱོང་སྟངས་ལ་དངོས་གནས་འགྱུར་བཅོས་གཏོང་འདོད་ཡོད་ན། དེའི་ཐད་འཛིན་པའི་རང་གི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་གཏོང་ཐབས་གཞན་ལྟ་ཞིབ་བྱེད་དགོས་ཀྱི་ཡོད།
“དམིགས་བསལ་གང་ཡང་མེད་” ཅེས་པ་འདི་ནི་རིམ་པ་དང་པོ་དེ་ཡིན། ང་ཚོའི་ཚོར་བ་མྱོང་སྟངས་ལ་དམིགས་བསལ་གང་ཡང་མེད་པ་མ་ཟད། སྲུང་སྐྱོབ་བྱེད་དགོས་པ་དང་ཚོར་བ་དེ་དག་ལས་ལོགས་སུ་ “ང་” ཞེས་པ་ཞིག་ཀྱང་མེད། དེར་བརྟེན་སྐྱིད་སྡུག་འཕེལ་འགྲིབ་ཀྱི་རང་བཞིན་འདི་ནི་མི་ཚེའི་འགྲོ་སྟངས་ཤིག་ཡིན།
ང་ལ་དམིགས་བསལ་གང་ཡང་མེད།
ང་རང་ཚོའི་ “ཚོར་བ་ལ་དམིགས་བསལ་གང་ཡང་མེད་” ཟེར་བ་དང་མཉམ་དུ་ “ང་དང་ངའི་ཚོར་བ་ལ་ཡང་དམིགས་བསལ་གང་ཡང་མེད་” སྙམ་པ་དེ་འབྲེལ་ནས་ཡོད། བརྗོད་བྱ་འདིའི་ཐོག་ནས་ནང་ཆོས་ནང་བཤད་པའི་ “རང་གཅེས་འཛིན་” ཟེར་བའི་སྐོར་སླེབས་ཀྱི་ཡོད། ང་ཚོས་ག་རེ་ཚོར་བ་ཡིན་ནའང་རང་གཅེས་འཛིན་སྒོ་ནས་ཚོར་གྱི་ཡོད། འདིའི་བསྟན་དོན་དངོས་གནས་དེ་གང་ཡིན་ནམ་ཞེ་ན། དེ་ནི་རང་ཁོ་ནའི་དོན་དུ་གཉེར་བའམ་རང་ཁོ་ནའི་ཆེད་དུ་སེམས་འཁུར་བྱེད་པའི་དོན་ཡིན། ང་ཚོས་རང་ཉིད་གཙོ་བོར་བཟུང་ནས་རང་གི་ཚོར་བ་གང་ཡིན་མིན་ལ་དོ་སྣང་བྱེད་པ་ལས་སེམས་ཅན་གཞན་སྣང་མེད་དུ་བཏང་ནས་ “གཞན་པ་ཚོ་ག་རེ་ཚོར་ནའང་ཁྱད་པར་མེད། ང་རང་སྐྱིད་པོ་མི་འདུག་” སྙམ་པའི་ཚོར་བ་དེ་སླེབས་ཀྱི་ཡོད།
འདི་འདྲའི་སྐབས་སུ་ཡང་ཐབས་བྱུས་ཡག་ཤོས་ནི། རང་དང་རང་གི་བསམ་ཚུལ་ལ་ཡང་དམིགས་བསལ་གང་ཡང་མེད་སྙམ་པའི་བསམ་བློ་གཏོང་སྟངས་དེ་ཡིན། “ང་” ལ་ཆགས་ནས་ང་ཚོའི་སེམས་ཇི་ཙམ་གྱི་གུ་དོག་ཏུ་ཕྱིན་པ་དང་། དེ་ཚོད་ཀྱིས་ང་ཚོར་མ་སྐྱིད་པ་ཡོང་གི་ཡོད། དེ་ནི་འཁྲེགས་ཅིང་དམ་པའི་ཤ་རྒྱུས་ལྟ་བུ་ཞིག་ཡིན། ང་ཚོའི་སེམས་ནང་ག་དུས་ཡིན་ནའང་། “ང། ང་། ང།” ཟེར་བ་ཞིག་ཡོད་ཀྱང། ང་ཚོས་འཛམ་གླིང་ནང་ཡོད་པའི་མི་དུང་ཕྱུར་བདུན་ལྷག་ཙམ་དང་། དུད་འགྲོ་སེམས་ཅན་གྲངས་མེད་དེ་དག་ལ་བསམ་བློ་ཞིག་བཏང་ན། ང་ཚོ་ནི་དམིགས་བསལ་གང་ཡང་མིན་པ་ཤེས་ཐུབ། ང་ཚོ་ཚང་མས་ད་ལྟའི་གནས་སྐབས་འདིར་གཅིག་ཚོར་གྱི་ཡོད། དཔེར་ན། འགའ་ཤས་བདེ་སྣང་དང་། འགའ་ཤས་སྡུག་སྣང། འགའ་ཤས་གཉིད་ཁུག་ནས་བསྡད་ཡོད་པ་སོགས་བཏང་སྙོམས་ཀྱི་ཚོར་སྣང་ཞིག་ཡོད་ཆོག་པ་དང། དེ་དག་ཀྱང་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་པ་ཡིན། འདི་ལྟར་བསམ་བློ་ཞིག་བཏང་ན། རང་དང་རང་གིས་གང་ཚོར་བཞིན་པ་ལ་དམིགས་བསལ་ཞིག་འདུག་གམ།
ཁྱེད་རང་སྣུམ་འཁོར་འཚང་འགག་ཆེན་པོ་ཞིག་གི་ནང་ཚུད་བསྡད་པའི་སྐབས་སུ་ཁྱེད་རང་གི་བསམ་པར། དེའི་ནང་ཚུད་པའི་ཁ་ལོ་བ་ཚང་མ་དུས་ཚོད་སྐྱིད་པོ་ཞིག་དང་། ཡག་པོ་ཞིག་རོལ་བཞིན་པ་རེད་བསམ་གྱི་འདུག་གམ། ང་ཚོས། “ང་། ང་། ང། ང་ཞེས་ང་ནི་འདི་འདྲའི་འཚང་འགག་ནང་ཚུད་ནས་ཕྱིར་ཐོན་མི་ཐུབ་པས་སྐྱོ་བ་ལ།” ཞེས་ཇི་ཙམ་བསམ་བློ་མང་བ་བཏང་བ་དེ་ཙམ་གྱིས་སྐྱིད་པོ་མེད་པ་ཆགས་ཀྱི་ཡོད། དེ་ལྟར་མ་ཡིན་ནམ། གལ་སྲིད་ང་ཚོས་མི་ཚང་མ་སྣུམ་འཁོར་འཚང་འགག་འདིའི་ནང་ཚུད་འདུག་པས། ང་གཅིག་པོ་དམིགས་བསལ་མ་རེད་བསམས་ན། རང་བཞིན་མེད་པར་སེམས་གུ་ཡངས་པོ་དང་། ལྷོད་ལྷོད་ཆགས་ཀྱི་ཡོད།
ངས་དྲན་པ་གསོས་པ་ཞིག་ལ། དེ་རིང་འདིར་ཚུར་ཡོང་བའི་སྐབས་སུ། ང་ཚོ་སྣུམ་འཁོར་འཚང་འགག་ཆེན་པོའི་ནང་ཚུད་ནས་ལམ་འགག་པ་དང་། རྒྱ་ལམ་གྱི་ཕར་ཕྱོགས་དེར་ཟུར་ལམ་ཞིག་ཡོད་པ་དེའི་སྟེང་ལ་འགྲོ་མཁན་གྱི་སྣུམ་འཁོར་མང་པོ་ཞིག་ང་ཚོ་ཡོད་སའི་རྒྱ་ལམ་སྟེང་ལ་ཡོང་ཐབས་བྱེད་ཀྱི་འདུག།སྣུམ་འཁོར་དེ་དག་རྒྱ་ལམ་དེ་ཕྲེད་བཅད་བཏང་ནས་ལྡོག་ཕྱོགས་ཀྱི་ལམ་དེའི་སྟེང་འགྲོ་འདོད་ཡོད་པ་འདྲ། ལམ་དེ་ལའང་འཚང་འགག་ཡོད་པས་རྣུམའཁོར་རྣམས་འགུལ་སྐྱོད་དེ་ཙམ་མེད་ཀྱང། གང་ལྟར་སྣུམ་འཁོར་འགའ་ཤས་ཞིག་རྒྱ་ལམ་ལས་ཐར་བ་བྱས་ནས་ལྡོག་ཕྱོགས་ཀྱི་ལམ་དེའི་སྟེང་ཕྱིན་སོང་། བཤད་མི་དགོས་པ་ལྟར། སྐབས་དེར་མི་མང་པོ་ཞིག་གིས་ཁོ་ཚོར་འགྲོ་བཅུག་མ་སོང་། ཁྱེད་རང་གི་བསམ་པར། “དཀོན་མཆོག་མཁྱེན། མི་དེ་ཚོ་ཇི་ལྟར་འཚང་འགག་ནང་འགྲོ་རྩིས་ཡོད་དམ་” ཞེས་སྙམ་སྲིད། ཡིན་ནའང་ཁ་ལོ་བ་དེ་ཚོས་དང་པོ་འགྲོ་ལམ་གཅིག་ནང་གཟབ་གཟབ་བྱས་ནས་སྣུམ་འཁོར་གྱི་རྩེ་དེ་འཛུལ་ཐབས་བྱེད་ཅིང་། དེ་ནས་རིམ་བཞིན་སྣུམ་འཁོར་ཆ་ཚང་ཐར་ཐབས་བྱེད་པས། དེ་ལ་བལྟས་རིམ་བཞིན་སྣང་བ་འགྲོ་པོ་ཞིག་འདུག དེའི་སྟེང་ངའི་མདུན་ལ་ཡོད་པའི་ཁ་ལོ་བ་དེ་མདུན་དུ་འགྲོ་ས་ཡོད་ཀྱང་། དོ་སྣང་མ་བྱས་པར་ཁ་པར་ལ་སྐད་ཆ་བཤད་བསྡད་ནས་འགྲོ་གི་མི་འདུག །བྱས་ཙང་། ངའི་རྒྱབ་ལ་ཡོད་པའི་ཁ་ལོ་བ་དེ་ཚོ་རླུང་ལངས་འགོ་བཙུགས་སོང་།
གནས་ཚུལ་འདི་དག་ཚང་མ་ལྷག་བཞིན་པའི་སྐབས་སུ་གློ་བུར་དུ་ “ང་རང་སྙིང་རྗེ། སྣུམ་འཁོར་འཚང་འགག་འདི་འདྲའི་ནང་ཚུད་འདུག་” སྙམ་པའི་བསམ་བློ་ཞིག་འཁོར་གྱི་མ་རེད། དེ་ལས་ལྡོག་སྟེ། རང་གི་བལྟ་བཞིན་པའི་འཁྲབ་སྟོན་ལྟ་བུ་ཞིག་ཆགས་འགྲོ་བས། “ཁོ་ཚོས་ཇི་ལྟར་བྱས་ནས་འཚང་འགག་ལས་ཐར་ཐབས་བྱེད་སྲིད་དམ། ཁོ་ཚོར་ལམ་ཞིག་གང་ནས་རག་གི་རེད་དམ་” ཞེས་བསམ་པ་ལས། སོ་སོ་གཅིག་པུའི་དོན་བསམ་བློ་འཁོར་མི་སྲིད། སྐབས་དེར་ང་ཚོས་རང་གི་བསམ་བློའི་འཁྱེར་ཕྱོགས་འགྱུར་བ་བཏང་བ་ཡིན། དེའི་སྐབས། “ང་” ཞེས་སྒྲོ་བཏགས་ནས་ཆེན་པོ་བཟོ་ཡི་མེད་པ་དང་། དེ་ལྟར། “ང་” ལ་སྒྲོ་འདོགས་བྱེད་རྒྱུ་མཚམས་བཞག་དུས། “ང་དམིགས་བསལ་ཡིན། སྣུམ་འཁོར་འཚང་འགག་འདིའི་ནང་ང་དམིགས་བསལ་ཡིན།” བསམ་རྒྱུ་དེ་ཡང་མཚམས་འཇོག་བྱས་པ་ལ་བརྟེན་ནས་ང་ཚོས་མྱོང་བའི་གནས་སྟངས་ཆ་ཚང་འགྱུར་བ་འགྲོ་གི་ཡོད། དེའི་ཐད་ལ་བསམ་བློ་གཏོང་དགོས།
རང་གཅེས་འཛིན་གྱི་དཀའ་ངལ།
ཁུ་ནུ་བླ་མ་ ༼ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་༽ ཞེས་བོད་པའི་བླ་ཆེན་ཞིག་གིས་ཕན་ཐོགས་ཆེ་བའི་ཉམས་ལེན་ཞིག་བཀའ་སློབ་གནང་ཡོད། དེ་ཡང་ཁོང་གིས། སོ་སོས་རང་ཉིད་གཞོགས་གཅིག་ལ་ཡོད་པ་དང་། མི་ཚང་མ་གཞོགས་གཞན་ཞིག་ལ་ཡོད་པ་ལྟར་བསམ་རྒྱུ་དང་། དེའི་རྗེས་སུ་རང་ཉིད་ཟུར་ཉན་རྟོག་ཞིབ་བྱེད་མཁན་ལྟ་བུར་བྱས་ནས་དེ་གཉིས་ཐ་དད་དུ་བལྟས་ན་ང་ཚོས་མཐོང་ཐུབ་པ་ནི། “ང་” ཞེས་ཕྱོགས་གཅིག་དེར་ཡོད་པ་དེ་ཡང་སྡུག་བསྔལ་མྱོང་བཞིན་པ་དང་། ཕྱོགས་གཞན་དེར་ཡོད་པའི་མི་ཚང་མ་ཡང་སྡུག་བསྔལ་མྱོང་བཞིན་པ་གཅིག་པ་མཐོང་ཐུབ། དེ་བཞིན་རང་ཉིད་སྣུམ་འཁོར་འཚང་འགག་ནང་ཚུད་ཡོད་པ་ནང་བཞིན་མི་གཞན་ཡང་དེའི་ནང་ཚུད་ཡོད་པ་གཅིག་པ་ཡིན། དེ་ལྟར་བར་དེར་ཡོད་པའི་ཟུར་ཉན་པ་ཞིག་ལྟར་བསམ་བློ་བཏང་ཚར་བའི་རྗེས་སུ་ “ང་” ཟེར་མཁན་གྱི་མི་ཚང་མའི་སྔོན་ལ་ཐོན་འདོད་བྱེད་མཁན་དེ་དང་སྣུམ་འཁོར་འཚང་འགག་ནང་ཚུད་པའི་མི་གཞན་དག་ཚང་མ་སུ་གལ་ཆེན་བ་ཡིན་ནམ། ཡིན་གཅིག་ཉམས་ལེན་འདི་ལ་ཚོད་ལྟ་ཞིག་བྱེད་རོགས།
དེ་ནི་མི་གཅིག་ལས་མི་མང་བ་དེ་གལ་ཆེ་བ་ཡིན་པ་བཤད་མི་དགོས་པ་ཡིན། དེ་ལྟར་མ་ཡིན་ནམ། ཡིན་ནའང་འདིའི་དོན་ནི་ང་ཚོ་ལ་གལ་གནད་གང་ཡང་མེད་ཟེར་བའི་དོན་མིན། གལ་སྲིད་ང་ཚོས་དངོས་གནས་མི་ཚང་མར་བྱམས་སྐྱོང་དང་སེམས་འཁུར་བྱས་ན་རང་ཉིད་ཀྱང་ “ཚང་མ་” ཞེས་པ་དེའི་ནང་ཡོད། བྱས་ཙང་། འདིའི་དོན་ནི་རང་ཉིད་དང་། དམིགས་བསལ་གྱི་རང་ཉིད་ཀྱི་ཚོར་བ་དེ་གཞན་ལས་དམིགས་བསལ་ཞིག་མིན་པ་ཙམ་དེ་ཡིན།
དེར་བརྟེན། རང་གཅེས་འཛིན་གྱི་དཀའ་རྙོག་ནི་ག་དུས་ཡིན་ཀྱང་སེམས་ནང་ཡོད་པའི་ “ང་། ང་། ང། ང་གལ་ཆེན་པོ་ཡིན།” ཞེས་པའི་བསམ་བློ་དེ་ཡིན། ང་ཚོ་སྐྱིད་པོ་མེད་པའི་སྐབས་སུ་སེམས་ཀྱི་སྟེང་ལ་སྒྲིབ་བྱེད་ཅིག་ཡོད་པ་དང་། “ང་” ཟེར་བ་ཞིག་དེ་ལས་ལོགས་སུ་ཡོད་པར་བསམ་གྱི་ཡོད། དེ་ནི་རང་ཉིད་གལ་ཆེན་དང་ “ང་” ཟེར་བ་དེར་གཅེས་པར་འཛིན་པ་དེ་ཡིན། དེ་བཞིན་ང་ཚོ་སྐྱིད་པོ་ཡོད་པའི་སྐབས་སུ་ཡང་། “ང་། ང། ང་།” ཞེས་འཛིན་གྱི་ཡོད། མདོར་བསྡུས་ན། ང་ཚོར་ཡོད་པའི་རུས་པ་རྡོག་རྡོག་དེ་ཁྱི་ཆེན་པོ་ཞིག་ཡོང་ནས་འཁྱེར་བཅུག་འདོད་མེད། ཡང་མཚམས་རེར་ང་ཚོར། “ང་། ང་། ང། ངས་གང་ཡང་ཚོར་གྱི་མི་འདུག་ཅེས་དང་། ང་སྐྱིད་པོ་བྱུང་མ་སོང་། ང་ལ་སྐྱིད་པོ་བཟོ་མཁན་ཞིག་དགོས་ཀྱི་འདུག་” ཅེས་པའི་ཚོར་བ་ཡང་སླེབས་ཀྱི་ཡོད།
གཞན་གཅེས་འཛིན་ལ་བློ་ཁ་ཕྱོགས་པ།
“ང་།” དང་ངའི་ཚོར་བ་ཙམ་ལ་དོ་སྣང་བྱེད་མཁན་གྱི་སྔོན་ཚུད་ནས་རང་དོན་ལས་བྲེལ་བྱེད་པ་འདི་ནི་དཀའ་རྙོག་ཞིག་ཡིན། དེ་འདྲ་སོང་ཙང། ང་ཚོས་བསམ་བློའི་འཁྱེར་ཕྱོགས་འདི་བསྒྱུར་བཅོས་གཏོང་བར་ག་རེ་བྱེད་དགོས་ཟེར་ན། “མི་ཚང་མ་སྣུམ་འཁོར་འཚང་འགག་འདི་ལས་ཐར་བར་ཤོག་” ཅེས་མི་ཚང་མའི་ཆེད་དུ་བསམ་བློ་བཏང་ནས་མི་ཚང་མའི་ཆེད་དུ་ཀུན་སློང་ཡོད་པ་ཞིག་བྱེད་དགོས། ཁ་ཡོད་ལག་ཡོད་བསམ་བློ་བཏང་ན། ང་ཚོ་ཡང་མི་ཚང་མའི་ནང་གི་གཅིག་ཡིན་པས། སྣུམ་འཁོར་འཚང་འགག་དེ་མེད་པ་མ་ཆགས་བར་དུ་ང་ཚོ་གཅིག་པུ་ཇི་ལྟར་ཐར་ཐུབ་བམ། གལ་སྲིད་ང་ཚོས་མི་མང་ཙམ་གྱི་ཆེད་དུ་སེམས་ཁུར་བྱས་ན་སེམས་འཚབ་པ་དང་། རང་ཉིད་སྣུམ་འཁོར་འཚང་འགག་ནང་ཚུད་པའི་སེམས་སྡུག་ཀྱང་མི་ཡོང་བས་སེམས་ལྷོད་པ་ཡོང་བ་མ་ཟད། རླུང་ལངས་པ་དང་སྡུག་པོ་མྱོང་གི་མ་རེད། དེའི་རྗེས་སུ་ཐ་མ་འཚང་འགག་ལས་ཐར་ནས་འགྲོ་བའི་སྐབས་སུ། “སྐྱིད་པ་ལ། ང་ཐར་སོང་།” ཞེས་བསམ་མི་རུང་བར། “འདི་ཡག་པོ་བྱུང་སོང་། མི་ཚང་མ་ཐར་ནས་སོ་སོའི་འགྲོ་ས་ལ་འགྲོ་ཐུབ་སོང་།” ཞེས་བསམ་དགོས། དེ་ལྟར་བསམས་ན། འཚང་འགག་ལས་ཐར་བའི་བདེ་བ་དེར་ཞེན་ཆགས་སྐྱེས་ནས་རུས་པ་གཞན་ཞིག་གིས་རྐུ་དྭོགས་དེ་མི་ཡོང་བ་ཡིན།
འདི་ནི་གཞན་གྱི་སྡུག་བསྔལ་ལ་བསམ་བློ་གཏོང་བ་དང་། དེ་ལ་སོ་སོའི་སྡུག་བསྔལ་ནང་བཞིན་སེམས་ཁུར་བྱེད་ཅིང་། དེ་ཡང་དམིགས་བསལ་གང་ཡང་མ་ཡིན་ནའང། མི་ཚང་མར་སྡུག་བསྔལ་དེ་མེད་པ་བཟོ་ཐབས་ཀྱི་འགན་འཁྱེར་བ་སོགས་མདོར་ན་རྩ་བའི་ཆ་ནས་འདི་སྙིང་རྗེ་ཟེར་བ་དེ་ཡིན། དེ་འདྲ་ཡིན་དུས། འཛམ་བུ་གླིང་འདིར་བྱུང་བཞིན་པའི་འཇིགས་སྣང་ལ་བསམ་བློ་བཏང་ནས་ཡིད་ཞུམ་དགོས་དོན་གང་ཡང་མེད། འདི་ནི་རང་བཞིན་གྱི་འགྲོ་སྟངས་ཞིག་དང་ག་དུས་ཡིན་ནའང་ཡོང་སྲིད་པ་ཞིག་ཡིན། འོན་ཀྱང་ད་དུང་དེ་ལས་མི་ཚང་མ་སྐྱིད་ཙམ་བྱུང་ན་ཡག་པོ་ཡོད། དེ་ལྟར་མ་ཡིན་ནམ།
གལ་སྲིད་ང་ཚོས། “ངས་མི་ཚང་མར་སེམས་ཁུར་བྱས་ནས་སྡུག་བསྔལ་ལས་ཐར་འདོད་བྱེད་ཀྱི་ཡིན།” ཞེས་བསམ་ཚུལ་ཞིག་བཅངས་ནས་དྭངས་བླངས་ཀྱི་འགན་ཞིག་བླངས་ན། སྙིང་སྟོབས་དང་གདེང་ཚོད་ཧ་ལས་པ་ཞིག་ང་ཚོས་སེམས་ནང་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད། འདི་ནི་དུས་རྒྱུན་ནས་༸གོང་ས་མཆོག་གིས་གསུང་བསྡད་པ་ཞིག་ཡིན། གལ་སྲིད་ང་ཚོས་སོ་སོ་དང་། སོ་སོའི་སྡུག་བསྔལ་ཙམ་ལ་བསམས་ནས་བསྡད་ན། ང་ཚོ་དངོས་གནས་སྐྱོ་པོ་དང་ནུས་པ་མེད་པ་ཞིག་རེད། ཡིན་ནའང་དྭངས་བླངས་ཀྱིས་མི་གཞན་གྱི་ཆེད་དུ་བསམ་བློ་གཏོང་རྒྱུ་དང་། དེ་དག་གི་བདེ་སྐྱིད་སྐོར་བསམ་རྒྱུ་དེར་ནུས་སྟོབས་ཆེན་པོ་ཞིག་དགོས། བྱས་ཙང་། དེ་ལྟར་བསམ་བློ་གཏོང་རྒྱུ་ནི་སྐྱོ་པོ་དང་ནུས་པ་མེད་པའི་རྟགས་ཞིག་རྩ་བ་ནས་མིན་པར། དེ་ནི་རང་གིས་རང་ལ་གདེང་ཚོད་ཧ་ལས་པ་ཞིག་ཡོད་པའི་ནུས་སྟོབས་ཀྱི་རྟགས་ཞིག་ཡིན། འདི་འདྲའི་བཟང་ཕྱོགས་ཀྱི་བསམ་བློའི་འཁྱེར་ཕྱོགས་འདིས་རང་བཞིན་མེད་པར་ང་ཚོ་སྐྱིད་པོ་བཟོ་ཐུབ། འདིར། “འོ། སྣུམ་འཁོར་འཚང་འགག་ནང་ཚུད་པའི་སྐྱོ་སྣང་ཅན་ང།” ཟེར་བའི་བསམ་བློ་དེའི་ཚབ་ལ། འཚང་འགག་ནང་ཚུད་པའི་མི་ཚང་མའི་ཆེད་དུ་བསམ་བློ་བཏང་ནས་དེ་ལས་ཐར་འདོད་ཀྱི་འདུན་པ་ཞིག་ཡོད། སྣུམ་འཁོར་འཚང་འགག་ནང་ཚུད་པའི་མི་ཚང་མའི་ཆེད་དུ་བསམ་བློ་གཏོང་རྒྱུ་དེ་སྙིང་སྟོབས་ཧ་ཅང་ཆེ་བ་ཞིག་ཡིན་པ་དང་། དེ་ལས་རང་ཉིད་ཀྱི་ཆེད་དུ་ཡང་བཟང་ཕྱོགས་ཀྱི་ཚོར་བ་མང་ཙམ་བསྐྱེད་ཐུབ། སྐབས་དེར་ང་ཚོ་སྐྱོ་པོ་དང་ནུས་པ་མེད་པའམ། ཡང་ན་འཚང་འགག་གིས་བཙན་གནོན་བྱེད་ཀྱི་ཡོད་པ་ཞིག་མི་ཚོར་བར། ང་ཚོ་ནུས་སྟོབས་དང་ལྡན་པ་ཞིག་ཆགས་ཡོད།
གལ་སྲིད་ང་ཚོས་རང་ཙམ་མ་ཡིན་པར་སྣུམ་འཁོར་འཚང་འགག་ནང་ཚུད་པའི་མི་གཞན་རྣམས་ཀྱི་སྐོར་ལ་བསམ་བློ་བཏང་ན། དེ་ནི་ཤུགས་ལ་ཕར་ཕྱོགས་དེར་ཕན་ཐོགས་ཡོང་གི་ཡོད། དཔེར་ན། བསམ་བློ་དེ་ལྟར་ཡོད་ན་ང་ཚོ་དྲག་ཤུལ་ལྡན་པ་ཆགས་ནས་ཆོ་མེད་པའི་སྣུམ་འཁོར་གྱིས་དུང་སྒྲ་ཡང་སེ་འབུད་པ་དང་། ༼དེ་ནི་ཆོ་མེད་རང་རེད། དུང་སྒྲ་སྒྲོགས་པས་སུ་གཅིག་ཀྱང་མི་འགྲོ་བ་ཡིན།༽ ལམ་ཕར་ཕྱོགས་དེར་ཡོད་པའི་སྣུམ་འཁོར་ཡིས་འཚང་ཁ་བརྒྱབ་ནས་ང་ཚོའི་མདུན་ལ་འདོན་ཐབས་བྱེད་སྐབས། སོ་སོའི་སྣུམ་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་ཚུལ་མིན་གྱི་སྐད་ལོག་རྒྱག་མི་སྲིད། དེ་ལྟར་ཕྱོགས་གཉིས་ཀ་ལྷོད་ལྷོད་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོར་ཤུགས་རྐྱེན་དེ་ཙམ་མེད་པར་གནས་ཐུབ།
འདི་ནི་རང་བཞིན་གྱིས་ཡོང་བའི་མི་ཚེའི་ནང་གི་སྐྱིད་སྡུག་གི་འཕེལ་འགྲིབ་ལ་གདོང་ལེན་བྱེད་སྟངས་ཀྱི་ཁྱད་ཆོས་བསྒྱུར་བཅོས་གཏོང་སྟངས་ཞིག་དང་། ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་ཇི་ལྟར་གཏོང་ཐུབ་པའི་དཔེ་མཚོན་སྟབས་བདེ་ཞིག་ཡིན། འདི་ལ་དགོས་པ་ནི། ང་ཚོ་དང་ང་ཚོའི་ཚོར་བ་རྣམས་དམིགས་བསལ་ཞིག་ཡིན་པ་ལྟ་བུའི་བསམ་བློ་ལས་ཐར་ནས་གནས་སྟངས་ག་འདྲ་ཞིག་ཡིན་རུང་དེ་ལ་གདོང་ལེན་དང་བེད་སྤྱོད་ཡག་ཤོས་སུ་གཏོང་ཐབས་བྱེད་ཆེད་ཉམས་ལེན་བྱེད་དགོས་པ་དང་། དེ་ལའང་བློ་ཁོག་ཏོག་ཙམ་ཞིག་དགོས་པ་དེ་ཡིན།
ཁོང་ཁྲོ་ལ་གདོང་ལེན་བྱེད་ཚུལ།
ང་ཚོ་སྣུམ་འཁོར་འཚང་འགག་ནང་ཚུད་པའི་སྐབས་སུ་མི་ཞིག་གི་ལམ་བཅད་བཏང་ན། ང་ཚོའི་སེམས་མི་བདེ་བའི་ཁོང་ཁྲོ་འཁྱུག་ཙམ་ཞིག་རང་དབང་མེད་པར་ཡོང་སྲིད། དེ་ལྟ་བུའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་གཏོང་ཚུལ་གཞན་ཞིག་ཡོད་པ་ནི། གནས་སྟངས་དེ་འདྲའི་རིགས་ཡོང་བར་བྱེད་པའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་སྲིད་པ་རྣམས་ལ་བསམ་བློ་གཏོང་རྒྱུ་དེ་ཡིན། དཔེར་ན། གཅིག་བྱས་ན། ང་ཚོའི་ལམ་བཅད་གཏོང་མཁན་གྱི་ཁ་ལོ་བ་དེར་ཕྲུ་གུ་ནད་པ་ཞིག་སྣུམ་འཁོར་ནང་ཡོད་པ་དང། དེ་འཕྲལ་དུ་སྨན་ཁང་དུ་སྐྱེལ་རྩིས་ཡོད་སྲིད། ཅེས་བསམས་ན་དེས་ང་ཚོའི་སེམས་ཧ་ཅང་ཞི་འཇམ་པ་ཡོང་བར་ཕན་ཐོགས་ཐུབ་པ་ཡིན།
ཡིན་ནའང་དེ་ལྟ་བུའི་འཁྱུག་ཙམ་གྱི་ཁོང་ཁྲོ་ནི་ཡང་ནས་ཡང་དུ་མུ་མཐུད་ཡོང་སྲིད་པས། ཁོང་ཁྲོའི་བག་ཆགས་དང་། གོམས་གཤིས་ལས་ཐར་བ་བྱེད་པ་ལ་རྒྱུན་རིང་པོ་འགོར་གྱི་ཡོད། ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་གཏོང་ཐབས་བྱེད་པའི་སྐབས་ཀྱི་དཔེ་མཚོན་ནང་ཡོད་པ་བཞིན། མི་དེ་བྲེལ་བ་ཚ་པོའི་སྒང་ལ་ཡོད་བསམ་པ་དེ་ལའང་རྒྱུ་མཚན་ཚད་ལྡན་ཞིག་ཡོད་སྲིད། དེ་ནི་འཕྲལ་སེལ་གྱི་ཁོང་ཁྲོར་གདོང་ལེན་བྱེད་ཐབས་ཞིག་ཡིན། ཁོང་ཁྲོའི་རྩ་བ་མེད་པར་བཟོ་དགོས་ན། དེ་ལས་གཏིང་ཟབ་པ་འགྲོ་དགོས་པ་དང་། དེ་ནི་གཙོ་བོ་སོ་སོ་རང་ཉིད་གཞན་སེམས་ཅན་རྣམས་ལ་གོ་རྟོགས་ག་འདྲ་ཞིག་ཡོད་པ་དེར་རག་ལུས་ཡོད།
ང་ཚོས་སོ་སོ་ཡིན་ནའང་འདྲ་མི་གཞན་ཞིག་ཡིན་ནའང་འདྲ་སྟེ། གང་ལྟར་མི་ཚེའི་ནང་བྱུང་བའི་གནས་ཚུལ་ཆུང་ཆུང་གཅིག་གཞི་ལ་བྱས་ནས་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། སྣུམ་འཁོར་འཚང་འགག་ནང་སོ་སོའི་ལམ་བཅད་བཏང་ནས་འགྲོ་མཁན་གྱི་ཁ་ལོ་བ་དེར་ང་ཚོས་མི་སྡུག་ཅག་གཅིག་ཡིན་པའི་ལྟ་སྟངས་ཡོང་བ་དང་། དེ་ནི་ང་ཚོས་མི་དེ་ལ་ག་དུས་ཡིན་ནའང་བསམ་ཚུལ་དེ་ག་རང་འཛིན་གྱི་ཡོད། དེ་ལྟར་མི་ཚེའི་ནང་བྱུང་བའི་གནས་ཚུལ་ཆུང་ཆུང་གཅིག་གཞི་ལ་བཞག་ནས་འཛིན་ཚུལ་ཞིག་ཡོད་ཅིང། དམིགས་བསལ་གྱི་གནས་ཚུལ་དེར་སོ་སོ་རང་ཉིད་མཉམ་ཞུགས་ཡོད་ན་དེ་བས་ཀྱང་འཛིན་ཚུལ་དེ་བརྟན་དུ་འགྲོ་སྲིད། ང་རང་ཚོ་སོ་སོ་རང་ཉིད་ལ་ངོས་འཛིན་བྱེད་སྟངས་ཤིག་ཡོད་པ་ནང་བཞིན་མི་གཞན་པ་དེ་ལའང་རང་ཚུགས་སུ་གྲུབ་པའི་ངོས་འཛིན་རྡོག་རྡོག་ཅིག་བྱེད་ཀྱི་ཡོད། དེ་ནས་ “ང་” ཞེས་ཁོང་ཁྲོ་ཟ་མཁན་ཞིག་རང་ཚུགས་སུ་གྲུབ་པའི་རྡོག་རྡོག་ཅིག་ཡོད་པར་འཛིན་གྱི་ཡོད།
ང་ཚོས་འདི་ལྟ་བུའི་འཛིན་ཚུལ་འདི་ཤུགས་ཆུང་དུ་གཏོང་ཐབས་བྱས་ནས་རང་དང་མི་གཞན་དག་སུ་ཡིན་རུང་འཛིན་ཚུལ་གཅིག་གི་སྒོ་ནས་འཛིན་མི་དགོས་པ་ཞིག་བཟོ་ཐབས་བྱེད་དགོས། ཡིན་ནའང་འདི་ནི་གཏིང་ཟབ་པོ་དང་རྒྱུན་རིང་པོ་འགོར་བའི་རྒྱུད་རིམ་ཞིག་ཡིན། མི་ཞིག་གི་གཡོ་འགུལ་མེད་པའི་འདྲ་པར་ལྟ་བུ་ཞིག་ལ་བསམ་ན། དེའི་ནང་ཡོད་པའི་མི་དེའི་གནས་སྟངས་ནི་དུས་གཅིག་གི་གནས་སྟངས་ཡིན་པ་ལས་ག་དུས་ཡིན་ནའང་མི་དེ་དེ་ལྟར་ཡིན་པའི་ངེས་པ་མེད། དེར་བརྟེན་ང་ཚོས་རང་དང་། རང་གི་མི་ཚེ། གཞན་དང་གཞན་གྱི་མི་ཚེ་སོགས་གཡོ་འགུལ་མེད་པའི་འདྲ་པར་ཞིག་ནང་བཞིན་མ་བསམ་པར། དུས་རྒྱུན་བསྒྱུར་བ་འགྲོ་བསྡད་པའི་རང་བཞིན་གཅིག་དུ་མཐོང་དགོས། དེ་ལྟར་ང་ཚོས་འཁྲུལ་སྣང་གི་མཐོང་ཚུལ་དེའི་ནུས་པ་ཆུང་དུ་བཏང་བ་དང་མཉམ་དུ་མུ་མཐུད་ནས་དེར་གོམས་པར་བྱེད་དགོས། རྒྱུ་མཚན་ནི་བག་ཆགས་དེ་རྟག་ཏུ་དམ་དུ་འགྲོ་གི་ཡོད། མཐའ་མ་དེར་ཁོང་ཁྲོ་དང་། ཕྲག་དོག་སོགས་ཀྱི་འཛིན་པ་ག་རེ་ཡིན་ནའང་དམ་པོ་མི་ཆགས་པ་བཟོ་ཐུབ་པ་ཡིན།
སྐྱིད་པོ་ཡོད་པ་ལ་སྐྱོན་གང་ཡང་མེད།
ང་ཚོ་དང་ང་ཚོའི་ཚོར་བ་ལ་དམིགས་བསལ་གྱི་མཐོང་སྣང་མི་འཇོག་རྒྱུ་དང་། དེ་བཞིན་སོ་སོ་དང་མི་གཞན་སུ་ཡིན་ཀྱང་དེ་དག་ལ་འཛིན་ཚུལ་བརྟན་ཚུགས་པ་དང་ཚད་ངེས་ཅན་ཞིག་མི་འཇོག་རྒྱུ་སོགས་ཀྱི་སྦྱོང་བརྡར་གྱིས་རང་གི་མི་ཚེའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཀྱི་ཡོད། འདི་ལྟར་བྱས་ན། གནས་སྟངས་དཀའ་སྡུག་ཅན་དེ་རྣམས་གདོང་ལེན་བྱེད་སླ་མོ་དང་། མི་ཚེ་ཡང་དེ་ཙམ་གྱི་འཐབ་རྩོད་ཅིག་མ་ཡིན་པའི་ཚོར་སྣང་ཡོང་ཐུབ་ཅིང་། ང་ཚོ་ཡང་སེམས་ཚོར་ཆ་སྙོམ་པོ་དང་སེམས་སྐྱིད་པ་ཡོད་མཁན་གྱི་མི་ཞིག་ཆགས་ཐུབ།
དེ་ལས་ཀྱང་དམིགས་ཡུལ་ཆེ་བ་ཞིག་ནི། མི་གཞན་ལ་བསམ་བློ་བཏང་ནས་ཁོང་ཚོར་གདོང་ལེན་ཇི་ལྟར་བྱེད་དགོས་པ་དེ་ཡིན། གལ་སྲིད་རང་ཉིད་ནང་མི་དང་ཕྲུ་གུ་ཡོད་མཁན་ཞིག་དང་། གྲོགས་པོ་དང་ལས་རོགས་ཡོད་མཁན་ཞིག་ཡིན་ན་ག་དུས་ཡིན་ཀྱང་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་བསྟན་ནས་ “ང་ཐབས་སྐྱོ་བ་ལ་” ཞེས་སོགས་བསམ་བསྡད་ན། རང་ཉིད་གཞན་ལ་ཕན་ཐོགས་བྱེད་མ་ཐུབ་པའི་གནས་སྟངས་སྐྱོ་པོ་ཞིག་ནང་ཚུད་པ་ཙམ་དུ་མ་ཟད། དེས་མི་གཞན་དག་ཀྱང་སེམས་མ་སྐྱིད་པ་བཟོ་བ་ཡིན། བྱས་ཙང་། ང་ཚོས་སོ་སོའི་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ཞིག་ཡོད་ན་དེས་རང་གི་ནང་མི་སོགས་རང་གི་སེམས་ཁུར་བྱེད་སའི་མི་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། དེ་ལ་གདོང་ལེན་ཕན་འབྲས་ལྡན་པ་ཞིག་བྱེད་དགོས། འདི་ནི་རང་ཉེད་ཡར་རྒྱས་གཏོང་ཆེད་ཀྱི་སྦྱོང་བརྡར་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ཡིན།
བདེ་སྐྱིད་ཐོབ་འདོད་ཀྱི་སྐུལ་སློང་དེ་ནི་ཕལ་ཆེར་ང་ཚོའི་སྐྱེ་དངོས་ཀྱི་རང་བཞིན་དུ་ཡོད་བསྡད་པ་ཞིག་ཡིན་པས། བདེ་བ་ཐོབ་འདོད་བྱེད་པར་སྐྱོན་གང་ཡང་མེད་ལ། ང་ཚོས་བདེ་བ་འཐོབ་ཐབས་སུ་འབད་བརྩོན་བྱེད་དགོས། ཡིན་ནའང་ང་ཚོར་བདེ་སྐྱིད་ཡོད་པའི་སྐབས་སུ་དེའི་རང་བཞིན་འགྱུར་རུང་ཡིན་པ་ཤེས་པ་བྱས་ནས་བདེ་བ་ཡོད་པའི་སྐབས་སུ་དེ་ལ་ལོངས་སུ་སྤྱོད་དགོས། ང་ཚོས་ཇི་ཙམ་གྱིས་བདེ་བར་བག་ཡོད་དང་ལྷོད་ཡངས་ཐོག་ནས་མྱོང་བ་དེ་ཙམ་གྱིས་བདེ་བ་དེ་ཡང་མང་བ་ཐོབ་ཀྱི་ཡོད། ཡང་མཚམས་རེར་ང་ཚོར་མ་སྐྱིད་པ་ཡོང་ངེས། དེ་ལ་ཧ་ལས་རྒྱུ་གང་ཡོད་དམ། ང་ཚོས་བདེ་བ་རྐྱང་རྐྱང་ཡོང་རེ་བྱས་པ་ཡིན་ནམ། དེ་ལྟར་མིན་པས་ཧ་ལས་རྒྱུ་དང་ཧོན་འཐོར་དགོས་པའི་དམིགས་བསལ་གང་ཡང་མེད།
གང་ཡོང་བཞིན་པའི་གནས་སྟངས་ལ་ཁྱད་པར་ཅན་ཞིག་དང་དམིགས་བསལ་གང་ཡང་མེད་བསམ་པའི་བློ་སྐྱེ་བའི་སྐབས་སུ། བློ་དེ་རང་ཡོད་པ་ཙམ་གྱིས་ལྷོད་དུ་དང་སྐྱིད་དུ་འགྲོ་རྒྱུ་ཡིན། སྐབས་འདིའི་གནད་འགག་ནི་ང་ཚོར། “ང་ག་དུས་ཡིན་ཀྱང་བདེ་བར་གནས་དགོས་ཡོད། ང་ལ་ག་དུས་ཡིན་ཀྱང་སྤྲོ་སྐྱིད་དགོས་ཡོད། ག་དུས་ཡིན་ཀྱང་ངའི་འདོད་པ་ལྟར་སྒྲུབ་དགོས་ཡོད།” ཟེར་བ་ལྟ་བུའི་སེམས་འཚབ་དང་། སྨྱོ་ཚུབ་ཚུབ་ཀྱི་བསམ་བློ་འདི་མེད་པ་རེད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་ནི་དངོས་གནས་སྐྱིད་པོ་མེད་པ་ཞིག་ཡིན། ང་ཚོས་སྔོན་ལ་གང་བཤད་ཚར་བ་དེར་དྲན་གསོ་ཞིག་བཏང་ན། བདེ་སྐྱིད་ཡོད་པ་ནི་ཁྱེད་རང་གིས་བྱ་བ་གང་ཞིག་བྱེད་བཞིན་པ་ལ་རག་ལས་མེད། ལས་ཀ་གཅིག་རང་ཡིན་ཀྱང་ཉིན་མི་འདྲ་བར་མཚམས་རེར་བདེ་སྐྱིད་དང་། སྡུག་བསྔལ། བཏང་སྙོམས་ཀྱི་ཚོར་བ་ཡོང་ཆོག བྱས་ཙང་། དེ་ནི་རང་གི་དོ་སྣང་བྱེད་ས་ལ་རག་ལས་པ་ཡིན།
ངས་དཔེ་མཚོན་ཞིག་བཞག་ན། ངའི་སོའི་སྨན་པ་ཁོང་ནི་མི་ཡག་པོ་ཞིག་དང་། ཁོང་དང་མཉམ་དུ་ཆོབ་བླངས་གད་མོ་བགད་ནས་སྡོད་པ་སོགས་ང་ཚོའི་བར་ལ་གྲོགས་པོའི་འབྲེལ་བ་ཡག་པོ་ཡོད། བྱས་ཙང་། ང་སོའི་སྨན་ཁང་ལ་འགྲོ་རྒྱུར་ཧ་ཅང་དགའ་པོ་ཡོད། ང་སོའི་སྨན་ཁང་ལ་འགྲོ་བའི་སྐབས། “ངའི་སོ་བྲུས་པ་དང་འབིགས་པ་སོགས་བྱས་ནས་སྨན་བཅོས་བྱེད་རྩིས་ཡོད་ན་བསམས་ནས་སེམས་ཁྲལ་བྱེད་པ་” སོགས་ཀྱི་ཐད་དོ་སྣང་མེད་པ་སོང་ཙང་། ང་རང་ལ་སེམས་འཚབ་ཀྱང་མེད། དེར་བརྟེན་གནས་སྟངས་དེར། “འོ་ཡག་བྱུང། སང་ཉིན་ངའི་གྲོགས་པོ་ཐུག་པར་འགྲོ་དགོས་རེད།” ཅེས་སྐྱིད་སྣང་ཡོང་བ་ཡིན།
གཅིག་བྱས་ན། ཁྱེད་རང་ཚོས་ང་ཁྱད་མཚར་ཞིག་མཐོང་སྲིད་ཀྱང། ངའི་ངོས་ནས་བཤད་ན། རང་གི་སོའི་རྩ་བ་དང་འབྲེལ་བའི་ལས་ཀ་ཚར་ན་དེའི་རྗེས་ལ་ང་སྐྱིད་པོ་བྱས་སྡོད་ཀྱི་ཡོད། དགོད་བྲོ་བ་ཞིག་ལ་སོའི་སྨན་བཅོས་བྱེད་སྐབས་ངས་ཁ་ཆེ་ཐག་ཆོད་གདངས་ནས་བསྡད་ཡོད་པ་དང་། སྨན་པ་དང་ལས་རོགས་ཚོས་ལག་ཆ་གཅིག་གི་རྗེས་གཅིག་བླུགས་པས་ང་ནི་མང་ཉུང་ག་ཚོད་གཅིག་དུས་གཅིག་ལ་བླུགས་ཐུབ་ཀྱི་ཡོད་ན་བསམས་ནས་གད་མོ་ཤོར་གྱི་ཡོད། ང་ནི་མཐའ་གཅིག་དུ་སྦིར་སྨན་བཏང་ནས་བཞག་ཡོད་པས་ཅི་ཡང་ཚོར་གྱི་མིན་འདུག
འོན་ཀྱང་། ཐོག་མར་སྦིར་ཁབ་རྒྱག་སྐབས་ན་ཟུག་བཏང་ནའང་དེ་ལ་གང་ཡོད་དམ། ཁྱེད་རང་གི་སྦིར་སྨན་དེ་མ་བརྒྱབ་པར་སོ་རྒྱོངས་པའི་སྐབས་ཀྱི་སྐར་མ་སུམ་བཅུའི་རིང་སྡུག་པོ་མྱོང་འདོད་ཡོད་དམ། ཡང་མིན་ན་སྐར་ཆ་ཁ་ཤས་ཀྱི་སྦིར་ཁབ་རྒྱག་སྐབས་ཀྱི་ན་ཟུག་དེ་མྱོང་འདོད་ཡོད། བྱས་ཙང། དུས་ཚོད་ཉུང་ཙམ་ལས་འགོར་གྱི་མེད་སྟབས་ཏོག་ཙམ་ན་ཟུག་རྒྱག་ཀྱང་སྐར་ཆ་ཁ་ཤས་ཀྱི་སྦིར་ཁབ་རྒྱག་རྒྱུར་འདོད་པ་བྱེད་ཀྱི་རེད།
དེར་བརྟེན་ཚང་མ་ཐམས་ཅད་ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་རག་ལས་ཡོད་པས། འདི་ནི་བསམ་བློའི་འཁྱེར་ཕྱོགས་ཀྱི་སྦྱོང་བརྡར་རམ་བློ་སྦྱོང་ཟེར་བ་དེ་རེད། འདིས་རང་གི་མི་ཚེའི་སྤུས་ཀར་ཕན་ཐོགས་དང་ཡར་རྒྱས་གཏོང་གི་ཡོད། ང་ཚོར་སོ་སྙིང་བཟོ་དགོས་པར་ཆ་བཞག་ན། རྒྱུན་རིང་བའི་སྡུག་སྦྱོང་མྱོང་འདོད་ཡོད་དམ། ཡང་མིན་ན་དེ་ཙམ་དཀའ་ཐུབ་མེད་པ་ཞིག་མྱོང་འདོད་ཡོད། དེ་ལ་དེ་ཙམ་གྱི་གདམ་ཀ་མེད་པར། ང་ཚོས་ཚོར་བ་གང་ཐུབ་ཀྱིས་མྱོང་ཐབས་བདེ་པོ་བཟོ་རྒྱུ་དེ་ཡིན། འདི་ནི་སྦྱོང་བརྡར་འདིའི་རྒྱབ་ལ་ཡོད་པའི་རྩ་དོན་དེ་ཡིན།
ཕྱོགས་བསྡོམས།
ང་ཚོས་ལས་ཀ་གང་བྱས་ཀྱང་བདེ་སྐྱིད་ཞིག་གི་ཆེད་དུ་ཡིན་པས་ཞོགས་པ་ཡར་ལངས་ནས་རང་ལ་དཀའ་ངལ་ཞིག་ཡོང་རོགས་བྱས་ན་བསམ་པ་དང་། སྡུག་བསྔལ་ཞིག་ཡོང་རོགས་བྱས་ན་བསམ་མཁན་སུ་གཅིག་ཀྱང་མེད། ཡིན་ནའང་སྒྲུབ་དཀའ་བའི་དམིགས་ཡུལ་འདི་ག་དུས་ཡིན་ཀྱང་ཐག་ཉེ་རུ་འགྲོ་ཡི་མེད་པ་ལྟ་བུ་ཡོད། རང་ཉིད་རྐྱང་རྐྱང་ལ་དམིགས་ནས་གཙོ་ཆེ་བར་འཛིན་པ་དང་། རང་ཉིད་སུ་ཡིན་པ། རང་གི་ལས་ཀ་གང་བྱེད་པ། རང་གི་ཚོར་བ་གང་མྱོང་བ་སོགས་ལ་སྒྲོ་བཏགས་ནས་སྡོད་པས། རང་ལ་ཐོབ་པའི་བདེ་བ་དེ་མྱོང་མི་ཐུབ་པའམ། རང་གི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ལ་བསམ་ནས་གནས་ཀྱི་ཡོད། སོ་སོའི་བསམ་བློའི་འཁྱེར་ཕྱོགས་ལ་སྦྱོང་བརྡར་བྱེད་ཚུལ་འདིས་མི་གཞན་དང་། མི་གཞན་གྱི་ཚོར་བ་ལ་སེམས་ཁུར་བྱེད་སྟངས་སློབ་པས་སྒོ་གསར་བ་ཞིག་ཕྱེ་བ་དང་། མི་ཚེའི་ནང་བརྒྱུད་དགོས་པའི་སྐྱིད་སྡུག་གི་ཚོར་བ་འཕེལ་འགྲིབ་རྣམས་མྱོང་ཚུལ་སྔར་ལས་བདེ་ཙམ་དང་ལྷོད་ཙམ་ཞིག་ཡོང་བ་བྱེད་ཐུབ་པ་ཡིན།།