ཉིན་རེའི་མི་ཚེའི་ནང་ལས་ཀྱི་འབྲེལ་བ།

ལས་ཀྱི་སྐོར་ལ་ཤེས་རྟོགས།

བརྙན་པར། རོ་བྷི་ན་ ཁར་ཊཱིན། “ལས་ཀྱི་སྟོབས་ཤུགས།” 

དེ་རིང་ངས་ཉིན་རེའི་མི་ཚེའི་ནང་ལས་ཀྱི་འབྲེལ་བ་གང་ཡོད་པའི་སྐོར་ཤོད་འདོད་བྱུང་། འདི་ཐོག་མར་འགོ་འཛུགས་བྱེད་པར། ང་ཚོས་ལས་ཟེར་བ་དེ་གང་ཡིན་ཤེས་དགོས། འདི་ལ་སྤྱིར་བཏང་གི་འགྲེལ་བརྗོད་གཉིས་ཡོད། གཅིག་ནི། ང་ཚོའི་རྒྱུད་ལ་ཡོད་པའི་སེམས་ཀྱི་སྐུལ་རྒྱུའམ་བསམ་པ་དེ་ལས་ཡིན་པ་དང་། དེ་ལ་བརྟེན་ནས་ང་ཚོས་ལུས་ཀྱི་སྒོ་ནས་བྱ་བ་རྩོམ་པ་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བ་སོགས་ལས་སྣ་ཚོགས་པ་བྱེད་དུ་འཇུག་གི་ཡོད། འགྲེལ་བརྗོད་གཉིས་པ་དེ་ལུས་ངག་གཉིས་དང་འབྲེལ་བའི་འདོད་ཚུལ་མི་འདྲ་བ་ཞིག་ཡོད། བྱ་བ་དེ་འདྲ་ལ་གཞིགས་ན། ལས་ནི་ང་ཚོའི་ལུས་ཀྱི་བྱ་བའི་ངང་ངམ་ཤུགས་ཀྱི་རྣམ་འགྱུར་དང་། ངག་གི་བྱ་བའི་ངང་ངམ་ཤུགས་ཀྱི་སྒྲ་སྐད་དེ་ཡིན་པ་དང་། བྱ་བ་དེ་གཉིས་ཀའི་གྲོགས་བྱེད་མཁན་གྱི་སྐུལ་བའི་ནུས་པ་ཕྲ་མོ་དེ་སེམས་རྒྱུན་དང་ལྷན་དུ་མུ་མཐུད་དེ་འགྲོ་གི་ཡོད། བོད་སྐད་ནང་ཀརྨ་ཟེར་བ་དེ་ཕལ་སྐད་ལྟར་ལས་སམ་བྱ་བ་ལ་འཇུག་གི་ཡོད། དེ་ལྟ་ནའང་འགྲེལ་བ་དེ་གཉིས་ཀའི་ནང་ལས་དངོས་གནས་དེ་ག་རང་མིན་པ་ཤེས་དགོས་གལ་ཆེ། 

ངང་ངམ་ཤུགས་ཀྱི་ལས་ཀྱི་ཚུལ་དེའི་ནང་བྱ་བ་ཞིག་སྤེལ་བ་དང་དེས་ང་ཚོའི་སེམས་རྒྱུན་ལ་ལས་ཀྱི་རྗེས་འབྲས་འགའ་ཞིག་འཇོག་གི་ཡོད། ད་ང་ཚོས་དེ་དག་ལས་གོ་བསྡུར་རྒྱ་ཆེ་ཤོས་བྱེད་པའི་དགེ་མི་དགེའི་ནུས་པ་དང་ལས་ཀྱི་བག་ཆགས་ཀྱི་སྐོར་ཤོད་ཀྱི་ཡིན། དེ་གཉིས་ཀྱི་དབར་ལ་ཁྱད་པར་ཅུང་ཙམ་ཞིག་ཡོད། འོན་ཀྱང་དེའི་སྐོར་ཞིབ་ཕྲ་འགྲོ་དགོས་པ་རེད། ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་རྣམ་པ་གཅིག་ནི། རྒྱུ་རྐྱེན་འདང་ངེས་ཚང་བའི་སྐབས་འབྲས་བུ་སྨིན་པའི་ནུས་པ་དང་ལྡན་པ་དེ་རེད། འདི་ལ་ཐུན་མིན་གྱི་ཁྱད་ཚིག་ནི་ཤིང་ཏོག་སྨིན་པ་འདྲ་པོ་རེད།

ལས་ཀྱི་ནུས་པ་དང་བག་ཆགས་ལ་བརྟེན་ནས་གང་སྨིན་གྱི་ཡོད་དམ།

ལས་ཀྱི་ནུས་པ་དང་བག་ཆགས་ལ་བརྟེན་ནས་འབྲས་བུ་སྨིན་པའི་རིགས་མི་འདྲ་བ་མང་པོ་ཡོད། དེ་དག་ལས་ཡོངས་གྲགས་ནི། བདེ་བ་དང་སྡུག་བསྔལ་གང་འཚམས་ཤིག་ཚོར་བ་དེས་ང་ཚོའི་སྐད་ཅིག་རེ་རེའི་མྱོང་བའི་གྲོགས་བྱེད་ཀྱི་ཡོད། གལ་ཏེ་དེ་སྡུག་བསྔལ་ཡིན་ན། དེ་ནི་ལས་མི་དགེ་བའི་འབྲས་བུ་དང་། བདེ་བ་ཡིན་ན། དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན།

དེའི་སྒང་ལ་སྔོན་གྱི་ལས་དེ་ཡང་བསྐྱར་བྱ་རྒྱུའི་ཚོར་བ་ཞིག་ཀྱང་ཡོད། ལས་དེ་ལས་ཀྱི་རྗེས་འབྲས་ལས་ཐད་ཀར་འབྲས་བུ་སྨིན་གྱི་མེད། ཐོག་མར་ཚོར་བ་ཞིག་འབྱུང་གི་ཡོད། དཔེར་ན། གཞན་ཞིག་ལ་སྐད་ལོག་རྒྱག་པ་དང་འཐམ་པ་ལྟ་བུའི་ཚོར་བ་འབྱུང་གི་ཡོད། ཚོར་བ་དེ་གཞིར་བཞག་ཐོག་བྱ་བ་དེ་དངོས་སུ་བྱ་རྒྱུའི་སྐུལ་རྒྱུའམ་བསམ་པ་ཞིག་ཡོད། དེས་ང་ཚོས་ལས་དེ་བྱེད་དུ་འཇུག་གི་ཡོད། ཚོར་བ་དང་སྐུལ་རྒྱུ་གཉིས་ཀྱི་དབར་ལ་མངོན་གསལ་དོད་པོའི་ཁྱད་པར་ཞིག་ཡོད། གཅིག་བྱེད་འདོད་ཀྱི་ཚོར་བ་ནི་དེ་བྱེད་འདོད་ཀྱི་འདུན་སེམས་ལྟ་བུ་དེ་རེད། འོན་ཀྱང་ངའི་བསམ་པར། ཚོར་བ་ནི་མ་མཐར་ཡང་ཨིན་སྐད་ནང་ཏོག་ཙམ་འདོད་པ་དང་འདུན་སེམས་ལས་འགྲེལ་བརྗོད་ཆེ་བ་ཡོད། བསམ་ཞིབ་ཉུང་བ་ཡོད། ང་ཚོས་སྔོན་གང་བྱས་པ་དེ་དང་འདྲ་བ་ཞིག་ཡང་ནས་ཡང་དུ་བྱེད་ཀྱི་ཡོད་པ་ལྟ་བུ་ཚོར་གྱི་ཡོད་པ་དང་། གནས་སྟངས་ཤིག་གི་ནང་ཞུགས་ནས་དེ་དང་འདྲ་བའི་གནད་དོན་ཞིག་རང་ཉིད་ལ་ཚུར་རང་འཇགས་འབྱུང་གི་ཡོད་པ་ཚོར་གྱི་ཡོད། གང་ལྟར་ཡང་། དེ་ནི་ང་ཚོས་མི་གཞན་ལ་བྱ་སྤྱོད་སྤེལ་བ་དང་འདྲ་བར་གཞན་གྱིས་ཀྱང་ང་ཚོར་བྱ་སྤྱོད་སྤེལ་བའི་ང་ཚོའི་ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་འབྲས་བུ་མིན་པ་གསལ་པོ་རེད། གསལ་པོར་ཞུས་ན། དེ་ནི་ཁོང་ཚོའི་ལས་ཀྱི་ནུས་པ་དང་བག་ཆགས་ལས་སྨིན་གྱི་ཡོད་པ་ལས་ང་ཚོའི་ལས་ཀྱི་ནུས་པ་དང་བག་ཆགས་ལས་སྨིན་གྱི་མེད། ང་ཚོའི་ཕྱོགས་ནས་ལས་ཀྱི་འབྲས་བུ་སྨིན་པ་གཅིག་རང་ཡོད་པ་ནི། གནས་སྟངས་དེའི་ནང་ཞུགས་པ་དང་མི་དེ་དང་ཐུག་པ་སོགས་ཀྱི་ཚོར་བ་དེ་རེད།

གནས་སྟངས་འདི་དང་དམིགས་བསལ་གྱི་ང་ཚོའི་ལས་ཀྱི་ནུས་པ་ལས་གཞན་ཞིག་འབྱུང་གི་ཡོད་པ་ནི། ང་ཚོ་ཡོད་པའི་སྐྱེ་གནས་ཀྱི་རིགས་དངོས་དང་། ལུས་པོ། སེམས་ཀྱི་བྱེད་ལས་དེ་རེད། དཔེར་ན། གལ་ཏེ་ང་ཚོར་ཁྱིའི་ཀླད་པའམ་ཡང་ན་མིའི་ཀླད་པ་ཞིག་ཡོད་ན། ང་ཚོས་སེམས་ཀྱི་ནུས་པ་མི་འདྲ་བ་སྣ་ཚོགས་མྱོང་རྒྱུ་ཡིན་པ་ལྟ་བུ་རེད། ལས་ཀྱི་ནུས་པ་རྣམས་ནི་སེམས་ཀྱི་རྒྱུན་དངོས་ཤིག་འབྱུང་བར་བྱེད་མཁན་དེ་རེད། དུད་འགྲོ་ཞིག་ལ་སྐྱེ་བ་ལེན་པ་ལྟ་བུར་མཚོན་ན། ཕ་མ་བྱེ་བྲག་པ་གཉིས་འདུས་ཀྱི་ཁུ་ཁྲག་མཉམ་སྦྱོར་ལ་བརྟེན་ནས་སྐྱེ་བ་ལེན་པ་ལྟ་བུ་རེད། དེ་འདྲའི་སྐབས་སུ་ང་ཚོས་ལེན་པའི་སྐྱེ་གནས་དང་ལུས་པོ་ནི་ལས་ཀྱི་ནུས་པ་དེ་དག་གི་འབྲས་བུ་ཡིན་པ་རེད། 

ཚེ་འདིའི་ལས་ཀྱི་འབྲས་བུ་སྨིན་པ་མང་ཆེ་བ་ནི་སྐྱེ་བ་སྔོན་མའི་ནང་ལས་བྱས་པ་ལས་བྱུང་།

ང་ཚོས་སོ་སོའི་ཉིན་རེའི་མི་ཚེའི་མྱོང་བ་ལ་བལྟ་བའི་སྐབས། བདེ་བ་དང་སྡུག་བསྔལ་གང་འདྲ་ཞིག་མྱོང་བ་དང་། ང་ཚོས་གང་བྱེད་དགོས་པའམ་བརྗོད་དགོས་པའི་ཚོར་བ་གང་འདྲ་ཞིག་ཡིན་ནའང་། དེ་དག་ནི་ཚེ་འདིའི་འགོ་སྟོད་དུ་བྱས་པའི་བྱ་བ་སྔ་མའི་ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་འབྲས་བུ་སྨིན་པ་ཡིན། འོན་ཀྱང་ལས་ཀྱི་སྤྱོད་ལམ་འགའ་ཞིག་ཁོ་ནས་ཚེ་འདིའི་ནང་དེ་དག་གི་ནུས་པ་དང་བག་ཆགས་སྨིན་པར་བྱེད་ཀྱི་ཡོད། དམིགས་བསལ་རང་གི་དགེ་བའི་བཤེས་གཉེན་དང་ཕ་མ་ལྟ་བུ་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་རྣམས་ལ་ཁ་ཕྱོགས་ན། དེ་དག་གི་ནང་མི་དགེ་བ་དང་དགེ་བའི་སྤྱོད་ལམ་གྱིས་ཤུགས་ཆེན་ཀུན་ལས་བསླངས་བ་ཚུད་ཡོད། ཚེ་འདིའི་ནང་གང་སྨིན་པ་དང་གང་མྱོང་བ་དེ་དག་མང་ཆེ་བ་ནི། སྐྱེ་བ་སྔོན་མའི་ནང་བསགས་པའི་ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་འབྲས་བུ་ཡིན།

གནད་དོན་འདི་ནི་ང་ཚོ་མང་པོ་ཞིག་ལ་ཧ་ཅང་དཀའ་ལས་ཁག་པོ་དང་གོ་བ་རྙེད་ཁག་པོ་ཡོད་སྲིད། ནུབ་ཕྱོགས་པ་ཡིན་པའི་ཆ་ནས་ང་ཚོ་མང་ཆེ་བ་ནི། སྐྱེ་བ་སྔ་ཕྱིའི་སྐོར་ལ་ཡིད་ཆེས་བརྟན་པོ་ཞིག་རྩ་ནས་བྱུང་མེད། དེ་ནི་གནད་དོན་ཁག་ཁག་རེད། སྟབས་མ་ལེགས་པ་ཞིག་ལ་སྐབས་འདིར་སྐྱེ་བ་སྔ་ཕྱིའི་སྐོར་བརྟག་ཞིབ་བྱ་རྒྱུ་དང་དེ་དག་ལ་ཡིད་ཆེས་རྙེད་ཚུལ་བཅས་ཤོད་རྒྱུའི་དུས་ཚོད་ང་ཚོར་མེད། ཡིན་ནའང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་པའི་སྒོ་ནས་ལས་ཀྱི་སྐོར་གྲོས་བསྡུར་བྱེད་པ་ཐམས་ཅད་ང་ཚོའི་མི་ཚེ་དང་། ང་ཚོར་གང་འབྱུང་བ་ལ་གདོང་ལེན་བྱེད་སྟངས་ལ་འབྲེལ་བ་ཤུགས་ཆེན་ཞིག་ཡོད་ཆོག 

ངང་ངམ་ཤུགས་ཀྱི་སྤྱོ་ལམ་གྱི་རིག་པ་རྩེ་སྒྲིམ་དང་། དྲན་པ་ཉེར་བཞག །ཤེས་རབ་བཅས་གོང་འཕེལ་གཏོང་བ།

མི་ཚེའི་ནང་གང་མྱོང་བར་གདོང་ལེན་བྱེད་འགོ་བཙུག་པར། ང་ཚོས་རིག་པ་རྩེ་སྒྲིམ་གོང་འཕེལ་གཏོང་དགོས། རིག་པ་རྩེ་སྒྲིམ་མམ་དོ་སྣང་སྤྲད་པ་ནི། ཡུལ་བྱེ་བྲག་པ་ཞིག་ལ་སེམས་ཀྱི་བྱེད་ལས་ལ་འཇུག་པའི་སེམས་བྱུང་རེད། ཡུལ་དེ་ང་ཚོས་སྐད་ཅིག་རེ་རེའི་ནང་གང་མྱོང་བ་དེ་ཡིན་པའི་སྐབས། ནུབ་ཕྱོགས་པའི་སྐད་ཀྱི་ནང་དེ་ལ་དྲན་པ་ཉེར་བཞག་སྟེ་ Mindfulness ཟེར་གྱི་རེད། ཡིན་ནའང་དེ་ནི་ནང་པའི་དྲན་པ་ཉེར་བཞག་ཅེས་པ་སེམས་བྱུང་གི་གོ་དོན་མིན། ང་ཚོའི་སེམས་དང་སེམས་ཚོར་དང་འབྲལ་བའི་མི་ཚེའི་ནང་གང་འབྱུང་བཞིན་ཡོད་པའི་ཐད་དོ་སྣང་དང་ལྡན་པ་ཆགས་པའི་སྐབས། དྲན་པ་ཉེར་བཞག་ནི་སེམས་ཀྱི་སྦྱར་རྩི་ལྟ་བུས་རིག་པ་རྩེ་སྒྲིམ་གྱི་དོ་སྣང་དེ་མ་ཤོར་བར་སྔོན་འགོག་བྱེད་པའི་སེམས་བྱུང་ཞིག་ཡིན། ང་ཚོ་དོ་སྣང་ཆེ་རུ་འགྲོ་བ་དང་སྦྲགས་གཅིག་བྱེད་འདོད་ཡོད་པའམ་བརྗོད་འདོད་ཡོད་པ་དེ་ཤེས་རྟོགས་ཡག་ག་ཐུབ་ཀྱི་ཡོད། ཚོར་བ་དེ་འདྲ་འབྱུང་བའི་སྐབས། ང་ཚོས་གཅིག་བྱེད་འདོད་ཡོད་པའི་བར་ལ་སྟོང་ཆ་ངེས་ཅན་ཞིག་ཡོད་པ་དོ་སྣང་ཡོང་གི་རེད། དེ་དང་མཐུན་པའི་སྤྱོད་ལམ་ལ་དངོས་སུ་འཇུག་པར་བྱེད་པའི་སྐུལ་རྒྱུ་དེ་ང་ཚོས་ཉམས་སུ་མྱོང་བའི་སྐབས་ང་ཚོས་ཤེས་རྟོགས་ཐུབ། 

ཕལ་སྐད་ལྟར་ན། ཨིན་སྐད་ནང་ང་ཚོས་མི་འགའ་ཤས་ནི། བསམ་བློ་མ་བཏང་བར་སོ་སོའི་སེམས་ནང་གང་སྔོན་ལ་འཁོར་བ་དེ་བརྗོད་མཁན་གྱི་རིགས་ཡོད། ཁོང་ཚོས་གང་བརྗོད་པ་དང་བྱེད་པའི་ཐད་ལ་ནང་གི་ཞིབ་དཔྱོད་མེད། སེམས་ནང་གང་དྲན་པ་དེ་ངང་གིས་བྱེད་པའམ་བརྗོད་ཀྱི་ཡོད། འོན་ཀྱང་ཚོར་བ་འབྱུང་བ་དང་ཚོར་བ་དེ་གཞིར་བཞག་ཐོག་ང་ཚོས་བྱ་བ་བྱེད་པའི་སྐབས་ཀྱི་བར་སྟོང་ཞིག་ཡོད་པ་ང་ཚོས་ཤེས་དུས་དེས་ཚོར་བ་དེ་འདྲའི་འོག་ནས་བྱ་སྤྱོད་སྤེལ་དགོས་ཀྱི་འདུག་གམ་མི་འདུག་ཅེས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་གཏོང་འཇུག་གི་ཡོད། བྱ་བ་དེས་ཕན་ཐོགས་ཅན་ཞིག་ཡིན་ནམ་ཡང་ན་དེས་དཀའ་ངལ་མང་པོའི་རྒྱུ་བྱེད་ཀྱི་ཡོད་དམ་ཞེས་ང་ཚོས་རྣམ་པར་འབྱེད་དགོས། གལ་ཏེ་དེས་དཀའ་ངལ་མང་པོའི་རྒྱུ་བྱེད་ཀྱི་ཡོད་ན། ང་ཚོས་དེ་གནོད་འཚེ་ཅན་ཡིན་པ་ཤེས་ནས་ལས་དེ་བརྩམ་གྱི་མ་རེད། དཔེར་ན། ང་ཚོས་མི་ཞིག་ལ།  “ཁྱེད་ཀྱིས་གྱོན་པའི་དུག་སློག་དེ་མདོག་ཉེས་པ་ལ་” ཞེས་བརྗོད་དགོས་དོན་མེད། དེ་ནི་ཕན་ཐོགས་ལྡན་པ་ཞིག་མ་རེད། རེད་དམ།

གནད་དོན་གཙོ་བོ་ནི། ང་ཚོའི་བྱ་སྤྱོད་སྤེལ་སྟངས་ཀྱི་ཚོར་བ་དེ་དག་གོམས་གཤིས་ལ་བརྟེན་ནས་ཡོང་གི་ཡོད། འདིར་ངས་གོམས་གཤིས་སམ་ཨིན་སྐད་དུ་ habit ཟེར་བའི་ཚིག་འདི་བེད་སྤྱོད་བྱེད་ཀྱིན་ཡོད། འདི་ནི་ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་སྤྱི་མིང་ཞིག་རེད། གོམས་གཤིས་དེ་སྐྱེ་བ་འདིའམ་ཡང་ན་སྐྱེ་བ་སྔ་མ་གང་ནས་བྱུང་ཡོད་མེད་དེ་འབྲེལ་མེད་ཆགས་ཀྱི་ཡོད། གལ་ཆེན་པོ་དེ་གང་རེད་ཅེ་ན། ང་ཚོས་སྔོན་གྱི་འགྲོས་དང་། གོམས་གཤིས་ལ་གཞི་བྱས་ཏེ་ངང་ངམ་ཤུགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། ང་ཚོ་དེའི་བྲན་གཡོག་ཏུ་འགྱུར་དགོས་པའི་རྒྱུ་མཚན་མེད། ང་ཚོ་ནི་འགྲོ་བ་མི་ཡིན་པ་ལས་ལྷན་སྐྱེས་ཀྱི་རིག་པ་ལ་སྟངས་འཛིན་མེད་པའི་སྒོ་ནས་བྱ་བར་འཇུག་མཁན་གྱི་དུད་འགྲོ་སེམས་ཅན་མིན། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོར་རྣམ་དཔྱོད་ཀྱི་རྩལ་ཡོད། དེའི་དོན་ནི་ང་ཚོར་གང་ཕན་པ་དང་གང་གནོད་གཞི་ཅན་ཡིན་པར་ཤན་འབྱེད་ཐུབ་པའི་བློ་གྲོས་ཀྱི་ནུས་པ་དེ་ཡོད།

སྐྱེ་བ་སྔོན་མ་ཡོད་མེད་ལ་མ་ལྟོས་པར། གོམས་གཤིས་ངན་པ་ལ་བརྟེན་ནས་བྱ་སྤྱོད་སྤེལ་རྒྱུ་དེ་ཧ་ཅང་གླེན་རྟགས་ཡིན་པ་ང་ཚོས་མཐོང་ཐུབ། དེས་ང་ཚོར་དཀའ་ངལ་ཇེ་མང་བཟོ་གི་ཡོད། ང་ཚོས་ཚོར་མེད་ཀྱི་སྒོ་ནས་རང་གིས་རང་ལ་དཀའ་ངལ་ཇེ་མང་བཟོ་འདོད་མེད་པ་སོང་ཙང་། ངང་ངམ་ཤུགས་ཀྱིས་གོམས་གཤིས་ངན་པ་ལ་བརྟེན་ནས་བྱ་སྤྱོད་སྤེལ་རྒྱུ་ལས་ཐར་ཐབས་བྱེད་དགོས།

ཕྱོགས་འགའ་ཞིག་ནས་ང་ཚོས་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ཡང་ནས་ཡང་དུ་བྱེད་པའི་འགྲོས་དེ་ལང་དུ་ཤོར་བ་ནང་བཞིན་བལྟ་དགོས། ང་ཚོ་ཆང་རག་དང་། ཐ་མག་ཁ། བཟི་སྨན་མྱོས་རྫས་ཀྱི་རིགས་ལང་དུ་ཤོར་སྲིད། འོན་ཀྱང་ང་ཚོ་ད་དུང་རྒྱན་རྩེད་རྩེ་བ་དང་། ཁྲིག་སྤྱོད་བྱེད་པ། ཐ་ན་མི་གཞན་དག་ལ་སྐད་ལོག་རྒྱག་པའི་བྱ་བའི་རིགས་ལང་དུ་ཤོར་སྲིད་པ་ཡིན། ལང་ཤོར་ལས་ཐར་བའི་ཐབས་ལམ་ནི་ནང་པ་དང་ནང་པ་མིན་པ་གཉིས་ཀའི་ནང་མང་པོ་ཡོད། ང་ཚོས་བློ་དང་ལྡན་པའི་སྒོ་ནས་ཐབས་ལམ་དེ་དག་ལག་བསྟར་བྱེད་དགོས། དེ་མིན་ང་ཚོ་ཚོད་འཛིན་བྱེད་མི་ཐུབ་པར་དཀའ་ངལ་ཇེ་མང་བཟོ་གི་རེད། 

ལང་ཤོར་ཕྱིན་པའི་བྱེད་སྒོ་གང་འདྲ་ཞིག་ཡིན་ནའང་གོམ་པ་དང་པོ་ནི། སོ་སོ་ལང་ཤོར་ཕྱིན་པ་ཡིན་པར་ངོས་འཛིན་དང་ངོས་ལེན་བྱ་རྒྱུ་དེ་རེད། འདི་ནི་ངེས་པར་དུ་དགོས་ངེས་ཤིག་རེད། ང་ཚོས་དཀའ་ངལ་མེད་པ་བཟོ་བར་འབད་བརྩོན་མ་བྱས་གོང་ནས་དཀའ་ངལ་གང་ཡིན་ངོས་འཛིན་དགོས། འོན་ཀྱང་ལང་ཤོར་ཕྱིན་པའི་བྱེད་སྒོ་ལམ་སྲོལ་འགའ་ཤིག་གིས་མི་རྣམས་ལ་ལང་ཤོར་ཡིན་པ་ནི་ཁོང་ཚོའི་བདེན་པ་དང་། འགྱུར་བ་མེད་པའི་ངོ་བོ་ཞིག་ཡིན་ཞེས་དང་། དེ་ལས་སུ་གཅིག་ཀྱང་ཐར་མི་ཐུབ། ལང་ཤོར་གྱི་སྤྱོད་ལམ་དེ་དངོས་སུ་འགོག་པའི་བདེན་པ་ཞིག་ང་ཚོས་ནམ་ཡང་འཐོབ་ཀྱི་མ་རེད་ཅེས་ཡིད་ཆེས་སུ་འཇུག་པ་དེ་འདྲ་ཡོང་སྲིད། འོན་ཀྱང་ནང་པའི་ལྟ་ཚུལ་ལྟར་བྱས་ན། ང་ཚོས་ལང་ཤོར་རྩ་ནས་མེད་པ་བཟོ་བའི་འགོག་པའི་བདེན་པ་ཞིག་འཐོབ་ཐུབ། དེའི་ནང་ང་ཚོའི་རང་གིས་རང་ལ་གནོད་པའི་སྤྱོད་ལམ་གྱི་རིགས་ཀྱང་ཚུད་ཡོད། བྱས་ཙང་། དེ་དག་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་ཐུབ། ནང་པའི་ཉམས་ལེན་པ་ཡིན་པའི་ཆ་ནས་དེ་ནི་ང་ཚོའི་དམིགས་ཡུལ་རེད། 

ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་འགྲོས་ཀྱི་ངེས་འབྱུང་།

འདིའི་སྐབས་སུ་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་ལང་ཤོར་ཕྱིན་པའི་འགྲོས་དེ་ལས་ཐར་བའི་ཆེད་ངེས་འབྱུང་གི་སྐོར་དེ་སླེབ་ཀྱི་ཡོད། ངེས་འབྱུང་ནི་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དང་སྤང་འདོད་ཀྱི་འདུན་པ་དེ་ཡིན། དེ་དང་མཉམ་དུ་ཡོད་པའི་སེམས་ཚོར་ནི་མཐའ་གཅིག་ཏུ་ཞེ་ལོག་པ་དང་ཉོབ་ཏོ་ཡོད་དེ། ལང་ཤོར་དེ་དག་རང་གིས་རང་ལ་གནོད་པའི་མི་དགེ་བ་ཡིན་པའམ་ཡང་ན་དབང་རྩ་འཁྲུགས་པའི་བཟང་ཕྱོགས་དགེ་བའི་ལང་ཤོར་གང་ཡིན་རུང་། ང་ཚོ་ནི་སྤྱོད་ལམ་གང་དུ་ཤོར་བ་ལ་བརྟེན་ནས་ཉོབ་ཏོ་ཆགས་པ་རེད། དཔེར་ན། ང་ཚོ་རྟག་ཏུ་བཟོད་པ་བསྒོམ་མ་ཐུབ་པར་སྐད་ལོག་རྒྱག་པ་ལ་ཉོབ་སྣང་སྐྱེས་པའམ། ཡང་ན་ཧ་ཅང་གཅེས་འཛིན་དང་བཅས་ཏེ་རང་གི་ལག་པ་བཀྲུ་རྒྱུ་ལ་ཉོབ་སྣང་སྐྱེས་པ་ལྟ་བུ་རེད། དེ་འདྲ་སོང་ཙང། ང་ཚོས་སྐད་ལོག་རྒྱག་འདོད་དང་ལག་པ་བཀྲུས་ཚར་ནའང་ད་དུང་ཡང་བསྐྱར་བཀྲུ་འདོད་ཡོད་སྐབས། ང་ཚོས་ཐ་ན་དེ་འདྲ་ཞིག་ཚོར་བ་སྤོང་བའི་ཆོད་སེམས་ལ་ངེས་བརྟན་བཟོ་དགོས། དེ་ལ་གོམ་པ་དང་པོའི་ཚུལ་དུ་ང་ཚོས་ཐ་ན་ཚོར་བ་དེ་འདྲའི་སྒོ་ནས་བྱ་སྤྱོད་མི་སྤེལ་བའི་ངེས་བརྟན་བཟོ་དགོས་ཤིང་། རང་གིས་རང་ལ་ཚོད་འཛིན་བྱས་ཏེ་ལས་ཀ་དེ་བྱ་རྒྱུ་མེད། འོན་ཀྱང་རང་གིས་རང་ལ་ཚོད་བྱེད་པ་དེ་གོམ་པ་དང་པོ་ཙམ་ཞིག་རེད། ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་མཐར་ཐུག་གི་རྒྱུ་གང་ཡིན་པ་དེ་མེད་པ་བཟོ་བར་ད་དུང་གཏིང་ཟབ་པ་འགྲོ་དགོས།

ལས་ཀྱི་སྐོར་གོ་བ་ལོག་སྒྲུབ།

ང་ཚོའི་ཉིན་རེའི་མི་ཚེའི་ནང་ལས་ཀྱི་རྣམ་གཞག་ལག་ལེན་བསྟར་ཐབས་བྱེད་སྐབས། ང་ཚོས་ག་རེ་ཉམས་སུ་མྱོང་ནའང་དེ་འོས་པ་ཞིག་ཡིན། གང་ཡིན་ཞེ་ན། དེ་ནི་ང་ཚོའི་ལས་ཀྱི་འབྲས་བུ་སྨིན་གྱི་ཡོད་ཅེས་པའི་གོ་བ་ལོག་སྒྲུབ་དེ་ལ་ལྟ་ཞིབ་བྱེད་དགོས། ཕམ་ཁུར་རིང་ལུགས་ཀྱི་བསམ་ཕྱོགས་འདི་ལ་བརྟེན་ནས་ང་ཚོས་འདས་པའི་དུས་སུ་ང་རང་མི་སྡུག་ཅག་ཅིག་ཡིན། ད་ལྟ་ཉེས་ཆད་དུ་གང་འཁུར་བཞིན་པ་ནི་འོས་པ་རེད་ཅེས་བསམ་གྱི་ཡོད། གལ་ཏེ་ང་ཚོས་དམིགས་པའི་འབེན་ཞིག་བཙུགས་མེད་ན། སུས་ཀྱང་དེར་མདའ་འཕེན་གྱི་མ་རེད། གལ་ཏེ་ང་ཚོས་འདས་པའི་དུས་སུ་གནོད་འཚེ་ཅན་གྱི་མི་དགེ་བའི་ལས་བྱས་མེད་ན། ད་གཟོད་མི་རྣམས་ཀྱིས་རང་ལ་ཁོང་ཁྲོ་ཟ་བ་དང་ལྟ་ཚུལ་ངན་པ་འཛིན་པ་སོགས་མྱོང་གི་མ་རེད་ཅེས་སློབ་དཔོན་ཆེན་པོ་ཞི་བ་ལྷས་གསུངས་ཡོད། སློབ་དཔོན་ཞི་བ་ལྷས་གསུངས་པ་དེ་མི་གཞན་དེ་ལ་སྐྱོན་འཛུགས་བྱ་རྒྱུ་མིན་པར། རང་གིས་རང་ལ་སྐྱོན་འཛུགས་བྱ་རྒྱུ་དེ་རེད། ཡང་ང་ཚོ་མི་ཧ་ཅང་སྡུག་ཅག་ཡིན་པ་དང་རང་གིས་མྱོང་བའི་སྡུག་བསྔལ་དེ་ང་ཚོར་འོས་བབ་ཡིན་པ་ཚོར་བའི་མཐར་ལྷུང་དགོས་པའི་དོན་མིན། བྱས་ཙང་། ང་ཚོས་ཁ་བཙུམས་ནས་རྙོག་དྲ་མེད་པར་རང་གི་ཉེས་ཆད་ངོས་ལེན་བྱེད་དགོས་པའི་དོན་མིན་པ་ཤེས་དགོས། དེ་ནི་ལས་ཀྱི་རྣམ་གཞག་ལ་གདོང་ལེན་བྱེད་སྟངས་ཡག་ཤོས་དེ་མིན་ལ་དངོས་སུ་ལག་བསྟར་བྱ་རྒྱུའི་དགོངས་དོན་ཞིག་ཀྱང་མིན་བསམ་གྱི་འདུག 

སྔོན་ལས་སྨྲ་བའི་བསམ་ཕྱོགས་འདིའི་ཚབ་ལ་ང་ཚོས་ཉིན་རེའི་མི་ཚེའི་ནང་དེ་དག་ལས་ཕན་ཐོགས་ཇི་ལྟར་ཡོང་བའི་སྐོར་བལྟ་ཕྱིར། ལས་ཀྱི་རྣམ་པ་གཞན་དག་ལ་བརྟག་དཔྱད་བྱེད་དགོས། ད་ལྟ་ང་ཚོར་གཅིག་འབྱུང་བཞིན་པ་མྱོང་བའི་སྐབས། དེའི་རྒྱུ་ནི་སྔོན་གྱི་སྤྱོད་ལམ་ཡིན་པ་ང་ཚོས་ལས་ཀྱི་རྣམ་གཞག་ལ་བརྟེན་ནས་རྗེས་སུ་དཔོག་ཐུབ། ལས་ཀྱི་སྐོར་མང་པོའི་ནང་། ང་ཚོས་གང་མྱོང་བ་དང་དེའི་སྔོན་གྱི་སྤྱོད་ལམ་དབར་གྱི་འབྲེལ་བའི་སྐོར་ཞིབ་ཕྲར་ཤོད་ཀྱི་ཡོད། དཔེ་ཆ་བཞག་ན། གལ་ཏེ་ང་ཚོས་ཡུན་དུ་མི་གནས་པའི་འབྲེལ་བ་ཞིག་རྟག་ཏུ་མྱོང་གི་ཡོད་ན། ང་ཚོ་བརྩེ་བ་ཡོད་ས་དང་མཉམ་དུ་གནས་མི་ཐུབ་པའམ། ཡང་ན་མི་རྣམས་རྟག་ཏུ་རང་ཉིད་དང་ཁ་བྲལ་འགྲོ་གི་ཡོད། དེ་ནི་ང་ཚོས་གཞན་གྱི་སྐོར་ལ་དབྱེན་འབྱེད་པའི་སྐད་ཆ་བཤད་པའི་འབྲས་བུ་ཡིན། ང་ཚོ་མི་རྣམས་ལ་ཁོང་ཚོའི་གྲོགས་པོའི་སྐོར་ལ་ཕྲ་མའི་སྐད་ཆ་སྡུག་ཅག་རིགས་བཤད་ནས་ཁ་བྲལ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་ཀྱི་གྲོགས་པོ་དང་ཁ་བྲལ་ནས་རང་ཉིད་གཡུག་པ་དེ་མྱོང་བའི་སྐབས། དེ་ནི་དེ་ལས་བྱུང་བའི་ལས་ཀྱི་འབྲས་བུ་སྨིན་པ་རེད། དེའི་ནང་ང་ཚོས་མི་གཞན་གྱིས་ང་ཚོ་ནང་བཞིན་བྱེད་ཀྱིན་ཡོད་པའི་གནས་སྟངས་དེ་མྱོང་བཞིན་ཡོད། 

དབྱེན་འབྱེད་ཀྱི་སྐད་ཆའམ་ཕྲ་མ་བཤད་པ་ལས་བྱུང་བའི་ད་དུང་ཁ་སྣོན་གྱི་འབྲས་བུ་སྨིན་རྒྱུ་ཡིན་པ་ནི། སྤྱོད་ལམ་དེའི་རིགས་ཡང་ནས་ཡང་དུ་བྱ་རྒྱུའི་སྐུལ་ཤུགས་ཀྱི་ཚོར་བ་དེ་ཡིན། གནད་དོན་འདི་བཤད་ནས་ང་ཚོའི་ལས་ཀྱི་ཐོག་ལ་གོ་རྟོགས་ཡོད་པ་དེ་ལག་ཆ་བཟང་པོ་ཞིག་ཏུ་བཟོ་དགོས་ཤིང་། རང་གིས་རང་ལ་དྲང་པོ་དྲང་གཞག་གིས་བརྟག་དཔྱད་བྱེད་དགོས། ང་ཚོར་སྐྱོན་བརྗོད་བྱ་རྒྱུའམ་ཡང་ན་མི་གཞན་དག་གི་སྐོར་ལ་སྐད་ཆ་སྡུག་ཅག་ཤོད་རྒྱུའི་བག་ཆགས་ཤིག་ཡོད་དམ། དཔེར་ན། མི་དེ་དག་ལ་དགའ་པོ་ཡོད་མཁན་དང་། དེ་དག་དང་མཉམ་དུ་ལས་ཀ་བྱེད་མཁན། སློབ་སྦྱོང་བྱེད་མཁན། ཡང་ན་དེ་དག་དང་འཆམ་པོ་ཡོད་མཁན་ལ་སོགས་པ་ལྟ་བུ་རེད། ང་ཚོས་ཚད་བརྒལ་གྱིས་སྐྱོན་འཛུགས་ཅན་ཆགས་ཀྱི་ཡོད་པ་ཕལ་ཆེར་ཤེས་ཀྱི་རེད། ང་ཚོས་གཞན་སུ་ཞིག་གི་སྐོར་ལ་སྐད་ཆ་ཡག་པོ་ཤོད་རྒྱུ་ཧ་ཅང་དཀོན་པོ་རེད། དེ་དག་གི་སྐོར་ལ་སྐད་ཆ་སྡུག་རིགས་ངན་ཚད་རྐྱང་རྐྱང་ཤོད་ཀྱི་ཡོད། དེ་ནི་ཧ་ཅང་ཡོངས་གྲགས་རེད། མ་རེད་དམ། ང་ཚོ་གཞན་གྱི་སྐྱོན་འདོན་རྒྱུ་ལ་ཧ་ཅང་བློ་འདོད་ཆེན་པོ་ཡོད་པ་དང་། ཁོང་ཚོའི་སྐོར་མི་ཚང་མར་ཤོད་རྒྱུ་དང་རྙོག་དྲ་སློང་རྒྱུ་དགའ་པོ་ཡོད། འོན་ཀྱང་ང་ཚོས་གཞན་གྱི་ཁྱད་ཆོས་བཟང་པོ་ལ་དོ་སྣང་བྱེད་པ་དང་། ཁོང་ཚོའི་སྐོར་གཞན་ལ་བསྟོད་བསྔགས་ག་ཚོད་བྱེད་ཀྱི་ཡོད་དམ། ང་ཚོ་མང་ཆེ་བ་ལ་དེ་ནི་གང་འཚམ་གྱི་དཀོན་པོ་རེད།

འདི་ནི་ང་ཚོས་ལས་ཀྱི་སྐོར་ལས་སྦྱང་ཐུབ་པའི་གནད་དོན་ཕན་ཐོགས་ཆེ་ཤོས་ཡིན་པ་དང་། ང་ཚོས་དེ་དག་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་ཆོག །ང་ཚོར་འབྱུང་བཞིན་པའི་གནད་དོན་གྱི་རིགས་མྱོང་བ་དང་མཐུན་པའི་ཐུན་མོང་མ་ཡིན་པའི་སྤྱོད་ལམ་གྱི་ནང་ང་ཚོས་འགྲོས་དེ་རྙེད་ཐུབ། “ང་རང་དེ་འོས་བབ་འདུག །གང་ཡིན་ཟེར་ན། ང་རང་ཚེ་སྔོན་མ་ཧ་ཅང་སྡུག་ཅག་ཡིན་པ་དང་གཞན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་” ཅེས་ཕམ་ཁུར་རིང་ལུགས་ཀྱི་བསམ་ཕྱོགས་ཤིག་གི་ནང་ལྷུང་རྒྱུའི་ཚབ་ལ་ང་ཚོས་སོ་སོའི་སྤྱོད་ལམ་གྱི་ཐད་ལ་ད་ལྟ་ནས་དོ་སྣང་བྱས་ཏེ་ཡར་རྒྱས་གཏོང་ཆོག །ང་ཚོས་གཞན་ཞིག་ལ་ཧ་ཅང་སྡུག་རིགས་ངན་ཚད་ཤོད་འདོད་སྐྱེ་བའི་སྐབས། གནས་སྟངས་དེ་རང་གི་ནང་ང་ཚོས་ཁོང་ཚོའི་ཁྱད་ཆོས་བཟང་པོའི་སྐོར་བསམ་བློ་གཏོང་བ་དང་བསྟོད་བསྔགས་བྱེད་ཆོག

ང་ཚོས་ངོས་འཛིན་ཐུབ་པའི་ལས་ཀྱི་མངོན་རྟགས་རིགས་མི་འདྲ་བའི་དཔེ་མཚོན་མང་པོ་ཡོད། དཔེར་ན། ང་ཚོ་སྐྱོ་པོ་ཡིན་སྲིད། བརྟག་དཔྱད་བྱེད་པ་ལ་བརྟེན་ནས་ང་ཚོས་རྟག་ཏུ་ཁེ་བཟང་ལེན་པ་དང་མི་གཞན་གྱི་དངོས་པོ་བེད་སྤྱོད་བྱེད་པ། ཁོང་ཚོ་བཀོལ་སྤྱོད་བྱེད་པ། གཞན་སུ་ལའང་དངུལ་མི་སྤྲོད་པ། རྟག་ཏུ་གཞན་གྱིས་རང་ཉིད་ཀྱི་ཆེད་དུ་དངུལ་སྤྲོད་རེ་བྱེད་པ་སོགས་ང་ཚོས་ཤེས་སྲིད། ངས་འདིར་དམིགས་བསལ་ཆོག་མཆན་མེད་པར་གཞན་གྱི་དངོས་རྫས་བེད་སྤྱོད་བྱེད་པའི་སྐོར་ཤོད་ཀྱི་ཡོད། དཔེར་ན། སྐད་ཆ་མ་དྲིས་པར་གཞན་གྱི་འཁྱགས་སྒམ་ནས་ཁ་ལག་ལེན་པ་ལྟ་བུ་རེད། ང་ཚོའི་ཚོར་བ་དང་བག་ཆགས་ལ་བརྟེན་ནས་འདྲ་མཚུངས་ཀྱི་བྱ་སྤྱོད་སྤེལ་བ་དང་བཅས་ང་ཚོས་གང་ཞིག་མྱོང་བའི་སྐབས་སུ་ཐུན་མོང་གི་འབྲེལ་བ་དེ་དག་ལ་དོ་སྣང་ཡོང་གི་ཡོད། ཐུན་མོང་གི་འབྲེལ་བ་དེ་དག་གི་སྐོར་མང་པོ་ཞིག་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཆོས་སྐྱོབ་ཀྱིས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོའི་ནང་མཛུབ་སྟོན་གནང་ཡོད། 

དེའི་སྒང་ལ་འབྲས་བུ་དེ་རྒྱུ་གཅིག་ཁོ་ན་ལས་མི་འབྱུང་བ་དེ་ང་ཚོས་རྟོགས་དགོས། སངས་རྒྱས་ཀྱིས། ཆུ་སྣོད་དེ་ཆུ་ཐིགས་དང་པོའམ་ཡང་ན་ཆུ་ཐིགས་མཐའ་མ་དེས་གང་མེད། དེ་ནི་ཆུ་ཐིགས་ཚང་མ་བསྡུས་པ་ལས་གང་བ་ཡིན་ཞེས་གསུངས་ཡོད། ང་ཚོས་སྡུག་བསྔལ་གང་འདྲ་ཞིག་མྱོང་གི་ཡོད་ནའང་། དེ་ནི་འདས་དུས་སུ་ང་ཚོས་ལས་ཀ་སྡུག་ཅག་གཅིག་ཁོ་ན་བྱས་པའི་འབྲས་བུ་མིན་པར། དེ་ལ་རྒྱུ་དང་རྐྱེན་ཧ་ལམ་གྲངས་ལས་འདས་པ་ཡོད་པ་དང་། དེ་དག་མཉམ་དུ་བསྡུས་པ་ལ་བརྟེན་ནས་ང་ཚོས་བདེ་སྡུག་མྱོང་གི་ཡོད།

དཔེ་མཚོན་ཞིག་ལ། གལ་ཏེ་ང་ཚོ་མོ་ཊས་བརྡུང་བ་ཡིན་ན། ང་ཚོས་མོ་ཊ་ཡོད་མེད་གང་རུང་གི་སྒོ་ནས་མི་ཞིག་ལ་རྨས་སྐྱོན་བྱས་སྲིད་པ་ཙམ་དེ་མིན། དེ་ཙམ་ཞིག་མིན་པར། དེའི་ནང་ད་དུང་ང་ཚོར་དངོས་སུ་བརྡུང་མཁན་གྱི་གང་ཟག་ཕ་རོལ་པོ་དེའི་ལས་ཀྱི་ནུས་པ་ཆ་ཚང་ཚུད་ཡོད། དེ་ནས་དེའི་སྐབས་ཀྱི་གནམ་གཤིས་དང་། མོ་ཊ་འཚང་འགག་གི་གནས་སྟངས་སོགས་ང་ཚོ་དེའི་ཚེ་ཕྱི་ལོགས་སུ་ཕྱིན་པའི་རྒྱུ་མཚན་རྣམས་ཀྱང་ཚུད་ཡོད། དེ་ག་ནང་བཞིན་འགྲོ་ལམ་བཟོ་མཁན་གྱི་མི་རྣམས་ཡོད། བྱས་ཙང་། མོ་ཊས་བརྡུང་བ་དེ་དངོས་སུ་ཉམས་སུ་མྱོང་བར་རྒྱུ་དང་རྐྱེན་གྲངས་ལས་འདས་པ་ཞིག་མཉམ་དུ་འཛོམས་དགོས་ཀྱི་ཡོད།

ང་ཚོའི་རྒྱུ་དང་འབྲས་བུའི་ལྟ་ཚུལ་དེ་རྒྱ་ཆེ་རུ་བཏང་ནས་འབྲས་བུ་བྱེ་བྲག་ཅིག་འབྱུང་བར་རྒྱུ་དང་རྐྱེན་མང་པོ་འཛོམས་དགོས་པ་དེ་རྟོགས་པའི་སྐབས། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞེས་བྱ་བ་དེ་ནག་ཉེས་ཅན་ཞིག་ཡིན་པ་དང་། དེ་འདྲ་ཞིག་འོས་ཤིང་འཚམས་པ་དང་དེ་ནི་མཐའ་གཅིག་ཏུ་ང་ཚོའི་ནོར་འཁྲུལ་ཡིན་པའི་སྐོར་ཞིབ་དཔྱོད་བྱེད་འགོ་བཙུག་གི་ཡོད། ཨ་ཅང་ཅང་ང་ཚོར་ལས་འགན་ཡོད་ཀྱང་། ཕྱོགས་གཅིག་ནས་རང་གི་སྤྱོད་ལམ་ལ་འགན་འཁུར་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དེ་ང་ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པར་ངོས་འཛིན་བྱེད་པ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཞིག་ཡོད། ཚུགས་ཐུབ་ཏུ་གྲུབ་པའི་ང་དེ་ནི་ནག་ཉེས་ཅན་དང་སྡུག་ཅག་དེ་ཡིན་པ་དང་། དེ་ནི་ཁོང་ཚོར་གང་བྱུང་བའི་ནོར་འཁྲུལ་དེ་ཡིན། 

ལས་དང་འབྲེལ་བའི་ཐོག་སྟོང་ཉིད་རྟོགས་ཐབས།

ང་ཚོའི་རྒྱུ་དང་འབྲས་བུའི་ལྟ་བ་དེ་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག་ང་ཚོས་འཁོར་གསུམ་ཞེས་བྱ་བ་དེ་ལ་ཞིབ་དཔྱོད་བྱེད་དགོས། འཁོར་གསུམ་པོ་གཏན་ལ་དབབ་ཚུལ་མང་པོ་ཡོད། འོན་ཀྱང་ལས་ཀྱི་འབྲས་བུ་སྨིན་པ་དང་འབྲེལ་ནས་ང་ཚོས་དེ་དག་ལས་ཀྱི་འབྲས་བུ་མྱོང་མཁན་གྱི་ང་ལྟ་བུར་བྱེ་བྲག་ཕྱེ་ཆོག །ང་ཚོས་ད་ལྟ་མྱོང་བཞིན་པའི་ལས་ལ་བརྟེན་ནས་གང་སྨིན་ཟིན་པ་དང་། གང་སྨིན་ཟིན་པ་དེའི་ལས་ཀྱི་རྒྱུ་ནི་འདས་པའི་དུས་སུ་ང་ཚོས་གང་བྱས་པ་དེ་རེད། ང་ཚོས་འཁོར་གསུམ་པོ་གཅིག་གིས་གཅིག་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། རང་ངོས་ནས་གྲུབ་པས་སྟོང་པ། གཞན་ལ་ལྟོས་མེད་ཡིན་པ་དེ་མ་རྟོགས་པའི་སྐབས། ང་ཚོས་སེམས་ཀྱི་སྒོ་ནས་སྤྲོས་པ་དང་བཅས་ཏེ་བདག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ལ་འཛིན་པ་སྐྱེ་གི་ཡོད། དེ་ནི་འདས་པའི་དུས་སུ་ཧ་ཅང་སྡུག་ཅག་ཡིན་པ་དང་། ད་ལྟ་ང་ཚོར་གང་འབྱུང་བཞིན་པ་དེ་འོས་འཚམས་ཡིན་པ་རེད། དོན་དུ་ང་ཚོ་གནོད་འཚེ་ཕོག་མཁན་དེ་ཆགས་ཀྱི་ཡོད་པའམ། ཡང་ན་ང་ཚོ་ཉེས་ཆད་བཀལ་བའི་ནག་ཉེས་ཅན་ཆགས་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ལྟར་སྣང་བའི་ངོ་བོ་དེ་ལ་འཛིན་གྱི་ཡོད། དེ་ནི་ཧ་ཅང་མི་སྐྱིད་པའི་སེམས་ཀྱི་གནས་བབས་ཤིག་རེད། མ་རེད་དམ། ང་ཚོས་ད་ལྟ་གང་མྱོང་བཞིན་པ་དེ་ཧ་ཅང་ཞེད་སྣང་ཚ་པོ་ཡིན་པ་དང་། ང་ཚོས་འདས་པའི་དུས་སུ་གང་བྱས་པ་རྣམས་ཀྱང་ཧ་ཅང་ཞེད་སྣང་ཚ་པོ་ཡིན་ཞེས་གནས་ཚུལ་ཆེན་པོ་བཟོ་གི་ཡོད། གནད་དོན་ཚང་མ་ནག་ཉེས་དང་རང་གིས་རང་ལ་འགྱོད་པ་སྐྱེ་བ་དང་མཉམ་དུ་སིམ་འགྲོ་གི་ཡོད། དེ་དག་ཐམས་ཅད་ཀྱིས་ང་ཚོའི་ཉིན་རེའི་མི་ཚེའི་མྱོང་བ་དེ་ཇེ་སྡུག་ནས་ཇེ་སྡུག་ཏུ་གཏོང་གི་ཡོད། 

དེ་འདྲ་སོང་ཙང་། སྟོང་ཉིད་ཀྱི་སྐོར་ཏོག་ཙམ་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ལ་གོ་རྟོགས་མེད་པར་དངོས་པོ་རྣམས་ཏོག་ཙམ་ཚུགས་ཐུབ་ཏུ་གྲུབ་པར་འཛིན་ཆེ་དྲགས་ནས། ང་ཚོས་འགྲེལ་བརྗོད་བྱས་དང་བྱེད་མུས་བཞིན་དཀའ་ངལ་མང་བ་དང་སྡུག་བསྔལ་མང་བ་འབྱུང་བའི་རྒྱུ་བྱེད་པའི་མཐར་ལྷུང་སླ་པོ་ཆགས་ཀྱི་ཡོད། ང་ཚོར་སྟོང་ཉིད་ཀྱི་སྐོར་ལ་གོ་རྟོགས་མེད་ནའང་། ང་ཚོས་ག་རེ་བསམ་པ་དང་། བརྗོད་པ། བྱེད་པ་བཅས་ལ་ལས་ཀྱི་རྗེས་འབྲས་ཡོད་པ་སེམས་ནང་བཞག་ནས་བྱ་སྤྱོད་སྤེལ་དགོས། དེ་ལྟར་སེམས་ལ་བཞག་ནས་ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་སྤོང་དགོས་པ་དང་། དེའི་ཚབ་ལ་དགེ་བའི་ལས་རྩོམ་དགོས། 

མི་དགེ་བའི་སྤྱོད་ལམ་སྤོང་བ།

ནང་པའི་གཞུང་ནང་གསུངས་པའི་མི་དགེ་བའི་སྤྱོད་ལམ་གྱི་རིགས་གང་འདྲ་ཞིག་སྤོང་བའི་རྒྱུ་རྐྱེན་ནི། དེ་ལྟར་བྱ་སྤྱོད་སྤེལ་བའི་གྱོང་གུན་གྱི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་རེད། གང་ཡིན་ཞེ་ན། སྤྱོད་ལམ་དེའི་འབྲས་བུ་སྡུག་བསྔལ་དེ་ང་ཚོས་མྱོང་འདོད་མེད། དེ་ནས་མི་དགེ་བའི་ལས་ཤིག་བྱེད་འདོད་དང་བརྗོད་འདོད་ཀྱི་ཚོར་བ་འབྱུང་བའི་སྐབས། ང་ཚོས་དེ་བྱ་རྒྱུ་སྤོང་དགོས། འོན་ཀྱང་དུས་ཚོད་མང་པོ་ཞིག་གི་རིང་ང་ཚོས་དེའི་སྐོར་ལ་དངོས་གནས་བསམ་བློ་གཏོང་གི་མེད། ང་ཚོས་སྤོང་གི་ཡོད། གང་ཡིན་ཞེ་ན། མི་དགེ་བའི་བྱ་སྤྱོད་མི་སྤེལ་རྒྱུ་དེ་ཏག་ཏག་འགྲིག་ཡིན་པ་ཚོར་གྱི་ཡོད། དོན་ངོ་མར་འདི་ནི་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། ཏག་ཏག་མི་སྡོད་པའམ་འགྲིག་གི་མེད་པ་ཚོར་བའི་མི་དགེ་བའི་སྤྱོད་ལམ་འགའ་ཞིག་ཡོད། དཔེར་ན། མགོ་སྐོར་སླུ་བྲིད་དང་བཅོམ་བརླག་རིང་ལུགས་ལྟ་བུ་རེད། གནས་སྟངས་དེ་འདྲ་ཡིན་ན། དེ་ནི་འགྲིག་གི་རེད། ཕལ་ཆེར་ང་ཚོས་ཧུར་པོ་དང་གྲུང་པོའི་སྒོ་ནས་མི་དགེ་བའི་རྗེས་འབྲས་ཀྱི་སྐོར་ལ་བསམ་བློ་བཏང་མེད་སྲིད། ཡིན་ནའང་ང་ཚོས་ད་དུང་སྤྱོད་ལམ་དེ་དག་ལ་འཇུག་གི་མེད།

འོན་ན་དུག་སྦྲང་གསོད་རྒྱུ་དེ་གང་འདྲ་རེད་དམ། ངས་ཁྱེད་ཀྱི་སྐོར་ཤེས་ཀྱི་མེད། འོན་ཀྱང་ངས་དུག་སྦྲང་ལ་ཐལ་ལྕག་གཞུ་བ་དེ་འགྲིག་གི་ཡོད་པ་དངོས་གནས་ཉམས་མྱོང་བྱུང་། ཡང་ན་ང་ཨ་ཧྥི་རི་ཀའི་ཁྱི་ར་ཡུལ་སྐོར་ནང་བཞིན་ཉེ་འཁོར་དུ་འགྲོ་བ་དང་། རྔོན་པ་རྒྱག་པ་དང་མཐར་སོ་སོའི་ཉལ་ཁང་དུ་མཚན་མོ་གཉིད་ཡང་ཡང་དཀྲོག་མཁན་གྱི་དུག་སྦྲང་བསད་ན་འགྲིག་པ་ཚོར། གལ་ཏེ་ང་ཚོས་དུག་སྦྲང་གི་ཁ་གཏད་དུ་ཁྱི་ར་རྒྱག་དགོས་པ་དེ་ག་འདྲའི་ཆོ་མེད་ཅིག་ཡིན་པ་རྟོགས་ནའང་། ད་དུང་ང་ཚོས་ཁྱི་ར་ཡུལ་སྐོར་དུ་འགྲོ་གི་ཡོད། རེད་དམ་མ་རེད། གནས་སྟངས་འདིའི་ནང་ཁུངས་མེད་ཀྱི་དཔེ་མཚོན་དེ་འདྲ་བསམ་བློ་གཏོང་རྒྱུ་དེ་དངོས་གནས་གང་འཚམ་གྱི་ཕན་ཐོགས་ཅན་ཞིག་ཡིན།

འདི་ལྟ་བུའི་མི་དགེ་བའི་སྤྱོད་ལམ་ལ་དུག་སྦྲང་གསོད་པ་དང་བཟོད་སྒོམ་མི་ཐུབ་པ་ལས་བྱུང་བའི་གྱོང་གུན་ཐད་དངོས་གནས་བསམ་བློ་གཏོང་དགོས་གལ་ཞིག་ཡིན། ཡང་ང་ཚོས་དུག་སྦྲང་ལ་ཁྲག་སྦྱིན་དགོས་ངེས་ཡིན་པའི་དོན་མིན། འོན་ཀྱང་དེ་ནི་དུག་སྦྲང་ལ་ཞི་བདེའི་ངང་ནས་གདོང་ལེན་བྱེད་ཐབས་ཤིག་ཡིན། ང་ཚོས་དུག་སྦྲང་རྩིག་ངོས་སུ་འབབ་དུས་དེ་ལ་ཤེལ་གྱི་བུམ་པ་ཞིག་གིས་འགེབས་པ་དང་། བུམ་པ་དེའི་འོག་ཏུ་ཤོག་གུ་ཞིག་བླུགས་ནས་རང་གི་ཉལ་ཁང་ནས་ཕྱི་རུ་བཏོན་ན་ཆོག །དེ་ནི་ཁ་ཡོད་ལག་ཡོད་ཀྱི་ཐབས་ཤིག་རེད། ཡིན་ནའང་ད་དུང་ང་ཚོ་ཁྱི་ར་ཡུལ་སྐོར་དུ་མི་འགྲོ་བའི་ཐད་ཡིད་གཟབ་བྱེད་དགོས། བུམ་པ་དང་ཤོག་གུ་བེད་སྤྱོད་བྱེད་བཞིན་པའི་སྐབས། ང་ཚོའི་སེམས་ནང་ཁྱི་ར་ཡུལ་སྐོར་གྱི་བསམ་བློ་ཞིག་ད་དུང་ཡོད་ཆོག

དོན་ངོ་མར་གནས་སྟངས་འདི་ནི་བརྟག་དཔྱད་བྱེད་འོས་པ་ཞིག་རེད། ང་ཚོས་དུག་སྦྲང་གི་སོ་རྒྱག་པའི་ཟ་འཕྲུག་དེ་མྱོང་འདོད་མེད་པ་རྒྱུ་མཚན་ཙམ་དུ་བྱས་ཏེ་དུག་སྦྲང་རང་གི་ཉལ་ཁང་ནས་ཕྱི་འབུད་གཏོང་གི་ཡོད་པའམ། ཡང་ན་ང་ཚོས་དུག་སྦྲང་ལ་གཞིགས་ནས་བསམ་བློ་གཏོང་གིན་ཡོད་དམ། ང་ཚོས་དུག་སྦྲང་དེ་ཟས་དང་འབྲལ་བར་བྱེད་པའམ་ཟས་འཕྲོག་གི་ཡོད་པ་གསལ་པོ་རེད། གལ་ཏེ་ང་ཚོས་མུ་མཐུད་དེ་དུག་སྦྲང་དང་སྦྲང་བུའི་རིགས་བསད་ན། ང་ཚོས་གོམས་གཤིས་ག་འདྲ་ཞིག་རྒྱུད་ལ་གསོག་གི་ཡོད་དམ་ཞེས་བསམ་ཞིབ་བྱེད་དགོས། ང་ཚོས་གསོག་བཞིན་པའི་གོམས་གཤིས་ནི། གནད་དོན་ག་འདྲ་ཞིག་གིས་ང་ཚོར་བསུན་པོ་བཟོས་ན། ང་ཚོའི་ཡ་ལན་དང་པོ་དེ་ནི་གསོད་རྒྱུ་དེ་རེད། གོམས་གཤིས་དེ་འདྲ་ཞིག་ཡོད། ང་ཚོའི་རང་གཤིས་དེ་ནི་བསུན་གཙེར་མེད་པ་བཟོ་བར་འཚེ་བའི་ཐབས་ལམ་ཞིག་བེད་སྤྱོད་བྱ་རྒྱུ་དེ་ཡིན་པ་ལས། བདེ་བའི་ཐབས་ལམ་ཞིག་བེད་སྤྱོད་བྱེད་ཐབས་མི་བྱེད་པ་ཡིན། བྱས་ཙང་། ང་ཚོས་དུག་སྦྲང་དེ་བུམ་པ་དང་ཤོག་གུས་བརྔོན་པའི་སྐབས། མ་མཐར་ཡང་ང་ཚོས་དུག་སྦྲང་ལ་ཞེ་སྡང་གི་སྒོ་ནས་བྱ་རྒྱུ་མེད། ང་ཚོས་དུག་སྦྲང་གི་སྐྱེ་གནས་དེ་ངོས་ལེན་བྱེད་མི་ཐུབ་པ་ཞིག་དང་། དེས་ང་ཚོའི་ས་ཆ་བཙན་བཟུང་བྱས་པ་སོང་ཙང་། ང་ཚོས་དེ་མེད་པ་བཟོ་དགོས་ཞེས་བསམ་བློ་དེ་འདྲ་གཏོང་མི་ཉན།

དེ་ནས་ཨ་ཅང་ཅང་། ད་དུང་དེ་ལས་ཚད་མཐོ་བའི་ཉམས་ལེན་དེ་འདྲར་ང་ཚོས་འཇུག་ཆོག །དཔེར་ན། དུག་སྦྲང་དེ་སྐྱེ་བ་སྔོན་མར་ངའི་ཨ་མ་བྱས་མྱོང་ཡོད་པར་བལྟ་བ་ལ་སོགས་པའོ། །ཡིན་ནའང་ང་ཚོ་མང་ཆེ་བ་ལ་དེ་སེམས་པ་རྣམ་དག་ཐོག་ཉམས་ལེན་བྱ་རྒྱུ་གང་ཙམ་གྱི་དཀའ་ལས་ཁག་པོ་ཡོད། དོན་དག་གཙོ་བོ་ནི། གནད་དོན་བྱེ་བྲག་འགའ་ཞིག་ལ་མི་དགེ་བའི་བྱ་སྤྱོད་མི་སྤེལ་རྒྱུ་དེ་འགྲིག་པ་ཚོར་གྱི་ཡོད། འོན་ཀྱང་གནད་དོན་གཞན་དག་གི་ཐོག་ལ་ང་ཚོས་དངོས་གནས་དྲང་གནས་དྲན་ཤེས་ལྡན་པའི་སྒོ་ནས་རང་གི་ཀུན་སློང་བཅོས་པའམ་སླར་ཡང་ངེས་བརྟན་བཟོ་དགོས། 

ལས་ཀྱི་བག་ཆགས་དང་ནུས་པ་རྣམས་ནུས་ལྡན་དུ་བཟོ་མཁན་གྱི་རྐྱེན།

ངས་ཞུ་བར་འདོད་པའི་གནད་དོན་གཞན་ཞིག་ནི། ལས་ཀྱི་བག་ཆགས་དང་ནུས་པ་རྣམས་ནུས་ལྡན་དུ་བཟོ་མཁན་གྱི་རྐྱེན་ངེས་ཅན་དང་། དེ་དག་གིས་འབྲས་བུ་སྨིན་པར་བྱེད་པ་དང་འབྲེལ་བ་ཞིག་ཡིན། དེ་དག་འཆི་བའི་སྐབས་སུ་ལས་ཀྱི་ནུས་པ་མཐུ་ལྡན་དུ་བཟོ་མཁན་གྱི་རྐྱེན་རྣམས་དང་འབྲེལ་བའི་སྒོ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་གསུངས་ཡོད། རྐྱེན་དེ་དག་གིས་ང་ཚོའི་སེམས་ཀྱི་རྒྱུན་དེ་སྐྱེ་བ་ཕྱིར་མར་འཕེན་གྱི་ཡོད།

རྐྱེན་དེ་དག་གི་དང་པོ་ནི་སྲེད་པའི་ཡན་ལག་དེ་རེད། ཨིན་སྐད་ནང་གི་ craving ཟེར་བ་དེ་ཡན་ལག་འདིའི་ཆེད་དུ་སྤྱོད་པའི་བོད་སྐད་ཀྱི་ཐ་སྙད་ཅིག་ཡིན་པ་དང་། འོན་ཀྱང་ལེགས་སྦྱར་གྱི་སྐད་ངོ་མའི་ནང་། དེའི་དོན་ནི་སྐོམ་པའམ་ཏྲིཥྞཱ་སྟེ། thirsting རེད། རྐྱེན་གཞན་དེ་ནམ་རྒྱུན་ལེན་པ་ཞེས་བསྒྱུར་ཡོད། འདི་ནི་བསྒྱུར་གསལ་ཁ་དོད་ཤོས་དེ་མིན། གང་ཡིན་ཞེ་ན། ཡོངས་གྲགས་སུ་བསྒྱུར་བའི་ཐ་སྙད་གཞན་འཛིན་པ་སྟེ། བདེན་པར་འཛིན་པ་ལྟ་བུ་རེད། དེ་ནི་ཐ་སྙད་གཞན་དེ་དག་དང་གཅིག་མིན། སྐབས་འདིར་ཚིག་གི་ཐད་ཀའི་གོ་དོན་ནི་གང་ཞིག་ཐོབ་པའམ་རག་པ་ལ་གོ་བ་ཡིན། ང་རང་གི་གདམ་ཀ་ནི་ཨིན་སྐད་ནང་འཐོབ་མཁན་ནམ་ obtainer ཞེས་པ་འདི་བེད་སྤྱོད་གཏོང་གི་ཡོད། དེ་ནི་འཐོབ་མཁན་གྱི་སེམས་ཚོར་དང་བསམ་ཕྱོགས་ཤིག་ཡིན་པ་དང་། གལ་ཏེ་ང་ཚོས་དེ་གོང་འཕེལ་བཏང་ན། ང་ཚོར་འཐོབ་ཀྱི་རེད། གང་འཐོབ་ཀྱི་རེད་ཅེ་ན། སྐྱེ་བ་ཕྱི་མའི་ལུས་རྟེན་ཞིག་འཐོབ་ཀྱི་རེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐབས་དོན་ནང་། དེ་དག་ནི་སྐྱེ་བ་ཕྱི་མ་འཕེན་བྱེད་ཀྱི་ལས་དེ་གང་གིས་ནུས་ལྡན་དུ་བཟོ་གི་ཡོད་པ་ལྟ་བུར་འགྲེལ་བརྗོད་བྱས་ཡོད། དེ་ལ་གདམ་ཀའི་ཚུལ་དུ་འགྲེལ་བརྗོད་ཡོད་པ་ནི། དེ་དག་གིས་སྐད་ཅིག་རེ་རེའི་ནང་ང་ཚོའི་ལས་ཀྱི་ནུས་པ་དང་བག་ཆགས་ལའང་མཐུ་ལྡན་དུ་བཟོ་གི་ཡོད།

འདི་ནི་ལས་ཀྱི་རྣམ་གཞག་དེ་ང་ཚོའི་ཉིན་རེའི་མི་ཚེའི་ནང་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་པའི་བརྗོད་གཞི་དང་གང་འཚམ་གྱི་འབྲེལ་བ་ཡོད། ཐོག་མར་ཤེས་དགོས་པ་ནི། སྲེད་པ་ཞེས་པ་དེ་གང་རེད་དམ། སྐོམ་པ་དེ་གང་རེད་དམ། འདི་ནི་ང་ཚོས་ཚོར་བཞིན་པའི་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ཞིག་ལ་དམིགས་པའི་སེམས་བྱུང་ཞིག་རེད། དེས་གནས་སྟངས་ཆེན་པོ་བཟོ་བ་དང་སྒྲོ་འདོགས་བྱེད་ཀྱི་ཡོད། བདེ་བ་ལ་དམིགས་པའི་སྐབས། ང་ཚོས་བདེ་བ་དེ་འཛད་མ་འགྲོ་ན་སྙམ་པའི་འདུན་པ་ཤུགས་དྲག་པོ་ཞིག་ཡོད། ཡང་མི་སྐྱིད་པ་དང་སྡུག་བསྔལ་ལ་མཚོན་ན། ང་ཚོས་དེ་དང་འབྲལ་བའམ་འཛད་འགྲོ་ན་སྙམ་པའི་འདུན་པ་ཤུགས་དྲག་ཅིག་བྱེད་ཀྱི་ཡོད། དེ་གཉིས་གང་ཡང་མིན་པའི་ཚོར་བ་བར་མའམ་བཏང་སྙོམས་ཀྱི་ཚོར་བ་ནི། ང་ཚོ་ས་གོང་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའམ། བསམ་གཏན་ཞེས་བྱ་བ་དེ་ཐོབ་པའི་སྐབས་སུ་གང་ཉམས་སུ་མྱོང་བ་དེ་ལ་གོ་བ་ཡིན། དེའི་སྐབས་སུ་ང་ཚོས་བཏང་སྙོམས་ཀྱི་ཚོར་བར་འདུན་ཤུགས་དྲག་པོ་སྐྱེས་ཏེ། དེ་ནས་མི་ཉམས་པར་འདོད་ཀྱི་ཡོད། ང་ཚོར་ཡོད་པའི་སྲེད་པ་དང་ལེན་པའི་རིམ་པ་མི་འདྲ་བ་ཡོད་ཆོག་པ་ནི་གསལ་པོ་རེད། 

ལེན་པ་ནི་ཉོན་མོངས་ཀྱི་རིགས་མང་པོ་ཞིག་ལ་གོ་བ་ཡིན། དེ་དག་ལས་གཅིག་གམ་དེ་ལས་མང་བ་སྲེད་པ་དང་ཟུང་འབྲེལ་གྱིས་ལས་ཀྱི་ནུས་པ་དང་བག་ཆགས་ནུས་ལྡན་དུ་བཟོ་བའི་རྒྱུ་བྱེད་ཀྱི་ཡོད། དེ་དག་ལས་གནད་འགག་ཆེ་ཤོས་ནི། བདེན་པར་གྲུབ་པའི་བདག་ལྟ་བུ་དེ་ཕུང་པོ་སྟེ། ང་ཚོའི་ལུས་པོ་དང་། སེམས། སེམས་ཚོར་ལ་སོགས་པའི་ནང་ཉམས་སུ་མྱོང་བ་ཞིག་དང་གཅིག་མཚུངས་ཡིན་པར་འཛིན་པའམ། ཡང་ན་དེའི་བདེན་གྲུབ་ཀྱི་དབང་སྒྱུར་བྱེད་པོ་དེ་བདག་ཡིན་པར་འཛིན་པ་ལྟ་བུ་རེད། 

མདོར་བསྡུས་ན། སྐོམ་པའམ་སྲེད་པ་དེས་བདེ་བ་དང་སྡུག་བསྔལ་གྱི་རིམ་པའི་ཚོར་བ་འགའ་ཞིག་ལ་དམིགས་ཀྱི་ཡོད་པ་དང་། ལེན་པ་དེས་བདག་ཅེས་བྱ་བ་དེ་ཉམས་སུ་མྱོང་མཁན་དེ་ལ་དམིགས་ཀྱི་ཡོད། ཐ་ན་ང་ཚོར་ཚོར་བའི་སྟོང་པ་དང་བདག་གིས་སྟོང་པའི་གོ་རྟོགས་ཤིག་མེད་ནའང་། ང་ཚོའི་ལས་ཀྱི་ནུས་པ་རྣམས་གང་གིས་ནུས་ལྡན་དུ་བཟོ་གི་ཡོད་པའི་སྐོར་བརྟག་དཔྱད་འདི་ང་ཚོའི་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་ཆོག །སྐད་ཅིག་རེ་རེ་བཞིན་ང་ཚོས་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ཞིག་ཉམས་སུ་མྱོང་གི་ཡོད། དཔེར་ན། ང་ཚོས་ད་དུང་འཇིག་རྟེན་ཆོས་བརྒྱད་ཀྱི་ཆོས་ཚུལ་རྣམས་དེ་དག་ལ་ལག་བསྟར་བྱེད་ཆོག

ཨིན་སྐད་ནང་བསྒྱུར་བའི་ཚིག་ world འདི་བོད་སྐད་ནང་འཇིག་རྟེན་ཟེར་བ་དེ་རེད། ཐ་སྙད་འདི་ལ་བལྟས་ན། འཇིག་རྟེན་ཟེར་བ་དེ་ལ་ཚིག་འབྲུ་གཉིས་ཡོད། དང་པོ་རྟེན་ཞེས་པ་ནི་གཞི་ལྟ་བུ་དེ་རེད། འཇིག་ཅེས་པ་ནི་ཞིག་པའམ་མེད་པ་ཆགས་པའི་དོན་ཡིན། འཇིག་རྟེན་ཆོས་བརྒྱད་ནི། ང་ཚོའི་མི་ཚེའི་ནང་འབྱུང་བའི་འཇིག་པའི་ཆོས་ཅན་གྱི་ཆོས་རྣམས་ཀྱི་ཕྱོགས་སུ་ཡོད་པའི་བསམ་བློའི་ཁྱེར་སོ་ལ་གོ་གི་ཡོད། ང་ཚོའི་མི་ཚེའི་ནང་གཞི་རྩ་བརྟན་པོ་མེད་པའི་གནད་དོན་གང་འབྱུང་བ་ལ་ང་ཚོ་ཚད་བརྒལ་གྱི་དགའ་བ་སྐྱེ་བའམ་ཡང་ན་མཐའ་གཅིག་ཏུ་སེམས་ཞུམ་འགྲོ་གི་ཡོད། དེ་དག་ནི་རྟག་བརྟན་མེད་པ་རེད། 

ལས་ཀྱི་ནུས་པ་མཐུ་ལྡན་དུ་བཟོ་མཁན་ལ་མཚོན་ན། དེ་དང་འབྲེལ་བའི་འཇིག་རྟེན་གྱི་ཆོས་ནི། བདེ་བ་ཚོར་དུས་ཚད་བརྒལ་གྱི་སྐྱིད་པོ་དང་སྡུག་བསྔལ་མྱོང་དུས་ཧ་ཅང་སེམས་ངལ་ཆགས་པ་དེ་རེད། གནས་སྟངས་དེ་དག་གི་ནང་། གཞི་རྩ་བརྟན་པོ་མེད་པ་དེ་གང་རེད་དམ། དེ་ནི་ང་ཚོས་མྱོང་བཞིན་པའི་བདེ་བའམ་སྡུག་བསྔལ་དེ་རེད། གཞི་རྩ་བརྟན་པོ་ཞིག་མེད་ན། དེ་དག་རྟག་བརྟན་མེད་པ་རེད། འོན་ཀྱང་ང་ཚོས་དེ་དག་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་ཡོད་པ་ནང་བཞིན་གནས་ཚུལ་ཆེན་པོ་བཟོ་གི་ཡོད་པ་དང་། དེ་དག་ཡུན་དུ་གནས་ཀྱི་རེད་བསམ་གྱི་ཡོད། གནས་སྟངས་དེ་དག་འབྱུང་དུས་ང་ཚོ་དགའ་སྤྲོ་ཚད་མེད་སྐྱེས་ནས་རྣམ་འགྱུར་སྟོན་དྲགས་པའམ། ཡང་ན་མཐའ་གཅིག་ཏུ་སེམས་ཞུམ་འགྲོ་གི་ཡོད། དཔེར་ན། མི་ཁ་སྐོམ་མཁན་ཞིག་ཆུ་ཧུབ་གང་རག་ཐབས་བྱེད་པ་ནང་བཞིན་ང་ཚོ་བདེ་སྐྱིད་ཀྱི་བྲོ་བ་མྱོང་བ་དེ་ལ་དགའ་སྤྲོ་ཚད་མེད་སྐྱེས་ནས་ནམ་ཡང་ཤོར་འདོད་མེད་པའམ་དེ་དང་ནམ་ཡང་འབྲལ་འདོད་མེད། ཡང་ཁ་སྐོམ་མཁན་གྱི་མི་དེ་ཆུ་རྩ་ནས་མ་རག་པའི་སྡུག་བསྔལ་མྱོང་བ་ནང་བཞིན་ང་ཚོས་སྡུག་བསྔལ་མྱོང་སྐབས། ང་ཚོ་ཧ་ཅང་ཡིད་ཞུམ་པ་དང་སྡུག་བསྔལ་དེ་མེད་པ་ཆགས་ན་བསམ་པའི་ཞེན་པ་སྐྱེ་གི་ཡོད། 

བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་བཏང་སྙོམས་བསྟེན་པ།

རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་བསམ་ཕྱོགས་འདི་དག་ནི་བྱིས་པའི་ངང་ཚུལ་ཡིན་པར་གསུངས། ང་ཚོས་མྱོང་བའི་བདེ་བ་དང་སྡུག་བསྔལ་ལ་བྱིས་པའི་ངང་ཚུལ་གྱི་རྣམ་འགྱུར་སྟོན་དྲགས་པ་དེ་ལས་ཐར་དགོས། དེ་ལྟར་བྱེད་པར། ང་ཚོས་བཏང་སྙོམས་སྐྱེད་དགོས། བཏང་སྙོམས་ཟེར་བ་ནི། ང་ཚོས་མྱོང་བའི་ཚོར་བ་བདེ་བ་ལ་སོགས་པ་ག་འདྲ་ཞིག་ཡིན་རུང་དེ་ལ་རྣམ་འགྱུར་སྟོན་ཆེ་མ་དྲགས་པ་དེ་ཡིན། གང་ཡིན་ཟེར་ན། ལས་སླ་པོའི་སྒོ་ནས་བརྗོད་ན། འཁོར་བའི་རང་བཞིན་ནི་བདེ་སྡུག་དང་དགའ་སྐྱོ་འཕེལ་འགྲིབ་འགྲོ་བའི་ཆོས་ཉིད་རེད། སྐབས་རེར་ང་ཚོ་སྐྱིད་པོ་དང་སྐབས་རེར་སྐྱིད་པོ་མེད་པ་ཚོར་གྱི་རེད། དེ་ནི་འཁོར་བའི་ཆོས་ཉིད་རེད། ང་ཚོ་ག་དུས་སྐྱིད་པོ་དང་སྡུག་པོ་ཚོར་རྒྱུ་ཡིན་མིན་སྔོན་དཔོག་བྱེད་ཐབས་མེད། རྒྱུ་མཚན་མངོན་གསལ་གང་ཡང་མེད་པའི་ཐོག་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་འགྱུར་བ་འགྲོ་སྲིད། ང་ཚོས་མྱོང་བའི་བདེ་སྡུག་གི་རིམ་པ་ལ་འཁྲོབ་སྟོན་ཆེན་པོ་ཞིག་གམ་གནས་ཚུལ་ཆེན་པོ་ཞིག་བཟོ་དགོས་དོན་མེད། དེ་ནི་ཧ་ཅང་དམའ་བའམ་གལ་གནད་ཆུང་བའི་རིམ་པ་ཞིག་གི་སྟེང་དུ་ཡོད་ཆོག །སྐབས་འདིར་དོན་དག་གཙོ་བོ་ཁག་ནི། ང་ཚོས་ག་འདྲ་ཚོར་ནའང་། དེ་ནི་དམིགས་བསལ་གང་མེད་པར་བསམ་རྒྱུ་དེ་རེད།

དེ་ནི་དངོས་གནས་དོན་ཟབ་མོ་ཞིག་རེད། དམིགས་བསལ་གང་ཡང་མེད་ཅེས་པའི་དོན་ནི། ཧང་སངས་དགོས་པ་དང་གཞན་དང་མི་འདྲ་བ་གང་ཡང་མེད་པའི་དོན་ཡིན། ང་ཚོས་ག་རེ་རེ་བ་བྱེད་ཀྱི་ཡོད་དམ། གནས་སྟངས་འགྱུར་བ་འགྲོ་བ་དང་འཕེལ་འགྲིབ་འགྲོ་ངེས་ཡིན་པས། དེ་ལ་ང་ཚོས་གནས་ཚུལ་ཆེན་པོ་བཟོ་དགོས་དོན་མེད། མི་ཚེའི་ནང་ང་ཚོས་ག་རེ་མྱོང་ནའང་། སྐབས་རེར་ང་ཚོ་སྐྱིད་པོ་དང་སྐབས་རེར་སྐྱིད་པོ་མེད་པ་ཡོང་གི་ཡོད། མི་སྐྱིད་པའམ་སྡུག་བསྔལ་དེ་མི་དགེ་བའི་ལས་བརྩམས་པ་ལས་བྱུང་བ་དང་བདེ་སྐྱིད་དེ་དགེ་བའི་ལས་ལ་བརྟེན་ནས་བྱུང་བ་སོགས་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོས་གང་ཚོར་བ་དེ་ཧ་ཅང་ཡག་པོ་ཞིག་གམ་ཡང་ན་ཧ་ཅང་ཞེད་སྣང་ཚ་པོ་ཡོད་པ་ལ་ཞེན་འཛིན་སྐྱེ་མི་དགོས། “ང་རང་ཧ་ཅང་སྐྱིད་པོ་འདུག་” ཅེས་དང་། ཡང་ “ང་རང་ཐབས་སྐྱོ་བ་ལ། ང་རང་ཡ་ང་བ་ལ་” ཞེས་པ་ལྟར། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞེས་བྱ་བ་ཆེན་པོ་ཞིག་ལ་ཞེན་འཛིན་སྐྱེ་དགོས་དོན་མེད། ཀུན་རྫོབ་ཀྱི་སྒོ་ནས་ང་ཚོར་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གསལ་པོ་རེད། དེའི་སྒང་ལ་ཀུན་རྫོབ་དབང་དུ་ནང་ཆོས་ཉམས་ལེན་ལ་བརྟེན་ནས་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་ཀྱི་ཡོད། དེ་ཐོབ་ན་ང་ཚོ་མི་སྐྱིད་པ་དང་སྡུག་བསྔལ་ནས་ཐར་གྱི་རེད། ཡིན་ནའང་ང་ཚོས་དེ་ལ་གནས་དོན་ཆེན་པོ་བཟོ་མི་ཉན། དེ་ནི་དོན་དག་དེ་རེད། འདིས་ལས་ཀྱི་སྐོར་དེ་ང་ཚོའི་ཉིན་རེའི་མི་ཚེའི་ནང་འབྲེལ་བ་ཡོད་པ་དང་སེམས་ཀྱི་ཞི་བདེ་གང་ནས་འབྱུང་གི་ཡོད་པ་སྟོན་གྱི་ཡོད། སེམས་ཀྱི་ཞི་བདེ་ནི་ཉིན་རེ་མི་ཚེ་བསྐྱལ་བའི་རྒྱུད་རིམ་ནང་སེམས་ཁམས་ཀྱི་ཉམས་འགྱུར་ལ་འགྱུར་བ་འགྲོ་བ་དང་བསྟུན་བཏང་སྙོམས་ཀྱི་བསམ་བློ་ཡོད་པ་ལས་འབྱུང་གི་ཡོད། གང་ཡིན་ཞེ་ན། མཚམས་མཚམས་ང་ཚོ་སྐྱིད་པོ་དང་ཡང་སྐབས་འགར་སྡུག་པོ་མྱོང་རྒྱུ་ཡིན་པ་ནི་རང་བཞིན་རེད། དེ་ནི་འཁོར་བའི་ཆ་ཤས་ཡིན་པ་དང་ང་ཚོས་གང་རེ་བ་བྱེད་པ་དེ་རེད། ང་ཚོས་ཆོས་ཉམས་ལེན་གྱི་རིགས་ག་འདྲ་ཞིག་བྱེད་བཞིན་ཡོད་པ་དེ་མུ་མཐུད་ནས་འབད་བརྩོན་བྱེད་དགོས། དུས་ཚོད་བྱེ་བྲག་ཞིག་གི་ནང་། ང་ཚོས་ཧ་ཅང་བདེ་སྐྱིད་མི་ཚོར་བའི་སྐབས། གང་ཡང་མེད། དེ་ཆོས་ཉིད་རེད། མ་རེད་དམ།

མི་ཚེའི་གནས་སྟངས་འཕེལ་འགྲིབ།

མི་ཚེའི་ནང་གནས་སྟངས་ལ་འཕེལ་འགྲིབ་འགྲོ་གི་ཡོད་པ་འདི་ང་ཚོས་ཚོར་བ་གང་ཞིག་མྱོང་རྒྱུ་མཚམས་འཇོག་བྱེད་དགོས་པ་སྟེ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་བཀག་ནས་ཚོར་བ་རྩ་ནས་མེད་མཁན་ཞིག་ཏུ་འགྱུར་དགོས་ཞེས་པའི་དོན་མིན། དེ་འདྲ་ཞིག་རྩ་ནས་མིན། བདེ་བའམ་སྡུག་བསྔལ་མྱོང་བ་དེ་འགྲིག་གི་ཡོད། གནས་སྟངས་ཡག་པོ་འབྱུང་བ་ལ་བརྟེན་ནས་ང་ཚོས་བདེ་སྐྱིད་ཚོར་གྱི་ཡོད། གནས་སྟངས་དེ་ཙམ་ཡག་པོ་མེད་པའི་སྐབས་ང་ཚོས་སྐྱིད་པོ་དེ་ཙམ་ཚོར་གྱི་མེད། དཔེར་ན། ང་ཚོ་ཟ་ཁང་ཞིག་ལ་ཕྱིན་ནས་རང་གི་ཁ་ལག་དགའ་ཤོས་དེ་མངགས་འདོད་ཡོད། འོན་ཀྱང་ཁོང་ཚོར་ཁ་ལག་རྫོགས་ཚར་བ་ཡིན་ན། ང་ཚོ་དེ་ཙམ་སྐྱིད་པོ་མི་ཡོང་། དེ་ནི་སེམས་སྐྱོ་པོ་རེད། ཡིན་ནའང་ང་ཚོས་དེ་ལས་གནས་ཚུལ་ཆེན་པོ་ཞིག་བཟོ་རྒྱུ་མེད། སྐྱིད་པོ་མེད་པ་ཚོར་ན་འགྲིག་གི་རེད། འོན་ཀྱང་དེ་ལ་འཛིན་པ་སྐྱེས་ནས་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ཅིག་གི་ནང་འཁར་ནས་སྡོད་མི་རུང་། 

དེ་ནི་གླེན་རྟགས་ཀྱི་དཔེ་མཚོན་ཞིག་ཡིན་སྲིད། དེ་ལས་འབྲེལ་བ་ཆེ་བའི་དཔེ་མཚོན་ཞིག་ནི། རང་གི་དགའ་ས་དང་བརྩེ་བ་ཡོད་ས་ཞིག་ཤི་བའི་སྐབས། ང་ཚོ་སྐྱིད་པོ་མེད་པ་དང་སེམས་སྡུག་མྱོང་བ་ནི་ཆོས་ཉིད་རེད། དེ་ལ་ནོར་འཁྲུལ་གང་ཡང་མེད། དོན་ངོ་མར་མྱ་ངན་མི་བྱེད་པ་ནི་ཡག་པོ་ཞིག་རྩ་ནས་མིན། འོན་ཀྱང་དེ་ལ་ཞེན་པ་སྐྱེ་མི་རུང་ཞིང་། སེམས་སྡུག་དེ་རྡོག་པོ་ཚུགས་ཐུབ་ཏུ་བདེན་པའི་ངོ་བོར་གྲུབ་པའི་ང་ཆེན་པོ་སྡུག་གིས་མནར་བ་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུ་མེད། ཡང་ལྟ་ཚུལ་གཞན་ཞིག་གི་ཐོག་ནས་ང་ཚོ་མི་ཞིག་དང་མཉམ་དུ་ཡོད་པ་དང་། མི་དེས་རྒྱུན་ཆད་མེད་པར་ “ང་རང་ཧ་ཅང་སྐྱིད་པོ་འདུག །ང་ཚོར་ལ་དུས་ཚོད་ཧ་ཅང་སྐྱིད་པོ་ཞིག་ཡོད་པ་མིན་ནམ།” ཞེས་བརྗོད་བཞིན་ཡོད་ན། འདིས་སེམས་ཁམས་ཀྱི་ཉམས་འགྱུར་ཆ་ཚང་གཏོར་སྐྱོན་གཏོང་གི་ཡོད། མ་རེད་དམ། མི་ཚེའི་འཕེལ་འགྲིབ་ཀྱི་གནས་སྟངས་ཉམས་སུ་མྱོང་དགོས་པ་ཙམ་རེད། ང་ཚོ་སྐྱིད་པོ་ཡོད་དང་སྡུག་པོ་ཡོད་དེ་ནི་གནས་ཚུལ་ཆེན་པོ་གང་ཡང་མིན་ལ་དམིགས་བསལ་གང་ཡང་མེད།

ང་ཚོ་སྐྱིད་པོ་མེད་པ་དང་གནས་སྟངས་ཐབས་སྐྱོ་པོ་ཡོད་པའི་སྐབས། བཏང་སྙོམས་ཀྱི་བསམ་བློ་དང་མཉམ་དུ་བསམ་ཕྱོགས་དང་ལྟ་ཕྱོགས་གཞན་ཞིག་ང་ཚོས་སྐྱེད་ཐུབ་པ་ནི། དེའི་ལས་ཀྱི་རྒྱུ་གང་ཞིག་ཡིན་སྲིད་ཅེས་བལྟ་དགོས། ང་ཚོས་གོང་དུ་གྲོས་བསྡུར་བྱས་ཟིན་པ་ལྟར། ང་ཚོའི་འགྲོ་ལུགས་འགྲོ་སྟངས་ཀྱི་འགྲོས་ལ་བརྟག་དཔྱད་བྱས་ཏེ་ལྟ་ཐབས་བྱེད་ཆོག་པ་དང་། ང་ཚོས་འདྲ་མཚུངས་ཀྱི་ལས་ཀ་ཞིག་ཡང་ནས་ཡང་དུ་ཇི་ལྟར་བྱེད་ཀྱི་ཡོད་པ་དང་དེ་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་བལྟ་དགོས།

ལམ་རིམ་ནང་གི་ཀུན་སློང་གི་རིམ་པ་གསུམ།

ངས་ཞུ་བར་འདོད་པའི་གནད་དོན་གཞན་ཞིག་ནི། ལམ་རིམ་ནང་གསུངས་པའི་ཀུན་སློང་གི་རིམ་པ་གསུམ་གྱི་སྐོར་དེ་རེད། སྤྱིར་བཏང་ལས་ཀྱི་སྐོར་དེ་ཀུན་སློང་གི་རིམ་པ་དང་པོའམ་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་ཡོད། ང་ཚོས་མི་དགེ་བའི་ལས་སྤོང་བའི་རྒྱུ་མཚན་ནི། གལ་ཏེ་ང་ཚོས་མ་སྤངས་ན། དེའི་རྗེས་འབྲས་ཀྱི་སྡུག་བསྔལ་ང་ཚོས་མྱོང་རྒྱུ་ཡིན་པ་ལ་ཞེད་སྣང་སྐྱེ་གི་ཡོད། ང་ཚོའི་བྱ་སྤྱོད་ཀྱི་འབྲས་བུའི་ཚུལ་དུ་མི་གཞན་དག་གིས་གང་མྱོང་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་མེད། ང་ཚོས་ཁོང་ཚོས་འབྲས་བུ་གང་འདྲ་ཞིག་མྱོང་རྒྱུ་ཡིན་པར་ཁག་ཐེག་བྱེད་མི་ཐུབ། འོན་ཀྱང་ང་ཚོའི་ཕྱོགས་ནས་སོ་སོའི་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུའི་ཚུལ་དུ་སྡུག་བསྔལ་མྱོང་འདོད་མེད། ང་ཚོས་དེ་མྱོང་བར་ཞེད་སྣང་དང་དངངས་སྐྲག་སྐྱེ་གི་ཡོད། འོན་ཀྱང་ང་ཚོས་དེ་གནོད་མེད་ཀྱི་སྒོ་ནས་བྱེད་ཀྱི་ཡོད། ང་ཚོས་ཉེས་ཆད་འགེལ་བའི་ཞེད་སྣང་གི་སྐོར་ཤོད་ཀྱིན་མེད། ང་ཚོས་དངོས་གནས་སྡུག་བསྔལ་སྤོང་འདོད་ཙམ་དེ་རེད། བྱེ་བྲག་ཏུ་ང་ཚོས་སྐྱེ་བ་ཕྱི་མའི་ནང་སྡུག་བསྔལ་སྤོང་འདོད་ཡོད། འདི་ནི་ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་རེད། 

དེ་ནས་སྐྱེས་བུ་འབྲིང་གི་སྐབས་སུ་ང་ཚོས་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་རིགས་ཡོད་དོ་ཅོག་སྤོང་འདོད་ཡོད། གང་ཡིན་ཞེ་ན། ང་ཚོ་ཐར་པའི་གོ་འཕང་འཐོབ་འདོད་ཡོད། གལ་ཏེ་ང་ཚོས་ཐར་པ་ཐོབ་མ་ཐུབ་ན། འཁོར་བའི་བདེ་སྡུག་གི་འཕེལ་འགྲིབ་དེ་གཏན་དུ་མུ་མཐུད་གནས་ཀྱི་རེད། དེ་ནི་ཅི་འདྲའི་ཞེད་སྣང་ཅན་ཞིག་མིན་ནམ། 

ཚད་མཐོའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བརྟེན་ནས་ང་ཚོས་ངང་ངམ་ཤུགས་ཀྱི་ལས་ཀྱི་སྤྱོད་ལམ་གྱི་རིགས་ཡོངས་སུ་རྫོགས་པ་སྤོང་འདོད་ཡོད། གང་ཡིན་ཞེ་ན། དེ་དག་གིས་ང་ཚོས་གཞན་ལ་ཕན་འདོགས་པར་དངོས་གནས་བར་ཆད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་རྒྱུན་ཆད་མེད་པར་བདེ་སྡུག་གི་འཕེལ་འགྲིབ་བརྒྱུད་དེ་འགྲོ་དགོས་པ་དང་། དེ་ལས་ཀྱང་མི་སྡུག་པའི་གནས་སྟངས་མུ་མཐུད་འབྱུང་གི་ཡོད་ན། ང་ཚོས་གཞན་ལ་ཕན་ཇི་ལྟར་འདོགས་ཐུབ་བམ། ང་ཚོའི་བསམ་བློ་གཙོ་བོ་ནི། འདིས་གཞན་ལ་ཕན་འདོགས་ཐུབ་པའི་ནུས་པ་ལ་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་རེད། ང་ཚོས་གཞན་ལ་གནོད་འཚེ་བྱ་རྒྱུ་དེ་འགྲོ་བ་མིའི་བདེ་རྩའི་ལམ་ནས་བསམ་བློ་གཏོང་གི་མེད། ང་ཚོས་གཞན་ལ་ཕན་འདོགས་ཐུབ་པའི་ནུས་པར་གེགས་དང་བར་ཆད་བྱེད་པ་རྣམས་ལ་མང་བ་བསམ་བློ་གཏོང་གི་ཡོད། 

བཟང་སྤྱོད་ཀྱི་ཐོག་ལ་ནང་པའི་བསམ་བློ་གཏོང་ཕྱོགས་དང་ “ངས་གང་བྱེད་པ་དེ་ཇི་སྲིད་གཞན་ལ་གནོད་མི་བྱེད་པ་དེ་སྲིད་དུ་འགྲིག་པ་ཡིན་” ཞེས་པའི་ནུབ་ཕྱོགས་པའི་འགྲོ་བ་མིའི་བདེ་རྩའི་ལངས་ཕྱོགས་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཞིག་ཡོད། གཞན་གྱི་སྟེང་ལ་ང་ཚོའི་སྤྱོད་ལམ་གྱི་འབྲས་བུ་གང་མྱོང་བར་ཁག་ཐེག་བྱེད་མི་ཐུབ་པ་མ་གཏོགས། གཞན་ལངས་ཕྱོགས་དེ་ལ་ནོར་འཁྲུལ་གང་ཡང་མེད། དཔེ་ཆ་བཞག་ན། ང་ཚོས་མི་ཞིག་ལས་དངོས་པོ་ཞིག་མ་བྱིན་པར་ལེན་ཆོག་པ་དང་། ཁོང་ཚོ་ཧ་ཅང་སྐྱིད་པོ་ཡོད། གང་ཡིན་ཞེ་ན། དངོས་པོ་དེ་ཧ་ཅང་གནས་སྟངས་སྡུག་ཅག་ཅིག་གི་ནང་ཡོད་པ་དང་ཁོང་ཚོས་དེ་ལ་འགྲོ་གྲོན་ཁ་གསབ་ཀྱི་འགན་བཅོལ་བསྡུ་ལེན་བྱས་ཏེ་ཁེ་བཟང་ལེན་ཆོག །ཕྱོགས་གཞན་ཞིག་ནས་ང་ཚོས་མི་ཞིག་ལ་དངུལ་འབོར་ཆེན་པོ་ཞིག་བྱིན་པ་བཏང་ཡོད་ཀྱང་། དངུལ་ཆ་ཚང་རྐུ་འཕྲོག་བྱས་ཤིང་མི་དེའི་སྲོག་ཀྱང་ཤོར་ཡོད་སྲིད།

ནང་ཆོས་ནང་ང་ཚོས་བྱམས་པ་དང་སྙིང་རྗེ་སྐྱེད་ཀྱི་ཡོད་པ་ཤོད་མི་དགོས་ལ་ང་ཚོས་གཞན་ལ་གནོད་འཚེ་བྱེད་འདོད་མེད། ཡིན་ནའང་ཚད་མཐོའི་ཀུན་སློང་ངམ་སྐྱེས་བུ་ཆེན་པོའི་ཀུན་སློང་ལ་བརྟེན་ནས་ནན་བརྗོད་གཙོ་བོ་ནི། གཞན་ལ་ཕན་འདོགས་པའི་ནུས་པར་ཚད་བཀག་བཟོ་ངེས་པའི་རིགས་གང་ཡང་བྱེད་འདོད་མེད། དེ་ལྟའི་ཀུན་སློང་ནི་སངས་རྒྱས་ཀྱི་གོ་འཕང་ཆེད་འབད་བརྩོན་བྱེད་པའི་ནང་པའི་ཆོས་ཀྱི་ལམ་ཡོངས་སུ་རྫོགས་དང་ཧ་ཅང་རན་འཚམས་ཆགས་ཀྱི་ཡོད་པ་དང་། ང་ཚོས་ཀྱང་གཞན་དོན་གང་ཐུབ་ཅི་ཐུབ་ཀྱི་བསྒྲུབ་ཐབས་བྱེད་ཀྱི་ཡོད། འདི་ནི་ནང་ཆོས་ཀྱི་ནང་ལས་ཀྱི་སྐོར་ཤོད་པའི་སྐབས་ཀྱི་ནན་བརྗོད་གཙོ་བོ་དེ་ཡིན། 

ང་ཚོའི་ཉིན་རེའི་སྤྱོད་ལམ་ལ་མཚོན་ན། ཐེག་པ་ཆེན་པོའི་ཀུན་སློང་འདིའི་འབྲེལ་བ་ནི། འདིས་ང་ཚོའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་ཤུགས་སྣོན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་མི་དགེ་བའི་ལས་བྱས་ན། གཞན་དོན་ཇི་ལྟར་བསྒྲུབ་ཐུབ་བམ། དཔེར་ན། གལ་སྲིད་ང་ཚོས་རྟག་ཏུ་གཞན་ལ་མགོ་སྐོར་སླུ་བྲིད་དང་འུད་ཤོབ་བྱས་ན། སུས་ཀྱང་ང་ཚོར་ཡིད་ཆེས་བྱེད་ཀྱི་མ་རེད། འོ་ན་ང་ཚོས་གཞན་ལ་རོགས་ཇི་ལྟར་བྱེད་ཐུབ་བམ། ལྷག་པར་དུ་དགེ་རྒན་ཡིན་པའི་ཆ་ནས། གལ་ཏེ་ང་ཚོས་དགེ་ཕྲུག་ཚོས་གློ་བུར་དུ་རང་ཉིད་གཡུག་ནས་འགྲོ་བའི་རྣམ་པའི་ཐོག་ང་ཚོའི་ལས་ཀྱི་འབྲས་བུ་སྨིན་པ་ཡིན་ན། ང་ཚོའི་དཔེ་མཚོན་སྔོན་མ་རྣམས་བེད་སྤྱོད་བྱས་ནས། ཁོང་ཚོར་དངོས་གནས་རོགས་ཇི་ལྟར་བྱེད་ཐུབ་བམ། དགེ་ཕྲུག་རྣམས་ང་ཚོ་དང་མཉམ་དུ་ནམ་ཡང་སྡོད་ཀྱི་མ་རེད། ཁོང་ཚོ་རྟག་ཏུ་འགྲོ་གི་རེད། དེས་ང་ཚོས་གཞན་ལ་སྐྱོན་བརྗོད་སོགས་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་གཞན་གྱི་ཁྱད་ཆོས་བཟང་པོ་རྣམས་ཀྱི་སྐོར་ཤོད་དགོས་པའི་སྐུལ་མ་ཤུགས་ཆེན་བྱེད་ཀྱི་ཡོད་པ་གསལ་པོ་རེད།

དགེ་བའི་སྤྱོད་ལམ་དང་མཉམ་དུ་སེམས་བྱུང་གཉིས་ཡོད།

མཐའ་མའི་གནད་དོན་གཅིག་ཡོད་པ་ནི། ཆོས་མངོན་པ་མཛོད་ཀྱི་ནང་། རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས། དགེ་བའི་ལས་གང་འདྲ་ཞིག་ཡིན་རུང་དེའི་ནང་སེམས་བྱུང་གཉིས་རྟག་ཏུ་ཡོད་ཅེས་གསུངས། འཕགས་པ་ཐོགས་མེད་ཀྱིས་ཁོང་གི་བསྟན་བཅོས་ནང་། སེམས་བྱུང་དེ་གཉིས་འགྲེལ་བརྗོད་གཞན་ཞིག་གནང་ཡོད། ང་ཚོས་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་བརྗོད་དེའང་རྟོགས་དགོས་ཀྱི་ཡོད། སེམས་བྱུང་དེ་གཉིས་ལས་དང་པོ་ནི། ངོ་ཚ་སྟེ། ཁྱད་ཆོས་དང་ཡོན་ཏན་བཟང་པོ་རྣམས་དང་ཁྱད་ཆོས་དེ་དག་དང་ལྡན་པའི་གང་ཟག་དེ་ལ་གུས་ཞབས་བྱེད་དགོས་པ་དེ་རེད། གཉིས་པ་ནི་ཁྲེལ་ཡོད་པ་སྟེ། བག་མེད་ཀྱི་མི་དགེ་བའམ་གནོད་གཞི་ཅན་གྱི་ལས་སྤོང་རྒྱུ་དེ་རེད། བག་མེད་ཟེར་བ་ནི་ང་ཚོས་གལ་ཆེན་དུ་མི་འཛིན་པ་དང་ཁྱད་པར་མེད་པར་བསམ་པ་དེ་རེད། ང་ཚོས་རང་གིས་རང་ལ་ཚོད་འཛིན་བྱེད་རྩིས་མེད། ང་ཚོར་ཁྱད་པར་མེད་པ་སོང་ཙང་། མི་དགེ་བའི་ལས་རྩ་ནས་སྤོང་གི་མེད། ང་ཚོས་སོ་སོའི་འདོད་པ་ནང་བཞིན་བྱེད་ཀྱི་ཡོད། 

དགེ་བའི་སྤྱོད་ལམ་ལ་བརྟེན་ནས་ང་ཚོར་བསམ་བློ་ལྡོག་ཕྱོགས་ཡོང་གི་ཡོད། དེ་ཡང་ང་ཚོས་ཁྱད་ཆོས་བཟང་པོ་རྣམས་དང་ཁྱད་ཆོས་བཟང་པོ་རྣམས་དང་ལྡན་པའི་གང་ཟག་ལ་གུས་ཞབས་བྱེད་པ་དང་། རང་གིས་རང་ལ་ཚོད་འཛིན་བྱེད་ཀྱི་ཡོད། ང་ཚོའི་བྱ་སྤྱོད་རྣམས་བག་མེད་ཀྱི་མི་དགེ་བ་ནམ་ཡང་མི་ཆགས་པ་དང་། ང་ཚོས་གང་བརྗོད་པ་དང་བྱེད་པའི་ཐོག་ལ་སེམས་ཁུར་དང་གཟབ་ནན་བྱེད་ཀྱི་ཡོད། འདིས་ང་ཚོ་ལ་  “འདི་ནི་འགྲིག་པ་ཚོར་གྱི་འདུག་” ཅེས་པ་དེ་ཕལ་ཆེར་དྲན་གསོ་གཏོང་གི་ཡོད། 

འདིས་ང་ཚོའི་ཉིན་རེའི་མི་ཚེའི་ནང་གང་ནན་བརྗོད་བྱེད་དགོས་པ་དང་དེ་རྟག་ཏུ་དྲན་གསོ་གཏོང་དགོས་པ་སྟོན་གྱི་ཡོད། ང་ཚོས་བཟོད་པ་དང་བྱམས་བརྩེ་སོགས་ཁྱད་ཆོས་བཟང་པོ་རྣམས་དང་། དེ་དག་དང་ལྡན་པའི་གང་ཟག་རྣམས་ལ་གུས་ཞབས་རླབས་ཆེན་ཡོད་པ་དེ་སླར་ཡང་ངེས་བརྟན་བཟོ་དགོས། དེ་དག་ནི་ང་ཚོའི་སེམས་སྐུལ་གྱི་འབྱུང་རྩ་རེད། དེར་མ་ཟད། རང་གིས་རང་ལ་ཚོད་འཛིན་བྱེད་འདོད་ཡོད་དང་། ང་ཚོས་གང་བརྗོད་པ་དང་བྱེད་པ་ལ་གཟབ་ནན་དོ་འཁུར་ཡོད་པའི་ཐོག་སླར་ཡང་ངེས་བརྟན་བཟོས་ཏེ། མཐའ་གཅིག་ཏུ་གནོད་བྱེད་མི་དགེ་བའི་ལས་ངན་པ་བརྩམ་མི་རུང་བ་ཡིན། 

མཇུག་གི་གཏམ།

ང་ཚོས་ལས་ཀྱི་སྐོར་དང་དེ་དག་ང་ཚོའི་ཉིན་རེའི་མི་ཚེའི་ནང་འབྲེལ་བ་ཇི་ལྟར་བཟོ་ཐུབ་པའི་སྐོར་ལ་མང་པོ་བཤད་ཟིན་པ་རེད། ད་ང་ཚོས་ཆ་རྐྱེན་དེ་གཉིས་རྟོགས་པའི་ཆེད་དུས་ཚོད་མི་ཉུང་བ་ཞིག་ལེན་གྱི་ཡིན། མདོར་བསྡུ་ནས་བཤད་ན། ཕན་བྱེད་དགེ་བའི་ལས་བྱེད་པ་ལ་མཚོན་ན། དེ་ནི་རང་ཉིད་བུ་ཡག་པོ་ཞིག་གམ་བུ་མོ་ཡག་པོ་ཞིག་བྱེད་འདོད་ཙམ་ལ་གཞི་བྱས་ནས་ང་ཚོས་ལས་དེ་བྱེད་ཀྱི་མེད། གཞི་རྟེན་དེ་མ་རེད། དེ་ལས་ལྡོག་སྟེ། ང་ཚོས་ཁྱད་ཆོས་བཟང་པོ་དང་ཁྱད་ཆོས་དེ་དག་དང་ལྡན་པའི་གང་ཟག་རྣམས་ལ་གུས་ཞབས་ལྡན་པར་གཞི་བྱས་ཏེ། བཟང་པོ་དགེ་བའི་ལས་ལ་འཇུག་གི་ཡོད། དེ་ག་ནང་བཞིན་རང་གིས་རང་ལ་ཚོད་འཛིན་མེད་པའི་སྒོ་ནས་ཐད་ཀར་མི་དགེ་བའི་ལས་སྤོང་བ་ཙམ་དེ་འགྲིག་གི་ཡོད་པ་ཚོར་གྱི་ཡོད། ང་ཚོས་དེ་ལྟ་བུའི་ལས་ལ་འཇུག་དགོས་པ་ཙམ་ཡིན།།

Top