ངང་ངམ་ཤུགས་ཀྱི་ལས་ལས་ཐར་བ།

ཐོག་མའི་རིམ་པ། མི་དགེ་བའི་སྤྱོད་ལམ་སྤོང་བ།

ལམ་རིམ་ནང་གསལ་བ་ལྟར། ཀུན་སློང་དང་དམིགས་ཡུལ་གྱི་རིམ་པ་གསུམ་པོ་རེ་རེ་ནང་ལས་དང་ཚུལ་ཁྲིམས་ཚུད་ཡོད་པ་ང་ཚོས་མཐོང་ཡོད། ད་དུང་ལས་ཀྱི་བྱེད་ལས་དང་ལས་ལ་བརྟེན་ནས་སྡུག་བསྔལ་སྣ་ཚོགས་པ་རྒྱུན་སྲིང་བར་བྱེད་ཚུལ་བཅས་ཀྱང་མཐོང་ཡོད།

  • མི་དགེ་བའི་སྤྱོད་ལམ་གྱིས་སྡུག་བསྔལ་མྱོང་བར་བྱེད་ཀྱི་ཡོད། ང་ཚོས་གཞན་ལ་གང་བྱས་པ་ནང་བཞིན་སོ་སོ་རང་ཉིད་ལའང་གནད་དོན་ངན་པའི་རིགས་དེ་དག་འབྱུང་བཞིན་པ་མྱོང་གི་ཡོད་པ་དང་། སོ་སོའི་མི་དགེ་བའི་སྤྱོད་ལམ་དེ་བསྐྱར་ཟློས་བྱེད་འདོད་ཀྱི་ཚོར་བ་མྱོང་གི་ཡོད།
  • ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་ང་ཚོས་ནམ་ཡང་ཡུན་དུ་མི་གནས་ཤིང་། ནམ་ཡང་འདོད་བློ་མི་ཚིམས་པའི་བདེ་བ་ཉི་ཚེ་བ་འདི་ཉམས་སུ་མྱོང་གི་ཡོད་པ་དང་། ང་ཚོས་སྔོན་བྱས་པའི་ལས་བཟང་པོ་དང་གཅིག་མཚུངས་སུ་ད་ལྟ་གནད་དོན་བཟང་པོའི་རིགས་ང་ཚོར་འབྱུང་བཞིན་པ་མྱོང་གི་ཡོད། འོན་ཀྱང་དེ་དག་ཀྱང་ཡུན་དུ་གནས་ཀྱི་མེད། ང་ཚོས་ད་དུང་དགེ་བའི་སྤྱོད་ལམ་དེ་བསྐྱར་ཟློས་བྱེད་འདོད་སྐྱེ་གི་ཡོད།
  • དགེ་བ་དང་མི་དགེ་བ་གང་ཡིན་རུང་སྤྱོད་ལམ་དེ་གཉིས་ཀ་ལས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ཉམས་སུ་མྱོང་གི་ཡོད། ང་ཚོ་ཡང་ནས་ཡང་དུ་སྐྱེ་བ་ལེན་གྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཤི་བའི་སྐབས། ངང་ངམ་ཤུགས་ཀྱིས་ལུས་པོ་གཞན་ཞིག་ལ་ཆགས་ཞེན་སྐྱེ་གི་ཡོད། ང་ཚོས་ང་ཞེས་བྱ་བ་མུ་མཐུད་གནས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པར་ཞེན་འཛིན་སྐྱེ་གི་ཡོད།

ལམ་རིམ་དང་བསྟུན་ནས་ཐོག་མའི་དམིགས་ཡུལ་དེ་སྒྲུབ་པར། སྡུག་བསྔལ་མྱོང་རྒྱུ་དེ་མཚམས་འཇོག་བྱེད་དགོས། ང་ཚོས་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཆེད་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཉམས་ལེན་བྱེད་ཀྱི་ཡོད། མི་དགེ་བའི་བྱ་སྤྱོད་སྤེལ་འདོད་སྐྱེ་བའི་སྐབས། དེ་ལས་དྲངས་པའི་སྡུག་བསྔལ་རྣམས་རྟོགས་ནས་རང་ཉིད་ཀྱི་ཚོར་བ་དེ་དངོས་སུ་ལག་བསྟར་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་རེད། ཕན་ཐོགས་ཅན་དེ་གང་ཡིན་པ་དང་གནོད་གཞི་ཅན་དེ་གང་ཡིན་པ་དང་། དམིགས་བསལ་སོ་སོ་རང་ཉིད་ལ་ཕན་པ་གང་ཡིན་དང་གནོད་གཞི་ཅན་གང་ཡིན་རྣམ་པར་འབྱེད་པའི་ཡང་དག་པའི་ཤེས་རབ་གཞི་ལ་བཞག་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་དགོས། དེ་ལྟ་བུའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ཡོང་བར། གལ་ཏེ་ང་ཚོས་མི་དགེ་བའི་ཚོར་བ་དེ་ལག་བསྟར་ཐོག་སོ་སོའི་འདོད་པ་ནང་བཞིན་བྱས་ན། དེ་ལས་འབྱུང་ངེས་པའི་མི་སྐྱིད་པ་དང་སྡུག་བསྔལ་ལ་དྲན་པ་ཉེ་བར་འཇོག་དགོས།

དྲན་པ་ཉེར་བཞག་ནི་སེམས་ཀྱི་སྦྱར་རྩི་ལྟ་བུ་ཡིན་པ་དང་། དེས་མི་བརྗེད་པར་དྲན་ཤེས་བརྟན་པོ་བཟོ་གི་ཡོད། གལ་ཏེ་ང་ཚོས་སོ་སོའི་རྒྱུད་ལ་ཡོད་པའི་མི་དགེ་བའི་ཚོར་བ་ལ་བརྟེན་ནས་ལས་བྱས་ན། དེས་ང་ཚོར་མི་སྐྱིད་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་འབྱུང་བར་བྱེད་ཀྱི་རེད། དྲན་པ་ཉེ་བར་གནས་པར། ང་ཚོའི་དམིགས་གཏད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས་ཀྱི་ཡོད། དེའི་ཆེད་དུ་ང་ཚོར་གཅེས་སྐྱོང་གི་བསམ་ཕྱོགས་སམ་བག་ཡོད་དགོས། ང་ཚོས་སོ་སོའི་སྤྱོད་ལམ་ལ་བརྟེན་ནས་རང་དང་གཞན་ལ་ཕན་གནོད་གང་འབྱུང་བའི་ཐད་གཟབ་ནན་བྱེད་དགོས་པ་སོང་ཙང་། ང་ཚོས་སོ་སོའི་མི་ཚེ་ལ་དོ་གལ་ཆེན་པོ་བརྩི་དགོས། ང་ཚོས་བྱ་སྤྱོད་ཇི་ལྟར་སྤེལ་བར་སེམས་ཁུར་བྱེད་ཀྱི་ཡོད་ཙང་། ང་ཚོ་གཟབ་ནན་ཅན་ཡིན།
 
ང་ཚོས་ག་རེ་བྱེད་འདོད་ཡོད་པའི་ཐད་ལའང་དོ་སྣང་བྱེད་དགོས། མི་དགེ་བའི་བྱ་བ་བྱེད་འདོད་དང་། སྐད་ཆ་ཤོད་འདོད། བསམ་བློ་གཏོང་འདོད་ཡོད་པའི་སྐབས། ང་ཚོས་ངེས་པར་དུ་ལྟ་ཞིབ་དང་བྱ་ར་བྱེད་དགོས། དེ་ནས་ང་ཚོར་མུ་མཐུད་ནས་ལྟ་ཞིབ་བྱ་ར་བྱེད་པའི་ཤེས་བཞིན་དགོས་པ་དང་། ཆོས་རྣམ་པར་འབྱེད་པ་དང་དཔྱད་པ་ལ་བརྟེན་ནས་ང་ཚོས་བྱ་བ་བྱེད་འདོད་ཡོད་པ་དེ་ཤེས་དགོས་ཤིང་། ང་ཚོས་གང་བྱེད་འདོད་ཡོད་པ་དེ་མི་དགེ་བ་ཡིན་མིན་རྣམ་པར་འབྱེད་དགོས། ང་ཚོ་གཏི་མུག་བྱིས་བློ་ཅན་ཞིག་མིན། གལ་ཏེ་ང་ཚོས་ལས་དེ་བྱས་ན། དེས་དཀའ་ངལ་གྱི་རྒྱུ་བྱ་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འདི་དག་ནི་མི་དགེ་བའི་ལས་སྤོང་བའི་ཕྱིར། བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལག་ལེན་གྱི་ནང་ཚུད་པའི་ཆ་ཤས་རྣམས་ཡིན།
 
འདི་ལྟ་བུའི་ཚུལ་ཁྲིམས་དང་དེ་ག་ནང་བཞིན་ཏིང་ངེ་འཛིན་གྱི་སྒོམ་གྱི་ནང་དུའང་ང་ཚོར་དགོས་རྒྱུ་གཙོ་བོ་ནི། སེམས་ཀྱི་སྦྱར་རྩི་ལྟ་བུའི་དྲན་པ་ཉེར་བཞག་དེ་རེད། གལ་ཏེ་མི་དགེ་བའི་ལས་བྱས་ན། དེས་མི་སྐྱིད་པ་དང་སྡུག་བསྔལ་འབྱུང་བར་བྱེད་ཀྱི་རེད་ཅེས་ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་གོ་རྟོགས་ལ་མུ་མཐུད་ནས་གནས་དགོས། གཞན་ཐམས་ཅད་ང་ཚོའི་སེམས་ཀྱི་སྦྱར་རྩི་ལྟ་བུ་གྲ་སྒྲིག་ཡང་དག་པ་དང་དྲན་པ་མི་བརྗེད་པའི་སྔོན་འགོག་བྱེད་ཀྱི་ཡོད། གལ་ཏེ་ང་ཚོའི་སེམས་ཀྱི་སྦྱར་རྩི་དེ་ཡང་དག་པར་གྲ་སྒྲིག་བྱས་ཡོད་ན། སྦྱར་རྩི་དེ་ལྷོད་པོ་ཆགས་པའི་སྐབས། རང་ཤུགས་ཀྱིས་དོ་སྣང་བྱ་ཕྱིར་གྲུང་པོ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོའི་སྤྱོད་ལམ་གྱི་འབྲས་བུར་གང་མྱོང་ངེས་ཡིན་པ་ལ་སེམས་ཁུར་ཡོད་པ་དང་། གལ་ཏེ་དོ་སྣང་བརླགས་ན། ང་ཚོས་དེ་མ་ཐག་དྲན་པ་ཉེར་བཞག་སླར་ཡང་བཅོས་སྒྲིག་བྱེད་དགོས། དེ་ལྟར་ག་ཚོད་ཉམས་ལེན་མང་བ་བྱེད་པ་དེའི་ཚོད་ཀྱིས་ང་ཚོས་ལས་སླ་པོའི་སྒོ་ནས་དྲན་པ་དང་རང་གིས་རང་ལ་སྟངས་འཛིན་བྱེད་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལག་བསྟར་བྱེད་ཀྱི་རེད། བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི་སེམས་བྱུང་ཞིག་ཡིན་པ་དང་། དེ་ནི་སྡིག་པ་མི་དགེ་བའི་ལས་ལ་འཇུག་པ་དེ་སྤོང་བར་རྒྱུ་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན།

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “སོ་སོའི་ལང་ཤོར་ངོས་འཛིན་བྱེད་པ།”
Top