ལས་ཀྱི་འགྲེལ་བཤད།

གལ་ཏེ་ང་ཚོས་ལས་ལས་ཐར་བ་དང་ང་ཚོའི་སྤྱོད་ལམ་གྱི་ནང་ཡོད་པའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་སྤོང་བའི་ཆེད་འབད་བརྩོན་བྱེད་རྩིས་ཡོད་ན། ང་ཚོས་ལས་ཀྱི་བྱེད་ལས་སམ་བྱ་བ་ཇི་ལྟར་བྱེད་པའི་ཚུལ་དེ་ཤེས་དགོས། འདིའི་འགྲེལ་བཤད་རྒྱས་པ་འགའ་ཞིག་ནང་པའི་རྩོམ་རིག་གི་ནང་ནས་རྙེད་ཐུབ། སྤྱིར་བཏང་པཱ་ལིའི་གཞུང་ནང་གསལ་བའི་འགྲེལ་བཤད་དང་ལེགས་སྦྱར་སྐད་དུ་བཞུགས་པའི་འགྲེལ་བཤད་ཀྱང་ཡོད། པཱ་ལི་དང་ལེགས་སྦྱར་གཉིས་པོ་གནའ་བོའི་རྒྱ་གར་གྱི་སྐད་རིགས་གཉིས་རེད། གནས་བརྟན་སྡེ་པའི་ལུགས་ཀྱིས་པཱ་ལིའི་ནང་བཞུགས་པའི་སྲོལ་རྒྱུན་གྱི་གཞུང་གི་འགྲེལ་ཚུལ་དེའི་རྗེས་སུ་འབྲང་གི་ཡོད། ངས་སྐབས་འདིར་འགྲེལ་བརྗོད་བྱ་རྒྱུ་ནི་ལེགས་སྦྱར་གྱི་གཞུང་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ལའང་འགྲེལ་ཚུལ་གཉིས་ཡོད། དེ་གཉིས་དབར་གྱི་མི་འདྲ་བའི་སྐོར་དེ་ངས་ཤོད་ཐབས་བྱེད་ཀྱི་ཡིན། འོན་ཀྱང་དེ་གཉིས་དབར་གྱི་ཁྱད་པར་ཐད་ནན་བརྗོད་ཆེན་པོ་བྱེད་ཀྱི་མིན། གང་ཡིན་ཞེ་ན། དེ་དག་ཐུན་མོང་གིས་ངོས་ལེན་བྱེད་པ་ཧ་ཅང་མང་པོ་ཡོད།

འོན་ཀྱང་སྔོན་ལ་ཕན་ཐོགས་ཅན་གྱི་བསླབ་བྱ་ཞིག་ནི། ལས་དང་འབྲེལ་བ་ལྟ་བུ་ཆོས་རྣམས་ཀྱི་འགྲེལ་བརྗོད་མི་འདྲ་བ་འགའ་ཞིག་ང་ཚོས་ནང་ཆོས་ཀྱི་ནང་རྙེད་པའི་སྐབས། དེ་དག་ལ་ཡེ་ཤུའི་གསུང་རབ་ཀྱི་དཀོན་མཆོག་གཅིག་དང་བདེན་པ་གཅིག་ཟེར་བའི་ལྟ་ཚུལ་ལས་བྱུང་ཡོད་སྲིད་པའི་བསམ་ཕྱོགས་ཀྱི་ཐོག་ནས་མི་འཇུག་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ཡང་། “ཐབས་ལམ་གཅིག་ཁོ་ན་བདེན་པ་ཡིན་པ་དང་གཞན་ཐམས་ཅད་ནོར་བ་ཡིན་” པའི་ལྟ་ཚུལ་དེ་རེད། དེ་ལས་ལྡོག་སྟེ། འགྲེལ་བརྗོད་དེ་དག་རེ་རེས་ལྟ་ཚུལ་མི་འདྲ་བ་ཞིག་ནས་ལས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་། དེས་འགྲེལ་བརྗོད་སྣ་ཚོགས་བྱེད་པའི་སྒོ་ནས་ང་ཚོས་དེ་ཤེས་རྟོགས་ཡོང་བར་ཕན་གྱི་ཡོད། དེ་དག་ཐམས་ཅད་སྡུག་བསྔལ་ལས་ཐར་ཐུབ་པ་ཞིག་ཡོང་བའི་ཆེད་ང་ཚོར་ཕན་ཐོགས་ཅན་ཞིག་ཡིན་པ་དང་། དགོས་དོན་དང་དམིགས་ཡུལ་ཆ་ཚང་དེ་ཡིན་པ་རེད།

བྱ་བ་རྩོམ་འདོད་དང་སྐད་ཆ་ཤོད་འདོད་སྐྱེ་བ་ནི། ལས་ཀྱི་བྱ་བ་ཇི་ལྟར་བྱེད་པའི་རིམ་པ་དང་པོ་དེ་ཡིན།

ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་ཆོས་མངོན་པའི་གཞུང་ནང་ལས་ཀྱི་སྐོར་གསུང་གི་ཡོད། ཆོས་མངོན་པའི་གཞུང་ནང་། ང་ཚོས་གང་མྱོང་བ་དེ་འགྲེལ་བརྗོད་བྱེད་པ་དང་འབྲེལ་བའི་ཚིག་ “ཚོར་བ་” ཟེར་བ་དེ་ནས་འགོ་འཛུགས་བྱེད་ངེས་རེད། ཚོར་བ་ཟེར་བའི་ཚིག་འདི་དཀའ་ལས་ཁག་པོ་ཞིག་རེད། གང་ཡིན་ཞེ་ན། ང་ཚོ་ནུབ་ཕྱོགས་ཀྱི་སྐད་དུ་ཚོར་བའམ་ (feeling) ཟེར་བ་དེ་ལ་དོན་དག་ཧ་ཅང་མང་པོ་ཡོད། འདིར་བདེ་བ་ཚོར་བ་དང་མི་བདེ་བ་ཚོར་བའམ། ཡང་ན་སེམས་ཚོར་རམ་དེ་མ་ཐག་གི་ཤེས་རྟོགས་ལྟ་བུའི་གོ་དོན་ལ་ཚོར་བ་ཞེས་བྱ་བའི་ཚིག་འདི་ངས་བེད་སྤྱོད་བྱེད་ཀྱིན་མེད། ངས་སྐབས་འདིར་ཚོར་བ་ཟེར་བ་དེ་ནི། བྱ་བ་ཞིག་བྱེད་འདོད་དང་། སྐད་ཆ་ཞིག་ཤོད་འདོད། བསམ་བློ་ཞིག་གཏོང་འདོད་ཡོད་པའི་སྐོར་ཤོད་ཀྱིན་ཡོད། བོད་སྐད་ནང་དེ་ནི་ལས་དོན་ཞིག་བྱ་རྒྱུའི་འདོད་པའམ་འདུན་པ་ཡོད་པའི་དོན་ཡིན།

ཉིན་རེའི་མི་ཚེའི་ནང་། ང་ཚོས་བྱ་བ་ཞིག་བྱེད་འདོད་དང་། སྐད་ཆ་ཤོད་འདོད། བསམ་བློ་གཏོང་འདོད་སྐྱེ་བའི་སྐབས། དེ་འདྲའི་འདོད་འདུན་ཞིག་སྐྱེ་དགོས་དོན་གང་རེད་དམ། དེ་ནི་ང་ཚོར་འཕྲད་བཞིན་པའི་གནས་སྟངས་ལ་བརྟེན་ནས་ཡིན་ཆོག །དཔེར་ན། གནམ་གཤིས་དང་། ང་ཚོ་མཉམ་དུ་ཡོད་པའི་མི་རྣམས། ཡང་ན་ཉིན་མོའི་དུས་ཚོད་ལྟ་བུ་རེད། དེ་ནི་ད་དུང་ང་ཚོ་སྐྱིད་པོ་དང་སྡུག་པོ་གང་ཚོར་གྱི་ཡོད་མེད་ཀྱིས་ཤུགས་རྐྱེན་སྤྲད་ཡོད། དཔེར་ན། “ང་རང་སྐྱིད་པོ་མི་འདུག །བྱས་ཙང་། ང་རང་ལས་དོན་གཞན་ཞིག་བྱེད་འདོད་འདུག་” ཟེར་བ་ལྟ་བུ་རེད། དེར་མ་ཟད། སྔོན་གྱི་བག་ཆགས་ལ་བརྟེན་ནས་བྱེད་སྟངས་བྱེད་ལུགས་ངེས་ཅན་ཞིག་གི་ནང་བྱ་བ་བྱེད་པ་དང་། སྐད་ཆ་ཤོད་པ། བསམ་བློ་གཏོང་གི་ཡོད་སྲིད། ཡང་ཀུན་ནས་སློང་བའི་སེམས་ཚོར་འགའ་ཞིག་ཀྱང་ཡོད་པ་རེད། “ང་རང་ཁོང་ཁྲོ་ཟ་བ་སོང་ཙང་། ངས་ཁྱེད་ལ་སྐད་ལོག་རྒྱག་འདོད་འདུག་” ཟེར་བ་ལྟ་བུ་རེད། ཕལ་ཆེར་ཁྱེད་ཀྱིས་ང་ལ་སྣང་བར་མི་འགྲོ་བའི་སྐད་ཆ་ཞིག་བཤད་པ་དང་། དེ་ལ་ང་རང་ཁོང་ཁྲོ་ཟ་བ་དང་མི་སྐྱིད་པ་ཆགས་སྲིད་པ་ལྟ་བུ་རེད། ངའི་བག་ཆགས་ནི་མི་ཞིག་གིས་སོ་སོ་ལ་སྣང་བར་མི་འགྲོ་བའི་སྐད་ཆ་ག་དུས་བཤད་ནའང་། དེ་ལ་སྐད་ལོག་རྒྱག་རྒྱུ་དེ་ཡིན་པ་དང་དེས་རང་ཉིད་ལ་ཡོད་པའི་ཚོར་བ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ག་ནང་བཞིན་ང་ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་དེ་ལ་འཛིན་པ་སྐྱེ་གི་ཡོད། དེ་ནི་ “ང་ང་ང་” ཟེར་བ་ཞིག་ཡོད་པ་དེ་རེད། “ཁྱེད་ཀྱིས་ང་ལ་སྣང་བར་མི་འགྲོ་བའི་སྐད་ཆ་ཞིག་བཤད་སོང་” ཟེར་བའམ། ཡང་ན་ “ཁྱེད་ཀྱིས་ང་ལ་སྐད་ཆ་དེ་གང་འདྲ་བྱས་ནས་ཤོད་ནུས་སམ།” ཞེས་ང་ཚོས་གནད་དོན་ཞིག་གི་ཐད་ལ་བྱེད་འདོད་དང་། ཤོད་འདོད། བསམ་འདོད་ཡོད་པའི་སྐབས། ཆ་རྐྱེན་དེ་དག་ཐམས་ཅད་མཉམ་དུ་སྦྲེལ་གྱི་ཡོད། གནད་དོན་ཞིག་གི་ཐད་ལ་བསམ་བློ་གཏོང་བ་ནི་དཔེར་ན། “ངས་ག་རེ་ཤོད་ཐུབ་ཀྱི་རེད། དེས་ཁྱེད་ལ་དངོས་གནས་གནོད་ཀྱི་རེད་” ཅེས་པའི་འཇབ་བུས་འཆར་གཞི་འགོད་པའི་བསམ་བློ་དེ་འདྲ་ཡིན་སྲིད།

སེམས་ཀྱི་ལས།

ཚོར་བ་དེ་འདྲ་ཞིག་ལ་གཞི་བྱས་ནས་ངང་ངམ་ཤུགས་ཀྱི་སྐུལ་མ་ཞེས་འབོད་པའི་སེམས་ཀྱི་ལས་དེ་འབྱུང་གི་ཡོད། ངང་ངམ་ཤུགས་ཀྱི་སྐུལ་མ་ཟེར་བ་ནི་འདིར་བསམ་བློའི་སྐུལ་ཤུགས་དེ་ཡིན་པ་དང་། དེ་ལ་བརྟེན་ནས་ང་ཚོར་བསམ་བློ་གཏོང་འཇུག་གི་ཡོད། དེ་ཡང་སྔོན་ལ་ང་ཚོས་གང་བྱེད་འདོད་ཡོད་པ་དེ་དངོས་སུ་བྱ་རྒྱུ་བསམ་བློ་གཏོང་བ་དེ་རེད། གང་བྱེད་འདོད་པ་དེའི་སྐོར་ལ་བསམ་བློ་གཏོང་དུ་འཇུག་གི་ཡོད་པ་དང་། དེས་མུ་མཐུད་དེ་ང་ཚོས་གང་ཤོད་རྒྱུ་དང་བྱ་རྒྱུར་བསམ་བློ་འཁོར་བ་དེ་དངོས་སུ་ལག་བསྟར་བྱེད་སྲིད་པ་ཞིག་ཡིན་ལ་མི་སྲིད་པ་ཞིག་ཀྱང་ཡིན། ཀུན་ནས་སློང་བའི་སེམས་ཚོར་དང་། འདུན་པ། ང་ལ་ཞེན་འཛིན་སྐྱེ་བ་དེ་དག་ཐམས་ཅད་བྱ་བ་བྱེད་འདོད་དང་སྐད་ཆ་ཤོད་འདོད་ཀྱི་སྐོར་བསམ་བློ་གཏོང་བའི་ཆེད་སེམས་ཀྱི་སྐུལ་ཤུགས་འདི་ལ་གྲོགས་བྱེད་ཀྱི་ཡོད།
 
གལ་ཏེ་ང་ཚོས་སྒོམ་གྱི་ནང་གནད་དོན་རྣམས་དལ་ལྷོད་བཟོས་ནས་ང་ཚོའི་སེམས་ནང་ག་རེ་འབྱུང་བཞིན་ཡོད་པའི་ཐད་རྣམ་པར་འབྱེད་པའི་ཆེད་འདང་ངེས་ཀྱི་ཚོར་བ་སྐྱེན་པོ་ཆགས་པ་དང་། ནམ་རྒྱུན་དེ་དག་ཧ་ཅང་མྱུར་པོ་འབྱུང་གི་ཡོད་ནའང་། ང་ཚོས་རིམ་པ་རྣམས་རྣམ་པར་འབྱེད་ཐུབ། དཔེར་ན། ང་རང་ཁོང་ཁྲོ་བཟས་ཡོད་སྟབས། ཁྱེད་ལ་སྐད་ལོག་རྒྱག་འདོད་ཡོད། བྱས་ཙང་། དེའི་སྐབས་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་ཤིག་ལ་བརྟེན་ནས་སྐད་ལོག་རྒྱག་དགོས་བསམ་འཇུག་གི་ཡོད། དེའི་མཐའ་མཇུག་ལ་ངས་དངོས་སུ་ཤོད་དགོས་དང་མི་དགོས་ཐག་གཅོད་བྱེད་ཀྱི་རེད། གལ་ཏེ་ངས་སྐད་ལོག་རྒྱག་རྒྱུ་ཐག་གཅོད་བྱས་ན། དེ་ནས་རིམ་པ་རྗེས་མ་རྣམས་འབྱུང་ངེས་རེད།  

ལུས་དང་ངག་གི་ལས་ཀྱི་འགྲེལ་བརྗོད་ལས་སླ་བ།

དེའི་རྗེས་ལུས་ངག་གི་ལས་རེད། ལེགས་སྦྱར་གྱི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པའི་དབང་གིས་འདི་ལ་འགྲེལ་བཤད་གཉིས་ཡོད། དེ་ལས་ལས་སླ་བ་དེ་ནས་འགོ་འཛུགས་བྱ་རྒྱུ་ཡིན། འགྲེལ་བརྗོད་འདི་ལྟར་བྱས་ན། སེམས་ཀྱི་ལས་ནང་བཞིན་ལུས་ངག་གི་ལས་རྣམས་ཀྱང་སེམས་ཀྱི་སྐུལ་ཤུགས་ཏེ། ངང་ངམ་ཤུགས་ཀྱི་སྐུལ་ཤུགས་རེད། དེས་བྱ་བ་ཞིག་བྱ་རྒྱུ་འགོ་འཛུགས་བྱེད་དུ་འཇུག་པ་དང་། བྱ་བ་དེ་མུ་མཐུད་རྒྱུན་སྐྱོང་བྱེད་དུ་འཇུག་པ། མཐར་བྱ་བ་དེ་མཚམས་འཇོག་བྱེད་དུ་འཇུག་གི་ཡོད། བྱ་བ་ཞིག་བྱེད་པའམ་སྐད་ཆ་ཞིག་ཤོད་པའི་ཆེད་བསམ་བློ་གཏོང་བའི་སེམས་ཀྱི་སྐུལ་ཤུགས་དེ་ལ་ “ཀུན་ནས་སློང་བའི་སྐུལ་ཤུགས་སམ་བསམ་པ་” ཟེར་བ་དང་། བྱ་བ་དངོས་སུ་བྱེད་དུ་འཇུག་པ་དང་སྐད་ཆ་དངོས་སུ་ཤོད་དུ་འཇུག་པའི་སེམས་ཀྱི་སྐུལ་ཤུགས་དེ་ལ་ “རྒྱུའི་སྐུལ་ཤུགས་” ཟེར་གྱི་ཡོད། ཐ་ན་ང་ཚོས་བྱ་བ་ཞིག་བྱེད་པ་དང་སྐད་ཆ་ཞིག་ཤོད་རྒྱུ་བསམ་བློ་བཏང་ནའང་། བྱ་བ་དེ་བྱེད་པ་དང་སྐད་ཆ་དེ་ཤོད་སྲིད་པ་ཡིན་ལ་མི་སྲིད་པའང་ཡིན། གལ་ཏེ་བྱ་བ་དེ་བྱས་པའམ་སྐད་ཆ་དེ་བཤད་ན། དེ་ལ་བསམ་བཞིན་དུ་སྔོན་ཚུད་ནས་བསམ་བློ་ཞིག་ཡོད་སྲིད་ལ་མེད་ཀྱང་སྲིད། གནད་དོན་དེ་བཞི་ཀ་ཡོང་སྲིད་པ་ཞིག་རེད།
 
བྱ་བ་རེ་རེའི་རིམ་པར་གྲོགས་བྱེད་མཁན་གྱི་སེམས་ཚོར་རྣམས་འགྱུར་བ་འགྲོ་སྲིད་ལ་དེ་དག་གང་ལ་གང་འཚམ་གྱི་མི་འདྲ་བ་ཡོད་སྲིད། དཔེ་ཆ་བཞག་ན། ངའི་ཕྲུ་གུ་མ་འབྱར་གཉིད་ཁུག་བཞིན་པའི་སྐབས་སུ་ཉལ་ཁང་ནང་དུག་སྦྲང་ཧ་ཅང་མང་པོ་ཡོད་པ་དང་། གལ་ཏེ་ང་ཚོ་འདར་ཚད་ཀྱི་ན་ཚ་འབྱུང་ཉེན་པའི་ས་ཁུལ་དུ་ཡོད་ན། ངའི་ཕྲུ་གུར་དུག་སྦྲང་གིས་སོ་རྒྱག་ནས་འདར་ཚད་ན་མི་ཡོང་ངམ་སྙམ་ནས་ངས་སེམས་འཁྲལ་བྱེད་ཀྱི་རེད། འདིར་ཀུན་ནས་སློང་བའི་སྐུལ་ཤུགས་ལ་གྲོགས་བྱེད་པའི་ཀུན་ནས་སློང་བའི་སེམས་ཚོར་གྱིས་དུག་སྦྲང་ལ་ཐལ་ལྕག་གཞུ་རྒྱུའི་བསམ་བློ་འཁོར་འཇུག་པ་དེ་སོ་སོའི་ཕྲུ་གུར་སྙིང་རྗེ་ཡོད་པ་ཡིན་སྲིད། གལ་ཏེ་དུག་སྦྲང་དེ་དག་གསོད་རྒྱུར་བསམ་བློ་བཏང་རྗེས་ངས་བྱ་བ་དེ་དངོས་སུ་བྱ་རྒྱུ་ཐག་གཅོད་བྱས་ན། དེ་ནས་ངའི་སེམས་ཚོར་དེ་ཕལ་ཆེར་འགྱུར་བ་འགྲོ་སྲིད་པ་རེད། རྒྱུའི་སྐུལ་ཤུགས་ལ་གྲོགས་བྱེད་མཁན་གྱི་རྒྱུའི་སེམས་ཚོར་གྱིས་ངས་དུག་སྦྲང་ལ་དངོས་སུ་ཐལ་ལྕག་གཞུ་འཇུག་པ་ནི། ཞེ་སྡང་དང་ཁོང་ཁྲོའི་དབང་གིས་རེད། དུག་སྦྲང་དེའི་ཕྱོགས་སུ་ཞེ་སྡང་ཞིག་དགོས་ཀྱི་ཡོད། དེ་མིན་ངས་གསོད་ཐབས་བྱེད་ཀྱི་མ་རེད། ངས་དུག་སྦྲང་དེ་ཚོར་ཞེད་སྣང་སྐུལ་བའམ་ཕར་དཀྲོག་འདོད་མེད་པར། དེ་དག་གསོད་པའི་ཕྱིར་ཤུགས་ཀྱིས་རྡེག་འདོད་ཡོད། ངའི་སེམས་ཚོར་འགྱུར་བ་ཕྱིན་ཡོད།

ཁྱེད་ཀྱི་སེམས་ཚོར་གྱི་གནས་བབས་དེ་ཇི་ལྟར་འགྱུར་བ་གཏོང་ཐུབ་པའི་སྐོར་ལྟ་ཞིབ་ཆེད་གལ་ཏེ་ཁྱེད་ཀྱིས་གནས་སྟངས་ལ་དལ་ལྷོད་ངང་འཇུག་པ་ཡིན་ན། དེ་ནི་ཧ་ཅང་དོ་དབྱིངས་ཅན་ཞིག་ཡོད། དཔེར་ན། གལ་ཏེ་ཁྱེད་ཀྱིས་ཞུ་ལུ་མ་ཞིག་མཐོང་ན། ཐོག་མར་ཁྱེད་ཀྱིས་སོ་སོའི་ཕྲུ་གུ་མ་འབྱར་ལ་སྙིང་རྗེ་དང་བཅས་བསམ་བློ་གཏོང་ཆོག །དེ་ཡང་ “ཞུ་ལུ་མ་དེ་ངའི་ཕྲུ་གུའི་གདོང་ལ་འགྲོ་འཇུག་འདོད་མེད་” པ་ལྟ་བུ་རེད། དེ་ནས་ཁོང་ཁྲོ་དང་བཅས་ཏེ། “ཞུ་ལུ་མ་དེ་དངོས་གནས་གསོད་འདོད་འདུག །དེ་མ་ཤི་བར་དུ་བཙིར་འདོད་འདུག་” ཅེས་ཟེར་གྱི་ཡོད། འོན་ཀྱང་ཁྱེད་ཀྱིས་དེའི་སྟེང་ལ་གོམ་པ་སྤོས་ནས་དེའི་ལུས་པོ་གནོན་བཙིར་བྱེད་པའི་ཆག་སྒྲ་དེ་ཐོས་པའི་སྐབས། ཁྱེད་ཀྱི་སེམས་ཚོར་དེ་ཞེན་པ་ལོག་པ་ཆགས་ཀྱི་ཡོད། དེ་ཡང་སོ་སོའི་རྐང་པའི་གཡས་གཡོན་དུ་ཕྱིར་ཐོན་ནས་བཙོག་པ་ཆགས་ཡོད་པ་དེ་མཐོང་བའི་སྐབས། ཁྱེད་ཀྱིས་ལྷམ་གོག་ཡར་བཀྱག་ནས་དེའི་སྒང་ལ་རྡོག་རྫི་གཏོང་རྒྱུའི་བྱ་བ་དེ་མཇུག་རྫོགས་རྒྱུའི་སྐུལ་ཤུགས་འབྱུང་གི་ཡོད་པ་དང་། དེ་འདྲའི་སྐབས་ཁྱེད་ཀྱི་སེམས་ཚོར་དེ་རྦད་དེ་ཞེན་པ་ལོག་པ་ཞིག་རེད། བྱས་ཙང་། རྒྱུད་རིམ་ཡོངས་སུ་རྫོགས་པའི་ནང་ཁྱེད་ཀྱི་སེམས་ཚོར་དེ་ཧ་ཅང་འགྱུར་འགྲོ་གི་ཡོད་པ་དང་། དེ་དག་ཐམས་ཅད་ཀྱིས་བྱ་སྤྱོད་སྤེལ་བཞིན་པའི་ངང་ངམ་ཤུགས་ཀྱི་ནུས་ཤུགས་ལ་ཤུགས་རྐྱེན་བྱེད་པ་དང་། དེ་ལས་འབྱུང་བའི་འབྲས་བུ་ལའང་ཤུགས་རྐྱེན་སྤྲོད་ཀྱི་རེད།
 
འདི་ནི་ལུས་ངག་ཡིད་གསུམ་གང་གི་ལས་ཡིན་རུང་ལས་ཀྱི་འགྲེལ་བཤད་ལས་སླ་བ་དེ་ཡིན་པ་དང་། ལས་ཐམས་ཅད་སེམས་བྱུང་ཡིན། དེ་དག་ཐམས་ཅད་སེམས་ཀྱི་སྐུལ་ཤུགས་དེ་རེད། དེ་ཡང་ལུས་ངག་ཡིད་ཀྱི་ལས་གང་འདྲ་ཞིག་བྱེད་དུ་འཇུག་པ་དང་བསྟུན་པའི་སེམས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་མི་འདྲ་བ་ཙམ་གྱིས་ཁྱད་པར་བཟོས་ཡོད།
 
ལས་༼ངང་ངམ་ཤུགས་ཀྱི་རང་བཞིན་༽དང་དེ་ལ་གྲོགས་བྱེད་པའི་དགེ་མི་དགེའི་སེམས་ཚོར་དང་མ་ནོར་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དག་གཅིག་པ་མ་རེད། ལས་ཀྱི་སྐུལ་ཤུགས་དང་སེམས་ཚོར་གཉིས་ཀ་ཡིན་པའི་ཆོས་ཤིག་མེད། ལས་ནི་ང་ཚོ་ལ་བྱ་བ་བྱེད་དུ་འཇུག་པ་དང་། སྐད་ཆ་ཤོད་དུ་འཇུག་པ། བསམ་བློ་གཏོང་དུ་འཇུག་པ། བྱ་བ་དེ་རྒྱུན་སྐྱོང་དུ་འཇུག་པ། དེ་ནས་མཐར་མཚམས་འཇོག་བྱེད་དུ་འཇུག་མཁན་གྱི་རྡོ་ཁབ་ལེན་ལྟ་བུ་རེད། ལས་དེའི་དབང་མེད་ཀྱི་སྟོབས་ཤུགས་ནས་ཐར་བའི་ཐབས་ཤིག་ང་ཚོས་མ་བསྟེན་ན། དེ་ནི་སྟངས་འཛིན་བྲལ་བ་རེད།

ལུས་ངག་ལས་ཀྱི་འགྲེལ་བཤད་རྙོག་འཛིངས་ཆེ་བ།

འགྲེལ་བཤད་གཉིས་པ་ལྟར་བྱས་ན། སེམས་ཀྱི་ལས་སམ་ངང་ངམ་ཤུགས་ཀྱི་སེམས་ཀྱི་སྐུལ་ཤུགས་དེས་ང་ཚོ་སྒོ་གསུམ་གྱི་ལས་ཚང་མ་བྱེད་དུ་འཇུག་གི་ཡོད། དེ་ཡང་ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བ་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་པ། ལུས་ཀྱི་སྒོ་ནས་བྱ་བ་བྱེད་པ་བཅས་རེད། ཕྱོགས་གཞན་ཞིག་ནས་ལུས་ངག་གི་ལས་ནི་སེམས་བྱུང་མ་རེད། ཡིན་ནའང་ཕྱི་གཟུགས་ཀྱི་རྣམ་པ་ཞིག་རེད། དེ་དག་རེ་རེ་ལ་དོན་ངོ་མར་གཟུགས་གཉིས་རེ་ཡོད་དེ། ཡིད་ལ་བྱེད་པའི་གཟུགས་དང་ཡིད་བྱེད་མ་ཡིན་པའི་གཟུགས་གཉིས་ཡོད། དེ་ཡང་ཀུན་སློང་ཕྱིར་འདོན་བྱེད་དང་མི་བྱེད་ལ་རག་ལུས་ཡོད། དེ་གཉིས་གང་ཡིན་རུང་ལས་དེ་བྱ་བ་དེ་དང་གཅིག་པ་མིན། ང་ཚོས་ལུས་ངག་གི་ལས་སྤོང་བར། སྐད་ཆ་ཤོད་རྒྱུ་དང་བྱ་བ་བརྩམ་རྒྱུ་མཚམས་འཇོག་བྱེད་དགོས་པའི་དོན་མིན།

ཡིད་ལ་བྱེད་པའི་གཟུགས།

  • ལུས་ཀྱི་ལས་ལ་མཚོན་ན། ཡིད་ལ་བྱེད་པའི་གཟུགས་ནི་ང་ཚོའི་ལས་ཀྱིས་བྱེད་པའི་ངང་ངམ་ཤུགས་ཀྱི་རྣམ་པ་དེ་རེད། དེའི་དོན་ནི་ང་ཚོའི་ལུས་ཀྱི་ལས་རྣམས་ལ་བཟོ་ལྟ་བཟོ་བའི་ངང་ངམ་ཤུགས་ཀྱི་རང་བཞིན་ལྟ་བུ་དེ་ཡིན་པས། ང་ཚོས་ལས་བྱེད་པའི་སྐབས་ལུས་ཀྱིས་དང་དུ་ལེན་པའི་གཟུགས་དེ་བཟོ་ལྟ་བཟོ་གི་ཡོད། ངང་ངམ་ཤུགས་ཀྱི་རྣམ་པ་དེས་ལས་ཀྱི་རྒྱབ་ཏུ་ཡོད་པའི་ཀུན་སློང་དེ་ཕྱིར་འདོན་བྱེད་ཀྱི་ཡོད། དེའི་དོན་ནི་ཀུན་སློང་དེའི་གྲོགས་སུ་འགྱུར་བའི་ང་ཚོའི་འདུན་སེམས་དང་སེམས་ཚོར་གཉིས་ཀ་ཕྱིར་འདོན་བྱེད་ཀྱི་ཡོད། དཔེ་ཆ་བཞག་ན། ང་ཚོས་གཞན་གྱི་དོ་སྣང་རག་ཕྱིར་དཔུང་པའི་སྒང་ལ་ཐུག་ཐུག་གཞུ་འདོད་སྐྱེ་བའི་སྐབས། ངང་ངམ་ཤུགས་ཀྱིས་གང་འཚམ་གྱི་ཤུགས་ཆེན་པོ་གཞུ་སྲིད་ལ་འཇམ་པའི་སྒོ་ནས་རེག་སྲིད། ལུས་ཀྱི་ལས་ནི་ང་ཚོའི་ལས་བྱེད་པའི་རྣམ་པའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ཡིན། དེས་གཞན་ཞིག་གི་དོ་སྣང་དེ་རག་ཕྱིར་འདུན་སེམས་དང་དེའི་རྒྱབ་ཀྱི་སེམས་ཚོར་སུན་གཙེར་ཡང་ན་བྱམས་བརྩེ་གང་ཡིན་པ་དེ་ཕྱིར་འདོན་བྱེད་ཀྱི་ཡོད།
  • ངག་གི་ལས་ལ་མཚོན་ན། ཡིད་ལ་བྱེད་པའི་གཟུགས་ནི་ང་ཚོས་སྐད་ཆ་ཞིག་བཤད་པའི་སྐབས། འདེམས་སྒྲུག་བྱེད་པའི་ཚིག་དང་བེད་སྤྱོད་བྱེད་པའི་སྐད་གདངས་གཉིས་ཀའི་ཆ་ནས་ང་ཚོའི་ངག་ལས་ཐོན་པའི་ངང་ངམ་ཤུགས་ཀྱི་སྐད་སྒྲ་དེ་ཡིན། འདིས་ཀྱང་འདུན་སེམས་དང་སེམས་ཚོར་གཉིས་ཀའི་རྨང་གཞིར་བྱེད་པའི་ཀུན་སློང་དེ་ཕྱིར་འདོན་བྱེད་ཀྱི་ཡོད། དཔེ་ཆ་བཞག་ན། སྐབས་འདིར་ཡང་ང་ཚོས་མི་གཞན་ཞིག་ནས་དོ་སྣང་རག་ཕྱིར། མི་དེའི་མིང་འབོད་འདོད་ཡོད་པའི་སྐབས། ང་ཚོས་ངང་ངམ་ཤུགས་ཀྱིས་མི་དེའི་མིང་དྲག་ཤུལ་གྱི་སྐད་གདངས་དང་བཅས་སྐད་འབོད་བྱེད་པའམ། ཡང་ན་སེམས་བཟང་པོ་དང་ཧ་ཅང་འཇམ་པའི་སྐད་གདངས་ཀྱི་སྒོ་ནས་འབོད་སྲིད་པ་ལྟ་བུ་རེད། ངག་གི་ལས་ནི་ང་ཚོའི་ངག་ལས་བྱུང་བའི་སྒྲ་སྐད་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་རེད། དེས་གཞན་ལས་དོ་སྣང་རག་ཕྱིར་འདུན་པ་དང་དེའི་རྒྱབ་ཀྱི་སེམས་ཚོར་སུན་གཙེར་ཡང་ན་བྱམས་བརྩེ་གང་ཡིན་པ་དེ་ཕྱིར་འདོན་བྱེད་ཀྱི་ཡོད།

ཡིད་བྱེད་མ་ཡིན་པའི་གཟུགས།

ཡིད་བྱེད་མ་ཡིན་པའི་གཟུགས་ནི་དེ་ལས་ཕྲ་བ་ཡོད། དེ་ནི་མིག་གིས་མཐོང་ཐུབ་པ་དང་རྣ་བར་ཐོས་ནུས་པ་ཞིག་མིན། འདིས་ང་ཚོའི་རྨང་གཞིར་བྱེད་པའི་ཀུན་སློང་ཕྱིར་འདོན་བྱེད་ཀྱི་མེད། ང་ཚོ་ནུབ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་དེ་དང་ཐག་ཉེ་ཤོས་ནི་ཤིན་ཏུ་ཕྲ་བའི་གཡོ་འགུལ་དེ་རེད། ང་ཚོའི་ལུས་ངག་ལས་ཀྱི་ཡིད་ལ་བྱེད་པའི་གཟུགས་དེ་བྱ་བ་རྫོགས་པ་དང་འགག་འགྲོ་གི་ཡོད། འོན་ཀྱང་ཡིད་བྱེད་མ་ཡིན་པའི་གཟུགས་ནི་ང་ཚོས་བྱ་བ་བྱེད་བཞིན་པ་དང་སྐད་ཆ་ཤོད་བཞིན་པའི་སྐབས་གཉིས་ཀར་འབྱུང་བ་དང་། ང་ཚོའི་བྱ་བའི་མཇུག་རྫོགས་པའི་རྗེས་སུ་སེམས་རྒྱུན་གྱི་ཆ་ཤས་སུ་མུ་མཐུད་ནས་འགྲོ་གི་ཡོད། ང་ཚོས་ཡིད་བྱེད་མ་ཡིན་པའི་གཟུགས་འདི་ལ་ཁྲིད་པའི་ལས་དེ་ནམ་ཡང་ཡང་བསྐྱར་མི་བྱ་རྒྱུའི་ཐག་གཅོད་གཙང་མ་བྱེད་པའི་སྐབས་ཁོ་ནར་འགག་འགྲོ་གི་ཡོད། དཔེར་ན། སྡོམ་པ་ལེན་པའམ་ཡང་ན་སྡོམ་པ་འབུལ་བའམ་བློས་གཏོང་བ་ལྟ་བུ་རེད།
 
ང་ཚོས་མི་ཞིག་ལ་ངང་ངམ་ཤུགས་ཀྱིས་དྲག་པོའི་སྒོ་ནས་བྱ་བ་བྱེད་པའམ་ཡང་ན་ངང་ངམ་ཤུགས་ཀྱིས་དྲག་ཤུལ་གྱི་སྐད་གདངས་དང་བཅས་ཏེ་སྐད་ཆ་ཤོད་པ་དང་། ཕྱོགས་གཞན་ཞིག་ནས་མི་དེས་འཆར་ཅན་ལྟར་བྱ་བ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་དང་དེའི་ཐུན་མིན་གྱི་ཁྱད་ཆོས་ཐད་ལ་ངང་ངམ་ཤུགས་ཀྱི་རང་བཞིན་གྱི་ཡོན་ཏན་ཞིག་ཡོད་པའི་སྐབས། དེ་ནི་ཁོང་ཚོའི་ལུས་ངག་གི་ལས་ཀྱི་ཡིད་ལ་མི་བྱེད་པའི་གཟུགས་ཞེས་པར་གོ་བ་ཡིན། ཐ་ན་ཁོང་ཚོས་གང་ཡང་མི་བྱེད་པའམ་གང་ཡང་མ་བཤད་ནའང་། ང་ཚོས་ད་དུང་ཁོང་ཚོ་ངང་ངམ་ཤུགས་ཀྱི་དྲག་ཤུལ་ཅན་གྱི་མི་ཞིག་རེད་ཅེས་བརྗོད་ཆོག
 
ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དེ་བསམ་བློ་སྔོན་སོང་མེད་པའི་རང་ཤུགས་དང་གཅིག་པ་མིན་པ། བསམ་བློ་སྔོན་སོང་མེད་པའི་ངར་ཤུགས་ཟེར་བའི་དོན་ནི། བསམ་བློ་སྔོན་སོང་མེད་པའི་སྒོ་ནས་སོ་སོའི་སེམས་ནང་གང་དྲན་པ་དེ་བྱེད་པ་ལ་གོ་བ་ཡིན། ངང་ངམ་ཤུགས་ཀྱི་སྐུལ་ཤུགས་ཟེར་བའི་དོན་ནི། ཁྱེད་ཀྱིས་གང་བྱེད་པ་དང་བརྗོད་པ་ཡང་ན་ཁྱེད་ཀྱི་ཇི་ལྟར་བྱེད་པ་དང་བརྗོད་པ་ལ་རང་དབང་མེད་པའམ་སྟངས་འཛིན་བྲལ་བར་གོ་བ་ཡིན། ཁྱེད་ཀྱིས་འགོག་ཏུ་མེད་པར་སྤྱོད་ལམ་གྱི་འགྲོས་འགའ་ཞིག་བསྐྱར་ལྡབ་ཡང་ལྡབ་ཀྱིས་བྱེད་ཀྱི་ཡོད། དཔེར་ན། སོ་སོའི་མཛུབ་མོས་ལྕོག་རྩེའི་སྒང་ལ་ཐུག་ཐུག་གཞུ་བའམ་སྐད་ལ་བག་ཕེབས་མེད་པར་དྲག་ཤུལ་དང་བཅས་སྐད་ཆ་ཤོད་པ་ལྟ་བུ་རེད།

སེམས་རྒྱུད་སྟེང་གི་བག་ཆགས། ནུས་པ་དང་ས་བོན།

ལས་ཀྱི་འགྲེལ་བཤད་གཉིས་པ་ལྟར་བྱས་ན། བྱ་བ་ཞིག་བྱས་ཚར་བའི་རྗེས་སུ་དེ་ལ་ལུས་ངག་ཡིད་གསུམ་གང་ཡིན་རུང་དེས་བག་ཆགས་ངེས་ཅན་ཞིག་ང་ཚོའི་སེམས་རྒྱུད་དུ་འཇོག་གི་ཡོད། དེ་དག་ནི་གཟུགས་སུ་གྲུབ་པ་མིན་ལ་༼ཡིད་ལ་མི་བྱེད་པའི་གཟུགས་ལྟ་བུ་མིན་པ་༽ཆོས་ཤིག་རྟོགས་པའི་ཚུལ་དེ་ཡང་མིན། དེ་དག་ནི་དངོས་མེད་ཀྱི་ཆོས་ཡིན་པ་དང་ང་ཚོའི་སེམས་རྒྱུད་དུ་བཏགས་ཡོད། དཔེར་ན། ང་ཚོའི་ལོ་གྲངས་ལྟ་བུ་རེད། ལས་ཀྱི་རྗེས་འབྲས་དེའི་ནང་ལས་ཀྱི་ནུས་པ་དང་ས་བོན་ཚུད་ཡོད།

ལས་ཀྱི་ནུས་པ།

ལས་ཀྱི་ནུས་པ་ཟེར་བ་དེ་ལྟ་ཚུལ་འགའ་ཞིག་གི་ཐོག་ནས་ “ལས་ཀྱི་སྟོབས་” ཞེས་ཐ་སྙད་འདོགས་ཆོག་པ་དང་། དེ་ཡང་ལས་དགེ་བ་དང་མི་དགེ་བ་གང་རུང་ཡིན་ཆོག །ཡིག་བསྒྱུར་བ་མང་པོས་ཨིན་སྐད་ནང་དགེ་བ་ལ་ (merit) ཞེས་དང་སྡིག་པ་ལ་ (sin) ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ཐ་སྙད་དེ་དག་ནི་ཡེ་ཤུའི་ཆོས་ལུགས་ཀྱི་གསུང་རབ་བྷ་ཡེ་བྷལ་ནས་གཡར་བ་ཞིག་ཡིན་པས། རན་འཚམས་མེད་པ་དང་གོ་བ་ལོག་སྒྲུབ་ཡོང་གི་འདུག །དེ་བས་ངས་ཨིན་སྐད་ནང་སྡིག་པ་ལ་ (negative karmic potentials or negative karmic forces) ཞེས་དང་། དགེ་བ་ལ་ (positive karmic potentials or positive karmic forces) ཞེས་བསྒྱུར་འདུན་བྱེད་ཀྱི་ཡོད། སྐབས་འདིར་ང་ཚོས་དགེ་སྡིག་ལ་ (positive and negative potentials) ཞེས་འབོད་ཀྱི་ཡིན།
 
འདི་ནི་ཏོག་ཙམ་མགོ་རྙོག་ཅན་ཞིག་ཡོད། གང་ཡིན་ཞེ་ན། དགེ་བའི་ལས་དང་མི་དགེ་བའི་ལས་གཉིས་ཀ་དགེ་བ་དང་སྡིག་པའི་ནུས་པ་གང་རུང་ཡིན། བྱས་ཙང་། ང་ཚོའི་བྱ་བ་རང་ཡིན་པའི་ལས་ཀྱི་ནུས་པ་ཡོད་པ་དང་ང་ཚོའི་སེམས་རྒྱུད་དུ་མུ་མཐུད་ནས་བཏགས་པའི་ལས་ཀྱི་ནུས་པའང་ཡོད།
 
ལས་ཀྱི་ནུས་པ་དེས་རྣམ་སྨིན་གྱི་རྒྱུ་བྱེད་ཀྱི་ཡོད། དཔེར་ན། ཤིང་སྡོང་གི་ལོ་ཏོག་རིམ་བཞིན་སྐྱེ་བ་དང་། དེ་སྨིན་པའི་སྐབས། ཤིང་སྡོང་ནས་མར་ལྷུང་བ་དང་བཟའ་ཆོག་ཆོག་ཡིན་པ་ནང་བཞིན་ལས་ཀྱི་ནུས་པ་རྣམས་ཕན་ཚུན་གསོག་པ་དང་མཉམ་དུ་སྦྲེལ་ནས་ཡོད། དེ་དག་འདང་ངེས་བཞིན་པ་བསགས་པའི་སྐབས། དེ་དག་ལས་ཀྱི་འབྲས་བུར་སྨིན་གྱི་ཡོད། དེ་དག་གི་འབྲས་བུ་རྣམས་ནི་རྟག་ཏུ་བཟང་སྤྱོད་ཀྱི་སྒོ་ནས་བར་གནས་སམ་ལུང་མ་བསྟན་ཡིན་ཞིང་། སངས་རྒྱས་ཀྱིས་དེ་དག་དགེ་བ་དང་མི་དགེ་བ་གང་ཡིན་ངེས་བཤད་གནང་མེད། གང་ཡིན་ཟེར་ན། དེ་དག་གི་གྲོགས་སུ་དགེ་བ་དང་། མི་དགེ་བ། ལུང་མ་བསྟན་གྱི་ལས་གང་འདྲ་ཞིག་ཡིན་ནའང་ཡོང་ཆོག་པ་ཡིན། དཔེར་ན། མི་དགེ་བའི་ནུས་པའམ་སྡིག་པའི་འབྲས་བུར་མི་སྐྱིད་པ་དང་སྡུག་བསྔལ་སྨིན་པ་དང་དགེ་བའི་འབྲས་བུར་བདེ་སྐྱིད་སྨིན་པ་ལྟ་བུ་རེད། ང་ཚོས་གཞན་ལ་ཕན་ཐོགས་བྱེད་བཞིན་པའི་སྐབས་དང་། དུག་སྦྲང་ཞིག་གསོད་བཞིན་པའི་སྐབས། ཡང་ན་སྣོད་ཆས་བཀྲུ་བཞིན་པའི་སྐབས་ལའང་སྐྱིད་པོ་ཡོང་ཆོག་ལ། དེ་དག་གང་རུང་ཞིག་བྱེད་པའི་སྐབས། ང་ཚོ་སྐྱིད་པོ་མེད་པའང་ཡོང་སྲིད་པ་ཡིན།

ལས་ཀྱི་ས་བོན།

ལས་ཀྱི་ས་བོན་དེ་ང་ཚོའི་ལས་ཀྱི་སྤྱོད་ལམ་གྱི་རྗེས་འབྲས་ལྟ་བུ་ཁོ་ནར་འབྱུང་གི་ཡོད། གལ་ཏེ་ལས་དེ་ལུང་མ་བསྟན་ཡིན་ན། དཔེར་ན། སྣོད་ཆས་བཀྲུ་བ་ལྟ་བུ་དེའི་རྗེས་ཐོག་གི་ལས་ཀྱི་ས་བོན་དེ་ཡང་ལུང་མ་བསྟན་ཡིན། གལ་ཏེ་ལས་དེ་དགེ་བའམ་མི་དགེ་བ་ཞིག་ཡིན་ན། དེ་དག་གི་དགེ་བ་དང་མི་དགེ་བའི་ནུས་པ་དེ་ལས་ཀྱི་ས་བོན་གྱི་མེད་དུ་མི་རུང་བའི་རང་བཞིན་ཆགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དེ་དག་གིས་ལས་ཀྱི་ས་བོན་ལྟར་བྱ་བ་བྱེད་ཀྱང་། དགེ་མི་དགེ་གང་རུང་དུ་གནས་ཀྱི་ཡོད། ལས་ཀྱི་ས་བོན་གྱི་གོ་དོན་རྒྱ་ཆེ་བའི་སྒོ་ནས་དགེ་བ་དང་། མི་དགེ་བ། ལུང་མ་བསྟན་གང་རུང་ཡིན་ཆོག་པ་དང་། སྤྱི་ཡོངས་ཀྱི་ཆ་ནས་དེ་དག་ནི་ནམ་རྒྱུན་ལུང་མ་བསྟན་ལ་གོ་གི་ཡོད།
 
ལས་ཀྱི་ས་བོན་དེས་འབྲས་བུར་སྨིན་པའི་རྒྱུ་ལྟ་བུ་བྱ་བ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་མྱུ་གུའི་ཆེད་དུ་ས་བོན་དགོས་པ་དང་། ས་བོན་ལ་བརྟེན་ནས་འབྲས་བུ་འབྱུང་གི་ཡོད་པ་ནང་བཞིན་རེད། དཔེར་ན། འབྲས་བུ་ནི་སྔོན་གྱི་ལས་ཀྱི་རིགས་ཤིག་བསྐྱར་ཟློས་བྱེད་པ་ཞིག་ཡིན་སྲིད།

ལས་ཀྱི་ནུས་པ་དང་ས་བོན་ཐད་བསམ་ཞིབ།

ཡིད་ལ་མི་བྱེད་པའི་གཟུགས་ཐེ་བའི་ལས་ཀྱི་བག་ཆགས་རིགས་སྣ་ཚོགས་པ་དབར་གྱི་ཁྱད་པར་ནི་ཤིན་ཏུ་ཕྲ་ཞིང་རྙོག་འཛིངས་ཅན་ཞིག་ཡིན། ང་ཚོས་ལས་ཀྱི་སྐོར་ཐོག་མར་སྦྱོང་བའི་སྐབས། དེ་དག་ཐམས་ཅད་ཞིབ་ཕྲར་རྣམ་པར་འབྱེད་དགོས་ངེས་མིན། དེ་ལས་གལ་ཆེ་བ་ནི་ལས་ཀྱི་བག་ཆགས་ཀྱི་བསམ་བློ་སྤྱི་ཙམ་ཞིག་འཐོབ་རྒྱུ་དང་དེ་ལ་གང་ལ་གོ་གི་ཡོད་པ་ངོས་འཛིན་བྱ་རྒྱུ་དེ་རེད།
 
དཔེ་ཆ་བཞག་ན། ཁྱེད་ཀྱིས་མི་ཞིག་ལ་སྐད་ལོག་རྒྱག་པའི་དབང་དུ་བཏང་ནས། སྐད་ལོག་རྒྱག་པའི་བྱ་བ་དེ་ག་རང་གིས་སྔོན་ཚུད་ནས་མ་འོངས་པ་ལའང་སྐད་ལོག་རྒྱག་པའི་ནུས་པ་ཤིག་བརྡ་གཏོང་གི་ཡོད། ནམ་ཞིག་གི་ཚེ་སྐད་ལོག་རྒྱག་པའི་དུས་ཡུན་དེ་རྫོགས་མ་ཐག་ང་ཚོས་ཡང་བསྐྱར་ལན་གཅིག་སྐད་ལོག་རྒྱག་པའི་ནུས་པ་དེ་ད་དུང་ཡང་རང་གི་སེམས་རྒྱུད་དུ་མུ་མཐུད་ནས་ཡོད་པ་དང་། དེ་ནི་མི་རྣམས་ལ་སྐད་ལོག་རྒྱག་པའི་འདོད་ཕྱོགས་ཤིག་ཁྱེད་ལ་ཡོད་ཅེས་འགྲེལ་བརྗོད་བྱེད་ཆོག

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “ལང་ཤོར་དང་ལས།” 

ང་ཚོར་ཡོད་པའི་ཐུན་མོང་མ་ཡིན་པའི་སྤྱོད་ལམ་ཞིག་འདམས་ནས་དེའི་ཐོག་ལ་བསམ་ཞིབ་ཏོག་ཙམ་བྱ་རྒྱུ་ཡིན། གཤམ་དུ་གསལ་བ་ནང་བཞིན་དཔྱད་ཐབས་གནང་རོགས། ངའི་སྤྱོད་ལམ་ལ་འགྲོས་ངེས་ཅན་ཞིག་ཡོད། གང་ཡིན་ཞེ་ན། ངས་བྱ་བ་གཅིག་པ་ཞིག་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་འདུན་ཡོད། སྤྱོད་ལམ་གྱི་འགྲོས་དེ་ལ་བརྟེན་ནས་ངས་སྤྱོད་ལམ་དེ་ཡང་བསྐྱར་བྱ་རྒྱུའི་ནུས་པ་དེ་ད་དུང་ཡང་ཡོད་པ་རེད། དེའི་རྒྱུ་མཚན་ནི། ངས་བྱ་བ་དེ་ལྟར་བྱེད་པའི་བག་ཆགས་ཤིག་ཡོད་པས་རེད། དོན་ངོ་མར་ངའི་སྤྱོད་ལམ་ནི་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དང་ལྡན་པ་ཞིག་རེད། གང་ཡིན་ཟེར་ན། ངས་ཚོད་འཛིན་མེད་པའི་སྒོ་ནས་བྱ་སྤྱོད་དེ་འདྲ་ཡང་ནས་ཡང་དུ་སྤེལ་གྱི་ཡོད། ངས་དེ་ལྟ་བུའི་བྱ་སྤྱོད་ཇི་ཙམ་གྱི་མང་བ་སྤེལ་བ་དེའི་ཚོད་ཀྱིས་ངས་བྱ་བ་དེ་ཡང་བསྐྱར་བྱ་རྒྱུའི་ནུས་པ་ཤུགས་ཇེ་ཆེར་འགྲོ་གི་ཡོད། དེར་མ་ཟད། ནུས་པ་དེ་ཤུགས་ཇི་ཙམ་གྱི་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ངས་བྱ་བ་དེ་བསྐྱར་དུ་སྔར་ལས་མྱུར་བའི་སྒོ་ནས་བྱེད་ཀྱི་རེད། དཔེར་ན། མི་གཞན་ཞིག་ལ་སྐད་ལོག་རྒྱག་པ་ལྟ་བུ་རེད།

ཐབས་ཚུལ་འདི་སེམས་ཁམས་རིག་པའི་ལྟ་ཚུལ་གྱི་ཐོག་ནས་འགྲེལ་བརྗོད་བྱས་ན། ང་ཚོའི་བསྐྱར་ལྡབ་ཡང་ལྡབ་ཀྱི་སྤྱོད་ལམ་དེས་ནུས་ཤུགས་ཆེ་བའི་ལམ་བར་མ་ཞིག་ཚ་རྡུང་གིས་བཟོ་ལྟ་བཟོ་གི་ཡོད་པ་དང་། ལམ་དེ་ལ་བརྟེན་ནས་སྤྱོད་ལམ་དེ་ཡང་ནས་ཡང་དུ་བྱེད་པའི་ནུས་པ་ཆེན་པོ་ཞིག་ང་ཚོར་ཡོད་ཅེས་ཁྱེད་ཀྱིས་ཤོད་ཆོག

ད་ང་ཚོའི་སྤྱོད་ལམ་འདི་ཞིབ་ཅིང་ཕྲ་བར་འགྲེལ་བརྗོད་བྱ་རྒྱུ་ཡིན། དཔེར་ན། ང་རང་ལྟ་བུར་མཚོན་ན་ཡང་ནས་ཡང་དུ་ཁོང་ཁྲོ་ཟ་ཆོག་ཆོག་ཅིག་ཡིན་པ་དང་གཞན་ལ་སྐད་ལོག་རྒྱག་གི་ཡོད། དེ་ལྟར་བྱེད་པའི་ངང་ངམ་ཤུགས་ཀྱི་རང་བཞིན་ཞིག་ཡོད་པ་དང་། གལ་ཏེ་མི་རྣམས་ཧ་ཅང་ཚོར་བ་སྐྱེན་པོ་ཡོད་ན། དེ་ནི་ཕལ་ཆེར་མི་རྣམས་ཀྱིས་དང་དུ་ལེན་པའི་ངའི་གཡོ་འགུལ་ ༼སེམས་ཚོར་གྱི་གནས་བབས་༽ ལྟ་བུ་ཞིག་རེད། ཁོང་ཚོས་ “ང་མི་འདི་དང་མཉམ་དུ་ཡོད་དུས་གཟབ་གཟབ་བྱེད་དགོས། གང་ཡིན་ཞེ་ན། ཁོང་ནི་ཁོང་ཁྲོ་ཟ་ཆོག་ཆོག་ཅིག་རེད་” ཅེས་བསམ་གྱི་ཡོད། ཁོང་ཚོས་ང་ནི་ཁོང་ཁྲོ་ཟ་སླ་བ་དང་སྐད་ལོག་རྒྱག་མཁན་ཞིག་ལ་འགྲེལ་བརྗོད་བྱེད་ངེས་རེད། ངས་དངོས་གནས་སྐད་ལོག་རྒྱག་གི་ཡིན་ཞེས་པའི་ནུས་པ་ཞིག་རྟག་ཏུ་ཡོད་པ་དང་། ངས་སྐད་ལོག་རྒྱག་པའི་སྐབས། ངའི་སྐད་ལ་རྩུབ་པོ་དང་མི་སྡུག་པའི་ངང་ངམ་ཤུགས་ཀྱི་རྣམ་པ་ཞིག་ཡོད་པ་རེད། གལ་ཏེ་ཁྱེད་ཀྱིས་ངའི་སེམས་ལ་ཕོག་པའི་སྐད་ཆ་བཤད་ན། དེའི་ལན་དུ་གནོད་པའི་སྐད་ཆ་ཞིག་ཤོད་འདོད་སྐྱེ་རྒྱུ་ཡིན་པ་ཐེ་ཚོམ་མེད་ལ། ངའི་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེས་དོན་ངོ་མར་སྐད་ལོག་རྒྱག་ཏུ་འཇུག་གི་ཡོད། དེའི་སྐབས་ང་རང་སྟངས་འཛིན་དང་བྲལ་བ་ཆགས་ཡོད།

འདི་ལྟ་བུའི་ཁ་ནང་ལྟས་ཀྱི་བསམ་ཞིབ་ལ་འབད་ཐབས་གནང་རོགས་ཞུ། གལ་ཏེ་ང་ཚོས་སོ་སོའི་ལས་ཀྱི་འདོད་ཕྱོགས་དང་ནུས་པ་རྣམས་ངོས་འཛིན་ཐུབ་ན། དེ་དག་སྤོང་བར་འབད་བརྩོན་བྱ་རྒྱུ་འགོ་འཛུགས་བྱེད་ཆོག །བྱས་ཙང་། སོ་སོའི་བག་ཆགས་དེ་གང་དག་རེད་ཅེས་རང་གིས་རང་ལ་སྐད་ཆ་འདྲི་དགོས། ངས་ངང་ངམ་ཤུགས་ཀྱིས་རྗེས་སུ་འབྲང་པའི་རང་ཉིད་ལ་ཡོད་པའི་སྤྱོད་ལམ་གྱི་འགྲོས་དེ་དག་གང་རེད་དམ། སྐད་ལོག་རྒྱག་པའམ་ཡང་ན་སྐྱོན་བྲལ་ཡང་དག་ཅིག་ཡིན་པ་ལྟ་བུའི་ངང་ངམ་ཤུགས་ཀྱི་འགྲོས་དེ་དག་དགེ་བ་དང་མི་དགེ་བ་གང་རུང་ཡིན་ཆོག་པ་དྲན་དགོས།

ལས་ཀྱི་འབྲས་བུ།

ཆ་རྐྱེན་ཚང་མ་ཚང་བའི་སྐབས། ལས་ཀྱི་ནུས་པ་དང་ས་བོན་སྣ་ཚོགས་པས་ང་ཚོས་གནད་དོན་གཅིག་དང་གཅིག་ལས་མང་བ་ཉམས་སུ་མྱོང་འཇུག་གི་ཡོད་པ་ནི། བདེ་བ་དང་སྡུག་བསྔལ། སྤྱོད་ལམ་བསྐྱར་ཟློས་བྱེད་པ། ང་ཚོས་གཞན་ལ་གང་བྱས་པ་ནང་བཞིན་རང་ཉིད་ལ་གནད་དོན་དེ་མྱོང་བ་སོགས་རེད། སླར་ཡང་འདི་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། འོན་ཀྱང་ང་ཚོས་མྱོང་བའི་གནས་སྟངས་དེ་དག་འབྱུང་བར་བྱེད་པའི་ལས་ཀྱི་ནུས་པ་དང་ས་བོན་སྐོར་ཤོད་ཀྱིན་མེད་པ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དག་གིས་ང་ཚོས་དེ་དག་མྱོང་དུ་འཇུག་གི་ཡོད། དཔེར་ན། གལ་ཏེ་ང་རང་མོ་ཊས་བརྡུང་ན། ངའི་ལས་ཀྱི་ནུས་པ་དང་ས་བོན་གྱིས་མོ་ཊ་དེ་བཟོས་མེད་ལ། ཁ་ལོ་པས་ང་ལ་བརྡུང་དུ་བཅུག་མེད། ཁ་ལོ་པས་ང་ལ་བརྡུང་པ་དེ་ནི་ཁོའམ་མོའི་ལས་ཀྱི་བག་ཆགས་ཀྱི་འབྲས་བུ་རེད། ངའི་ལས་ཀྱི་བག་ཆགས་ནི་མོ་ཊས་བརྡུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་རང་ཉིད་ལ་འགན་ཡོད་པ་ཁོ་ན་དེ་རེད།

ཁྱེད་ཀྱིས་ཁྱད་པར་དེ་མཐོང་གི་འདུག་གམ། ང་ཚོས་ངས་གང་མྱོང་བའི་སྐོར་ཤོད་ཀྱིན་ཡོད། དཔེར་ན། ངས་གནམ་གཤིས་ཚ་གྲང་གང་ཡིན་ཉམས་སུ་མྱོང་གི་ཡོད། འོན་ཀྱང་ངའི་ལས་ཀྱི་ནུས་པས་གནམ་གཤིས་དེ་བསྐྲུན་པ་ཞིག་མིན། ངའི་ལས་ཀྱི་ནུས་པ་ནི། ངས་ཕྱི་ལོགས་ཆར་པའི་ནང་ཆར་གདུགས་མེད་པར་ཕྱིན་ནས་ཆར་པས་སྦང་བ་དེ་ཡིན་པ་ལས། དེས་ཆར་པ་སྐྲུན་གྱི་མེད། ཆར་ཆུ་དེས་ང་རང་རློན་པ་བཟོ་གི་ཡོད་པ་ཤོད་མི་དགོས་ཀྱང་། དེ་ནི་ལས་མ་རེད། དོན་ངོ་མར་ང་རང་ཕྱི་ལོགས་ལ་ག་དུས་འགྲོ་བའི་ཚེ་ཆར་པའི་ཉེན་ཁ་ཡོད་ན། ངས་ངང་ངམ་ཤུགས་ཀྱིས་ཆར་གདུགས་འཁྱེར་རྒྱུ་བརྗེད་ཀྱི་ཡོད། དེ་ནི་ལས་ཀྱི་བག་ཆགས་དང་ནུས་པའི་རྐྱེན་གྱིས་རེད། བག་ཆགས་དེ་ལ་བརྟེན་ནས་དེའི་འབྲས་བུར། ངས་ཆར་པས་སྦང་བའམ་རང་ཉིད་རློན་པ་ཆགས་པ་དེ་ཉམས་སུ་མྱོང་གི་ཡོད།

ལས་ཀྱི་འབྲས་བུ་རིགས་མི་འདྲ་བ།

ང་ཚོས་གནས་སྟངས་ལ་དཔག་པའི་གནད་དོན་མང་པོ་ཉམས་སུ་མྱོང་གི་ཡོད། ང་ཚོས་གང་ཉམས་སུ་མྱོང་གི་ཡོད་དམ།

  • ང་ཚོས་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་གི་ཡོད། དེ་ནི་དངོས་གནས་དོ་སྣང་ཅན་ཞིག་རེད། གང་ཡིན་ཞེ་ན། གནས་སྟངས་ཡག་པོ་ཚང་མ་ང་ཚོར་འབྱུང་ཆོག་ནའང་ད་དུང་ང་ཚོས་སྡུག་བསྔལ་ཚོར་སྲིད། ང་ཚོས་གནད་དོན་གཅིག་པ་གཅིག་རྐྱང་དེ་ཐེངས་མ་མི་འདྲ་བ་གཉིས་ལ་བྱེད་སྲིད། ཐེངས་དང་པོ་བྱེད་པའི་སྐབས་ང་ཚོས་བདེ་བ་ཚོར་གྱི་ཡོད། འོན་ཀྱང་ཐེངས་མ་གཉིས་པའི་ནང་སྡུག་བསྔལ་ཚོར་གྱི་ཡོད། འདི་ནི་ལས་ཀྱི་ནུས་པའི་འབྲས་བུ་ལ་བརྟེན་ནས་འབྱུང་གི་ཡོད།
  • དམིགས་བཀར་ང་ཚོའི་ཆེད་དུ་ཡིན་པའི་གནས་སྟངས་འགའ་ཞིག་ཉམས་སུ་མྱོང་གི་ཡོད། དཔེར་ན། མཐོང་བ་དང་ཐོས་པ་ལྟ་བུ། ང་ཚོས་ཡང་སེ་མི་རྣམས་ཕན་ཚུན་འཐབ་འཛིང་བྱེད་པའི་དྲག་ཤུལ་ཅན་གྱི་མཐོང་སྣང་དེ་འདྲ་ཅིའི་ཕྱིར་མཐོང་གི་ཡོད་དམ། ང་ཚོའི་ལས་ཀྱིས་འཐབ་འཛིང་དེ་བསྐྲུན་མེད། ཡིན་ནའང་ང་ཚོས་རྟག་ཏུ་དེ་དག་དངོས་སུ་མཐོང་གི་ཡོད་པ་དང་། དེ་ལ་སྟངས་འཛིན་མེད་པ་རེད། གནས་སྟངས་དེ་འདྲ་མཐོང་བའི་ང་ཚོའི་ཉམས་མྱོང་དེ་ཡང་ལས་ཀྱི་ནུས་པ་དང་བག་ཆགས་ཀྱི་འབྲས་བུ་ཡིན།
  • གནས་སྟངས་སྣ་ཚོགས་པའི་ནང་། སྔོན་གྱི་ལས་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་ལྟ་བུ་ང་ཚོས་ཚོར་གྱི་ཡོད། དཔེ་ཆ་བཞག་ན། ངས་ཁྱེད་ལ་སྐད་ལོག་རྒྱག་འདོད་དམ་ཡང་ན་ངས་ཁྱེད་ལ་འཐམ་འདོད་ཡོད་པ་ལྟ་བུ། ང་ཚོས་གང་བྱེད་འདོད་ཡོད་པ་དེ་ནི། སྔོན་བྱས་ཟིན་པའི་ལས་ཀྱི་བག་ཆགས་ལས་འབྱུང་གི་ཡོད། ལས་དེ་ལས་ལ་བརྟེན་ནས་སྨིན་གྱི་མེད་པ་ཤེས་དགོས། ལས་ཀྱི་བག་ཆགས་ནི་ལས་ཤིག་བསྐྱར་ཟློས་བྱེད་དུ་འཇུག་པའི་ངང་ངམ་ཤུགས་ཀྱིས་སྨིན་གྱི་མེད་པར། དེ་ནི་ལས་བྱ་རྒྱུའི་འདུན་པ་དང་འདོད་པ་ཡོད་པའི་རྐྱེན་གྱིས་སྨིན་གྱི་ཡོད། ལས་ཤིག་བྱེད་འདོད་ཡོད་པ་ལ་བརྟེན་ནས་ང་ཚོས་ལས་དངོས་སུ་བྱེད་པའི་ངང་ངམ་ཤུགས་ཀྱི་རང་བཞིན་ལ་འཁྲིད་སྲིད་པ་ཡིན་ལ་མི་སྲིད་པའང་ཡིན།
  • གནས་སྟངས་གཞན་འགའ་ཞིག་གི་ནང་། ང་ཚོས་འབྱུང་བཞིན་པའི་གནས་སྟངས་ཉམས་སུ་མྱོང་གི་ཡོད་པ་དང་། དེ་ཡང་སྔོན་ང་ཚོས་གཞན་ལ་གང་བྱས་ཟིན་པ་དང་མཚུངས་པ་ཞིག་ཡིན། བྱས་ཙང་། མི་གཞན་ལ་སྐད་ལོག་རྒྱག་པའི་བག་ཆགས་དེ་ལས་ང་ཚོས་མི་གཞན་རྣམས་ཀྱིས་རང་ཉིད་ལ་སྐད་ལོག་རྒྱག་པ་དེ་ཉམས་སུ་མྱོང་གི་ཡོད། གལ་ཏེ་ང་ཚོས་གཞན་ལ་མགོ་སྐོར་བཏང་ན། གཞན་གྱིས་ཀྱང་རང་ཉིད་ལ་མགོ་སྐོར་གཏོང་བ་དེ་ཉམས་སུ་མྱོང་གི་ཡོད།

འདི་ནི་ནམ་རྒྱུན་རྟོགས་ལས་སླ་པོ་ཞིག་མེད། གང་ཡིན་ཟེར་ན། འདིའི་ཁོངས་སུ་ནམ་རྒྱུན་སྐྱེ་བ་སྔོན་མ་དེ་གཏོགས་ཀྱི་ཡོད། ཡིན་ནའང་སོ་སོ་རང་རྒྱུད་ལ་འགྲོ་ལུགས་འགྲོ་སྟངས་འགའ་ཞིག་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་དོ་དབྱིངས་ཅན་ཞིག་རེད། དཔེར་ན། ཕྲ་མའི་སྐད་ཆ་བཤད་པ་ལ་མཚོན་ན། དེ་ནི་མི་ཞིག་གི་སྐོར་ལ་མི་དེའི་གྲོགས་པོ་སོགས་གཞན་དག་ལ་ངན་ལབ་བྱས་ནས་ཕན་ཚུན་འབྲེལ་ལམ་གཅོད་ཐབས་བྱེད་པ་ཞིག་རེད། དེ་ལྟ་བུའི་སྤྱོད་ལམ་གྱི་བག་ཆགས་ཀྱི་འབྲས་བུ་ནི། ང་ཚོས་སོ་སོ་རང་ཉིད་ཀྱི་གྲོགས་པོ་ཚོས་རང་ཉིད་གཡུགས་ནས་འགྲོ་བའི་སྡུག་བསྔལ་དེ་ཉམས་སུ་མྱོང་བ་དང་། ང་ཚོའི་གྲོགས་པོ་དང་ཟླ་གྲོགས་རྣམས་ཡུན་རིང་མི་གནས་པ། དེ་བཞིན་མི་རྣམས་ང་ཚོའི་མི་ཚེ་ནས་ཕྱི་ལོགས་སུ་འགྲོ་གི་ཡོད། ང་ཚོས་གཞན་དག་ཁ་གྱེས་པའི་རྒྱུ་བྱེད་ཀྱི་ཡོད་པས། ད་གཟོད་ང་ཚོས་སོ་སོ་རང་ཉིད་ཀྱི་འབྲེལ་བ་ཡུན་དུ་མི་གནས་པ་དེ་མྱོང་གི་ཡོད།
 
ཁྱེད་ཀྱིས་དེ་ནི་ལས་ཀྱི་རིམ་པ་ཞིག་གི་ཐོག་ནས་ཤེས་ཆོག་ཀྱང་། ད་དུང་སེམས་ཁམས་རིག་པའི་རིམ་པ་ཐོག་ནས་ཀྱང་རྟོགས་ཐུབ། གལ་ཏེ་ངས་ཁྱེད་ལ་མི་གཞན་གྱི་སྐོར་མི་སྡུག་པ་དང་ངན་ལབ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་ངས་ཁྱེད་ལ་ཁྱེད་ཀྱི་གྲོགས་པོ་གཞན་རྣམས་ཀྱི་སྐོར་ངན་ལབ་བྱས་ན། ཁྱེད་ཀྱིས་ག་རེ་བསམ་གྱི་རེད་དམ། ཁྱེད་ཀྱིས་ “ཁོས་ངའི་རྒྱབ་ལ་ག་རེ་ཤོད་ཀྱི་རེད་དམ་” ཞེས་བསམ་ངེས་རེད། ང་ཚོས་གྲོགས་པོའི་འབྲེལ་བ་དེ་ཆད་ཀྱི་ཡོད་པ་རང་བཞིན་གྱིས་མྱོང་ངེས་རེད།

གལ་ཏེ་ང་ཚོས་ལས་ཀྱི་རྒྱུའི་འབྲེལ་བ་དེ་དག་ལ་བསམ་བློ་གཏིང་ཟབ་པོ་བཏང་ན། དེ་དག་གིས་གོ་དོན་ཞིག་སྟོན་གྱི་རེད། ང་ཚོས་གཞན་ལ་གང་བྱས་པ་དང་གཅིག་པ་ཞིག་ང་ཚོར་འབྱུང་གི་ཡོད་པ་མྱོང་གི་ཡོད། འདིར་ང་ཚོས་ག་རེ་མྱོང་གི་ཡོད་པའི་སྐོར་ཤོད་ཀྱིན་ཡོད་པ་ལས། མི་གཞན་དེས་ང་ཚོར་ག་རེ་བྱེད་ཀྱི་ཡོད་པའི་སྐོར་ཤོད་ཀྱི་མེད་པ་དེ་དྲན་དགོས། ཁོང་ཚོས་གང་བྱས་པ་དེ་བྱེད་དུ་འཇུག་པའི་ལས་ཀྱི་རྒྱུ་ཡོད།

ད་དུང་ལས་ཀྱི་བག་ཆགས་ཀྱི་འབྲས་བུའི་རིགས་གཞན་ཞིག་ནི། ང་ཚོས་གཞན་དང་མཉམ་དུ་ཉམས་སུ་མྱོང་བའི་གནད་དོན་དེ་ཁོང་ཚོས་ཀྱང་ཉམས་སུ་མྱོང་གི་ཡོད། དཔེར་ན། རང་ཉིད་ཁོར་ཡུག་དང་སྤྱི་ཚོགས་ཤིག་གི་ནང་ཡོད་པ་དང་། དེར་ང་ཚོ་ཚང་མར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་པ་ལྟ་བུ་རེད། དེ་ནི་ཧ་ཅང་བཙོག་པ་ཡོད་སའམ། ཡང་ན་འབགས་བཙོག་མེད་པའི་ས་ཆ་ཞིག་ཏུ་སྐྱེས་པའམ་དེར་གནས་པ་ལྟ་བུ་རེད། ཡང་ན་ང་ཚོ་ལྐོག་ཟ་རུལ་སུངས་ཧ་ཅང་ཤུགས་ཆེན་བྱེད་པའི་སྤྱི་ཚོགས་ཤིག་གི་ནང་སྡོད་པ་དེ་ཉམས་སུ་མྱོང་ཆོག་ལ་མི་རྣམས་ཧ་ཅང་དྲང་བདེན་ཡིན་པའི་སྤྱི་ཚོགས་ཤིག་གི་ནང་དུའང་གནས་ཆོག །དེ་དག་ནི་ང་ཚོ་ཚང་མས་མཉམ་དུ་ས་ཆ་གཅིག་གམ་སྤྱི་ཚོགས་གཅིག་གི་ནང་ཉམས་སུ་མྱོང་བའི་གནད་དོན་ཞིག་རེད།

ལས་ཀྱིས་བྱ་བ་ཇི་ལྟར་བྱེད་པའི་སྐོར་བསམ་ཞིབ།

དེ་དག་ཐམས་ཅད་ནི་ང་ཚོས་ལས་ཀྱི་བག་ཆགས་ཀྱི་འབྲས་བུ་ཉམས་སུ་མྱོང་བའི་གནད་དོན་རྣམས་རེད། ང་ཚོས་བདེ་བ་མྱོང་གི་ཡོད་ལ་སྡུག་བསྔལ་མྱོང་གི་ཡོད། དེ་བཞིན་གནད་དོན་སྣ་ཚོགས་པ་མཐོང་ཐོས་ཡོང་གི་ཡོད། གནས་སྟངས་སྣ་ཚོགས་དང་འཕྲད་ཀྱི་ཡོད་པ་དེ་དག་ཐམས་ཅད་མཉམ་དུ་ང་ཚོས་སྔོན་གྱི་སྤྱོད་ལམ་གྱི་འགྲོས་བསྐྱར་ཟློས་བྱེད་འདོད་སྐྱེ་བའི་རྐྱེན་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་རེ་འདུན་དེ་དངོས་གནས་ལག་བསྟར་བྱས་ན། དེར་ལས་དེ་བྱེད་དུ་འཇུག་མཁན་གྱི་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་ཤིག་ཡོད། དེ་ཡང་ང་ཚོ་ལ་ནམ་རྒྱུན་ཐག་གཅོད་དེ་མེད་པ་ལྟ་བུ་ཚོར་གྱི་ཡོད། དཔེར་ན། ངས་ཁྱེད་ལ་སྐད་ལོག་རྒྱག་འདོད་སྐྱེ་བའི་ཚེ། ངས་ངང་ངམ་ཤུགས་ཀྱིས་སྐད་ལོག་རྒྱག་པ་དང་དེའི་འགྲོས་དེ་བསྐྱར་ཟློས་བྱེད་ཀྱི་ཡོད། ང་ཚོས་ཚོར་བ་དེ་ལ་བརྟེན་ནས་སྐད་ལོག་རྒྱག་རྒྱུའི་བྱ་སྤྱོད་མི་སྤེལ་བའི་ཐག་གཅོད་བྱེད་ཆོག་ཀྱང་། གནས་སྟངས་རྣམས་ཧ་ཅང་མྱུར་པོ་འབྱུང་གི་ཡོད་པས། ང་ཚོས་ངང་ངམ་ཤུགས་ཀྱིས་སྐད་ལོག་རྒྱག་གི་ཡོད། ང་ཚོས་སྤྱོད་ལམ་དེའི་འགྲོས་དེ་བསྐྱར་ཟློས་བྱེད་པ་དང་། ཡང་ནས་ཡང་དུ་སྐད་ལོག་རྒྱག་པའི་ནུས་པ་དེ་ཤུགས་ཆེ་རུ་གཏོང་གི་ཡོད། གང་ཡིན་ཞེ་ན། བག་ཆགས་ནི་དེར་ཡོད་པ་དང་ང་ཚོའི་སྐད་ཆ་ཤོད་སྟངས་དང་བྱ་བ་བྱེད་སྟངས་ཀྱི་ཐད་ལ་ངང་ངམ་ཤུགས་ཀྱི་རང་བཞིན་ངེས་ཅན་ཞིག་ཡོད། དེ་ནི་ལས་ཀྱི་བྱ་བ་བྱེད་སྟངས་དེ་རེད།

གོང་དུ་ཞུས་པའི་གནད་དོན་དེ་དག་ཐམས་ཅད་ལ་དུས་ཚོད་ཏོག་ཙམ་བཏང་ནས་བསམ་ཞིབ་བྱེད་དགོས་པ་དང་། དེ་དག་སོ་སོའི་སེམས་རྒྱུད་དུ་ངེས་སུ་འཇུག་དགོས།།

Top