བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱི་རིམ་པ་གཞན་གཉིས།

བསྐྱར་ཞིབ།

ཆོས་ཕྱོགས་ཡར་རྒྱས་ཀྱི་ཐོག་མའི་རིམ་པའི་སྐབས། ང་ཚོས་མི་དགེ་བའི་སྤྱོད་ལམ་སྤོང་ཕྱིར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད། ང་ཚོའི་དམིགས་ཡུལ་ནི། ཚེ་འདིའི་ནང་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བ་བྱ་རྒྱུ་ཙམ་མ་ཟད། སྐྱེ་བ་ཕྱི་མའི་ནང་དུའང་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བ་དགོས། ང་ཚོས་སྐྱེ་བ་བཟང་པོ་ཞིག་སྐྱེ་བར་འབད་ཀྱི་ཡོད་པ་དང་། དེ་ལས་ང་ཚོས་ཉམས་སུ་མྱོང་ཐུབ་པའི་བདེ་བ་ཉི་ཚེ་བའི་རིགས་འཐོབ་ཐབས་བྱེད་ཀྱི་ཡོད། སྡུག་བསྔལ་དང་མི་སྐྱིད་པ་ཇེ་མང་ནས་ཇེ་མང་མྱོང་བར་ཞེད་སྣང་ལ་བརྟེན་ནས་དམིགས་ཡུལ་དེ་འཐོབ་པར་ང་ཚོ་སེམས་འགུལ་ཐེབས་ཡོད། འོན་ཀྱང་དེ་སྤོང་བའི་ཐབས་ཤིག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ནི་རང་ཚུགས་ཟིན་པ་དང་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་སྤོང་བའི་ཐབས་ལག་བསྟར་བྱས་ནས་སྤོང་ཐུབ། འདོད་རྔམ་དང་ཁོང་ཁྲོ་སོགས་ཉོན་མོངས་འགའ་ཞིག་གཞི་རྩར་བྱས་ནས་ང་ཚོས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བྱེད་འདོད་སྐྱེ་བའི་སྐབས། ཚོར་བ་དེ་ཤེས་རྟོགས་བྱུང་ནས་ལས་དེ་བྱེད་ཀྱི་མེད། ལས་དོན་ཞིག་བྱེད་འདོད་ཡོད་པའི་ཚོར་སྣང་དང་ངང་ངམ་ཤུགས་ཀྱིས་ལས་དོན་དེ་བྱེད་པ་གཉིས་བར་གྱི་སྟོང་ཆ་དེ་འཛིན་པར་ང་ཚོ་གང་འཚམས་ཀྱི་དལ་ལྷོད་ངང་གནས་དགོས་ཤིང་། དེ་ནི་ཐོག་མར་དཀའ་ལས་ཁག་པོ་ཡོད་ནའང་། ང་ཚོས་དེ་ཤེས་རྟོགས་ཐུབ་པའི་ཆེད་དུ་སྦྱོང་བརྡར་བྱེད་ཆོག

ཁྱེད་རང་མར་བསྡད་ནས་ལས་ཀ་བྱེད་ཐབས་བྱེད་བཞིན་པའི་སྐབས། ཁྱེད་རང་ཉོབ་ཏོ་ཆགས་པ་ལ་བསམ་བློ་གཏོང་དང་། དེ་ནས་ངོ་དེབ་སྔོག་བཤེར་བྱ་རྒྱུའི་ཚོར་བ་སྐྱེ་བ་དང་། རང་གི་ལག་ཐོགས་ཁ་པར་ནང་གསར་འགྱུར་སྔོག་བཤེར་བྱེད་པའམ། ཡང་ན་རང་གི་གྲོགས་པོ་ཞིག་ལ་བརྡ་འཕྲིན་གཏོང་འདོད་ཡོང་གི་ཡོད། ང་ཚོའི་ཡར་རྒྱས་ཀྱི་རིམ་པ་དེའི་ནང་། ཚོར་བ་དེ་འདྲ་སྐྱེ་བའི་སྐབས་ང་ཚོས་ཤེས་རྟོགས་བྱུང་ནས། “གལ་ཏེ་ངས་བྱ་བ་འདི་བརྩམས་ན། ངའི་ལས་དོན་འགྲུབ་ཀྱི་མ་རེད། དེས་དཀའ་ངལ་བཟོ་གི་རེད། བྱས་ཙང་། ང་རང་ག་རེ་བྱེད་འདོད་ཡོད་མེད་ལ་མ་བལྟོས་པར། ངས་བྱེད་ཀྱི་མིན་” ཞེས་ཐག་གཅོད་གཙང་མ་བྱེད་ངེས་རེད།  

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “ལང་ཤོར་ཅན་གྱི་བྱེད་སྟངས་སྤོང་བ།”

རིམ་པ་གཉིས་པ། སླར་ཡང་སྐྱེ་བ་ལས་ཡོངས་སུ་ཐར་བར་འབད་པ།

ལམ་རིམ་གྱི་ཀུན་སློང་གཉིས་པའམ་སྐྱེས་བུ་འབྲིང་གི་རིམ་པའི་སྐབས། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ཡོངས་སུ་རྫོགས་པ་ལས་རྦད་དེ་ཐར་བར་འབད་བརྩོན་བྱེད་པ་དེ་རེད། དེ་ནི་འཁོར་བའི་དོན་ཡིན་པ་དྲན་དགོས་ཤིང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ནི་དཀའ་ངལ་གྱིས་ཁེངས་ནས་ཡོད་པ་དང་། དཀའ་ངལ་དེ་དག་ཀྱང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་གི་ཡོད། ཁྱེད་ཀྱིས་དེ་བཀག་འགོག་བྱེད་མི་ཐུབ། དེ་དག་ནི་སྐྱིད་པོ་མེད་པའི་དཀའ་ངལ་ཙམ་མིན་པར། སངས་རྒྱས་ཀྱིས་གསུངས་པའི་སྡུག་བསྔལ་བདེན་པའི་རྣམ་པ་གཞན་གཉིས་ཀྱང་ཡིན་ཏེ། འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་ཡིན།

བདེ་བ་ཉི་ཚེ་བ།

འགྱུར་བའི་སྡུག་བསྔལ་ནི་ང་ཚོའི་བདེ་བ་ཉི་ཚེ་བར་གོ་ཞིང་། སྟབས་ཉེས་པ་ཞིག་ལ། བདེ་བ་ཉི་ཚེ་བ་དང་འབྲེལ་བའི་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད། ཐོག་མར་བདེ་བ་ཉི་ཚེ་བ་དེ་གཏན་དུ་གནས་ཀྱི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་འདི་ལ་ “འགྱུར་བའི་སྡུག་བསྔལ་” ཞེས་བརྗོད་ཀྱི་ཡོད། དེ་ལ་འདོད་བློ་ཚིམ་རྒྱུ་ནམ་ཡང་མེད། གང་ཡིན་ཞེ་ན། ང་ཚོ་ལ་རྟག་ཏུ་དེ་ལས་མང་བ་དགོས་ཀྱི་ཡོད། གལ་ཏེ་ང་ཚོར་བདེ་བ་དེ་དུས་ཚོད་ཧ་ཅང་རིང་པོའི་ནང་མང་དྲགས་ན། ང་ཚོ་ཉོབ་སྣང་སྐྱེ་བ་དང་དེ་སྡུག་བསྔལ་ལ་འགྱུར་གྱི་ཡོད། དཔེར་ན། ཉི་མའི་ནང་ཉི་མ་ལྡེས་ནས་སྡོད་པ་དེ་དུས་ཚོད་གང་འཚམ་གྱི་རིང་ལ་ཧ་ཅང་སྐྱིད་པོ་ཚོར་གྱི་ཡོད། འོན་ཀྱང་ཁྱེད་རང་ཉི་མ་ཚ་པོའི་ནང་མུ་མཐུད་དེ་དུས་ཚོད་ཧ་ཅང་རིང་པོ་སྡོད་འདོད་མེད། དུས་ཚོད་ཏོག་ཙམ་རྗེས་སུ་ཁྱེད་རང་གྲིབ་ནག་ཡོད་སར་འགྲོ་དགོས་ཐུག་གི་ཡོད། ཡང་ན་སོ་སོའི་དགའ་ས་ཉེ་སའི་མི་ཞིག་གིས་ཁྱེད་ཀྱི་ལག་པ་བྱུག་བྱུག་དང་བྱིལ་བྱིལ་གཏོང་བའི་སྐབས། ཁྱེད་ལ་དེ་ལྟར་ཆུ་ཚོད་གསུམ་ཙམ་གྱི་རིང་མུ་མཐུད་དེ་བར་མ་ཆད་པར་བྱིལ་བྱིལ་བཏང་ན། ཁྱེད་ཀྱི་ལག་པ་ཧ་ཅང་ན་ཟུག་གཏོང་ངེས་རེད། བྱས་ཙང་། དེ་དང་འདྲ་བར་བདེ་བ་ཉི་ཚེ་བ་ལ་དཀའ་ངལ་སྣ་ཚོགས་ཡོད་པ་རེད།
 
ང་ཚོའི་བདེ་བ་ཉི་ཚེ་བ་ནི། སྔོན་དགེ་བའི་ལས་བྱས་པའི་འབྲས་བུ་ཡིན་ནའང་། ད་དུང་དེ་རྨོངས་པ་དང་འདྲེས་ནས་ཡོད། དེ་ནི་དབང་རྩ་འཁྲུགས་པའི་སྐྱོན་བྲལ་ཡང་དག་ཅིག་གིས་ངང་ངམ་ཤུགས་ཀྱིས་རང་གི་ཁང་པ་གཙང་མ་བཟོ་བ་དང་། ཚང་མ་གྲ་འགྲིག་པོ་ཡོད་མེད་ངེས་བརྟན་བཟོ་བའི་དཔེ་ནང་བཞིན་རེད། ཁོང་ཚོས་གཙང་མ་བཟོ་ཚར་བའི་རྗེས་དུས་ཚོད་ཏོག་ཙམ་གྱི་རིང་ལ་སྐྱིད་པོ་ཚོར་གྱི་ཡོད། ཡིན་ནའང་འདོད་བློ་མི་ཚིམ་པའི་གདུང་བ་སྐྱེས་ནས་ཁོང་ཚོས། “དེ་ནི་འགྲིག་ངེས་ཀྱི་གཙང་མ་མི་འདུག །ངས་ས་ཆ་གཅིག་གཙང་མ་བཟོ་རྒྱུ་ལྷག་ཡོད་ས་རེད། ངས་དེ་ཡང་བསྐྱར་གཙང་མ་བཟོ་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད། དེ་ལྟ་བུའི་གང་ཟག་གིས་བདེ་བ་གང་འདྲ་ཞིག་ཉམས་སུ་མྱོང་བ་དེ་ཡུན་དུ་གནས་པ་ཞིག་ཡོང་གི་མེད། ཁོང་ཚོས་སོ་སོའི་ཁང་པ་དེ་ད་དུང་ཡང་རྟག་ཏུ་དེ་ལས་ལྷག་གཙང་མ་བཟོ་ཐུབ་པ་ཚོར་གྱི་ཡོད།

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ།

སྡུག་བསྔལ་གྱི་རིགས་གསུམ་པ་དེ་ལ་ཁྱབ་པ་འདུ་བྱེད་ཀྱི་དཀའ་ངལ་ལམ་སྡུག་བསྔལ་ཟེར་གྱི་ཡོད། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་སའི་འཁོར་བ་ལ་གོ་བ་དང་། དོན་ངོ་མར་སྐྱེ་བ་རེ་རེའི་ནང་ང་ཚོར་རང་ཤུགས་ཀྱིས་དཀའ་སྡུག་སྐྲུན་མཁན་གྱི་ལུས་དང་སེམས་ཡོད་པ་རེད། དེའི་སྐོར་ལ་བསམ་བློ་གཏོང་དང་། ང་ཚོར་ད་ལྟ་ཡོད་པའི་ལུས་ལ་བརྟེན་ནས་ཁྱེད་ཀྱིས་རྐང་འོག་ཏུ་སེམས་ཅན་གང་རུང་མི་རྫི་བ་དང་མི་གསོད་པར་གོམ་པ་སྤོ་བའི་ཐབས་མེད་པ་དང་། ཐ་ན་ཁྱེད་རང་དཀར་ཟས་སྐྱོང་མཁན་ཞིག་ཡིན་ནའང་། ཟས་ཀྱི་ཐོན་སྐྱེད་འདོན་ལས་སྐབས། འབུ་སྲིན་དང་དུད་འགྲོ་སེམས་ཅན་གཞན་མི་གསོད་པར་ཁྱེད་ཀྱིས་བཟའ་མ་བཟའ་མི་ཐུབ། ང་ཚོའི་ལུས་པོ་ནད་པ་ཆགས་པ་དང་། ང་ཚོའི་ལུས་སེམས་གཉིས་ཀ་ཐང་ཆད་ཀྱི་ཡོད། ང་ཚོས་ངལ་གསོ་ངེས་པར་དུ་རྒྱག་དགོས། བཟའ་མ་ངེས་པར་དུ་བཟའ་དགོས། ང་ཚོས་ངེས་པར་དུ་འཚོ་བ་བསྐྱལ་དགོས། དེ་ནི་ལས་སླ་མོ་ཞིག་མེད། ཡོད་དམ།
 
དེ་ནས་ང་ཚོའི་སྐྱེ་བ་ཕྱི་མའི་ནང་། གལ་ཏེ་ང་ཚོ་བསོད་ནམས་ཆེན་པོ་ཡིན་ན། ང་ཚོ་སླར་ཡང་མི་ལུས་བླངས་ནས་ད་གཟོད་ང་ཚོ་ཕྲུ་གུ་མ་འབྱར་ཞིག་རེད། དེ་ནི་གང་འདྲ་ཞེད་སྣང་འདུག་གམ། ཁྱེད་རང་ངུ་རྒྱུ་ཙམ་ལས་གཞན་ཅི་གང་བརྗོད་མི་ཐུབ། ཁྱེད་ཀྱིས་གང་ཡང་བྱེད་མི་ཐུབ་པར་ཚང་མ་ཡང་བསྐྱར་འགོ་ནས་སྦྱོང་དགོས་ཀྱི་ཡོད། དེ་ནི་དངོས་གནས་ཉོབ་སྣང་ཅན་ཞིག་རེད། ཡ་ང་བའི་གནས་སྟངས་ཤིག་ནི། ང་ཚོས་དེ་ལྟར་གྲངས་མེད་པར་ཡང་ནས་ཡང་དུ་བྱེད་དགོས། སློབ་གྲྭར་ཡང་བསྐྱར་འགྲོ་དགོས་པར་བསམ་བློ་གཏོང་དང་། ཁྱེད་རང་སླར་ཡང་སློབ་གྲྭ་ཐེངས་མ་ཧ་ཅང་མང་པོ་འགྲོ་བ་དང་། ནང་ལས་རྫོགས་མཐའ་མེད་པ་བྱེད་པ། ཡིག་རྒྱུགས་འཛད་མཐའ་མེད་པ་གཏོང་འདོད་ཡོད་དམ།
 
དེར་བརྟེན་འདི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་འདིའི་རྗེས་འབྲས་སུ་ང་ཚོར་ཡོད་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལམ་དཀའ་ངལ་ཞིག་རེད། ང་ཚོ་གནས་བབས་འདི་ལས་བཟང་བ་ཞིག་ཏུ་སྐྱེས་ནའང་འདྲ་སྟེ། ཐ་ན་མི་ལུས་རིན་ཆེན་གྱི་སྐྱེ་བ་བླངས་ནའང་། ང་ཚོར་ད་དུང་ཡང་ཁྱབ་པ་འདུ་བྱེད་ཀྱི་དཀའ་ངལ་དེའི་རིགས་ཡོད། དེ་ལས་ཐར་བའི་ཐར་པ་དེ་ང་ཚོར་འཐོབ་འདོད་ཡོད་པ་དང་། དེ་འཐོབ་པར་བྱེད་པར། ང་ཚོས་ངང་ངམ་ཤུགས་ཀྱི་ལས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ལས་ཐར་དགོས་ཤིང་། མི་དགེ་བའི་ལས་ཀྱི་རིགས་ཙམ་མིན་པར། དགེ་བའི་ལས་ཀྱི་རིགས་ལས་ཀྱང་ཐར་དགོས།

ཐར་པ་ལས་འབྱུང་བའི་བདེ་སྐྱིད།

ང་ཚོའི་བདེ་བ་ཉི་ཚེ་བར་ཡང་བསྐྱར་བསམ་བློ་གཏོང་དགོས། ཐུན་མོང་མིན་པའི་ཆ་ནས་བཤད་ན། དེ་ལ་ “ཟག་བཟས་ཀྱི་བདེ་བ་” ཟེར་གྱི་ཡོད། གང་ཡིན་ཞེ་ན། དེ་ནི་རྨོངས་པ་དང་འདྲེས་པའམ་རྨོངས་པའི་དྲི་མས་གོས་ནས་ཡོད། དེའི་དོན་ནི་ཟག་བཅས་ཀྱི་བདེ་བ་དེ་རྨོངས་པ་ལས་འབྱུང་གི་ཡོད་པ་དང་རྨོངས་པས་གྲོགས་བྱས་ཡོད། ང་ཚོས་དེའི་ཐད་ལ་འཛིན་པའི་བློའི་ཁྱེར་སོ་དེ་འགྱུར་བ་མ་བཏང་ན། དེས་རྨོངས་པ་དེ་ལས་མང་བ་སྐྱེད་པར་བྱེད་ཀྱི་ཡོད། དེའི་ཚབ་ལ་ང་ཚོར་གང་དགོས་སམ་ཞེ་ན། རྨོངས་པ་དང་མ་འདྲེས་པའི་བདེ་བ་ཞིག་འཐོབ་དགོས། དེ་ནི་ཡུན་གནས་ཐུབ་པ་དང་འདོད་བློ་ཚིམས་པའི་བདེ་སྐྱིད་དེ་ཡིན། དེ་ནི་ང་ཚོའི་བདེ་བ་དཀྱུས་མའམ་ཉི་ཚེ་བ་དེ་ལས་རྦད་དེ་མི་འདྲ་བའི་བདེ་བ་ཞིག་ཡིན། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ལས་བྱུང་བའི་བདེ་བ་རེད། དེ་ལ་རྨོངས་པ་མེད།
 
དཔེ་མཚོན་ཆུང་ངུ་ཞིག་ལ་བསམ་བློ་གཏོང་དང་། དེ་ནི་བདེ་བ་དེ་དང་ཅུང་ཟད་འདྲ་པོ་ཡོད། འོན་ཀྱང་གཅིག་པ་མིན། ཁྱེད་ཀྱིས་ཉིན་གང་པོར་ལྷམ་གོག་ཧ་ཅང་དམ་པོ་ཞིག་གྱོན་པ་དང་། ཉིན་གྱི་མཐའ་མ་དེར་ཁྱེད་ཀྱིས་ལྷམ་གོག་ཕུད་པའི་སྐབས། ཧ་ཅང་ངལ་སེལ་གྱི་ཚོར་བ་ཞིག་སྐྱེས་ནས། “ཨེ་མ། ང་རང་དམ་བསྒྲགས་འདི་དང་རྐང་པའི་ན་ཟུག་ལས་ཐར་སོང་།” ཞེས་བརྗོད་ཀྱི་རེད། དེ་ནི་ང་ཚོས་སོ་སོའི་དགའ་བའི་ཟས་བཟའ་བའི་བདེ་སྐྱིད་དང་མི་འདྲ་བའི་བདེ་བ་གཞན་ཞིག་རེད། མ་རེད་དམ། ང་ཚོས་དབང་རྩ་འཁྲུགས་པའི་བསམ་བློ་དང་། སེམས་འཁྲལ། ཉེན་སྲུང་མེད་པ་སོགས་ཚང་མ་ལས་ཐར་བའི་ངལ་སེལ་གྱི་ཚོར་བའི་སྐོར་ཤོད་ཀྱིན་ཡོད། གལ་ཏེ་ཁྱེད་རང་སེམས་ཚོར་གྱི་སྒོ་ནས་ཆ་སྙོམ་མེད་པ་དང་། ཉེན་སྲུང་མེད་པ། ཡང་ན་སླར་ཡང་སེམས་འཁྲེལ་མེད་པ་ཞིག་དུས་ནམ་ཡང་ཆགས་མེད་ན། དེ་ནི་ངོ་མཚར་བ་ཞིག་མ་ཡིན་ནམ། དེ་ནི་ཅི་འདྲའི་ངལ་བ་ལས་སེལ་བ་ཞིག་མ་ཡིན་ནམ།
 
ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། སྐྱེ་བ་དེ་ག་རང་ཚུད་པའི་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་རྫོགས་པ་ལས་ཐར་བའི་སྐོར་ཤོད་པའི་སྐབས། འདི་ནི་ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པའི་བརྡ་སྟོན་ཞིག་རེད། དེ་ལྟར་ཡོང་བ་ལ་ང་ཚོས་མི་དགེ་བའི་ལས་ཙམ་མིན་པར། ངང་ངམ་ཤུགས་ཀྱི་ལས་ཀྱི་རྣམ་པ་ཚང་མ་ལས་ཐར་དགོས། ང་ཚོས་ཐ་ན་ངང་ངམ་ཤུགས་ཀྱིས་དགེ་བའི་ལས་བྱེད་པ་ལས་ཀྱང་ཐར་དགོས། རང་ཉིད་གཙང་མ་དང་ལས་དོན་ཐམས་ཅད་གང་ལེགས་བྱེད་ཐབས་བྱེད་པ་དེ་ལ་ནོར་བ་དང་འཁྲུལ་བ་གང་ཡང་མེད། དཀའ་ངལ་ནི་གང་བྱེད་པ་དེ་ངང་ངམ་ཤུགས་དང་དབང་རྩ་འཁྲུགས་པའི་མངོན་རྟགས་ཀྱིས་ང་ཚོའི་སེམས་ཀྱི་ཞི་བདེ་ལ་སུན་པོ་བཟོས་ནས་སྟངས་འཛིན་དང་བྲལ་བ་ཆགས་ཀྱི་ཡོད། དེ་ནི་ང་ཚོས་སྤོང་དགོས་པ་ཞིག་རེད།

དགེ་བའི་སེམས་ཚོར་དང་ཉོན་མོངས་པའི་བསམ་ཕྱོགས་དབར་རྣམ་པར་འབྱེད་པ།

ང་ཚོས་དགེ་བའི་བྱ་སྤྱོད་སྤེལ་བའི་སྐབས། དེ་དང་མཉམ་དུ་འགྲོགས་པའི་དགེ་བའི་སེམས་ཚོར་རྣམས་ཡོད་དེ།

  • ཆགས་བྲལ། གང་ལའང་མི་ཆགས་པ། འདི་ནི་འདོད་ཆགས་ཀྱི་ལྡོག་ཟླ་ཡིན།
  • གཞན་ལ་གནོད་འཚེ་བྱེད་འདོད་མེད་པ།
  • གཏི་མུག་ཅན་མིན་པ། ང་ཚོའི་སྤྱོད་ལམ་གྱིས་རང་ཉིད་དང་གཞན་རྣམས་ལ་ཕན་གནོད་འགྲོ་ཚུལ་ཐད་གཟབ་ནན་དང་ཚོར་བ་སྐྱེན་པོ་བྱེད་པ།

ཕན་བྱེད་དགེ་བའི་སྤྱོད་ལམ་དང་མཉམ་དུ་འགྲོགས་པའི་དགེ་བའི་སེམས་བྱུང་གཞན་དག་ཀྱང་ཡོད་དེ།

  • ཡོན་ཏན་དང་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་ལ་གུས་ཞབས་བྱེད་པ།
  • མི་དགེ་བའི་ལས་བྱ་རྒྱུ་སྤོང་བའི་རང་ཚུགས་ཐུབ་པ།
  • རང་གིས་རང་ལ་བཟང་སྤྱོད་ཀྱི་ཆེ་མཐོང་ཡོད་པ་སྟེ། དེ་ལ་བརྟེན་ནས་སོ་སོ་རང་ཉིད་དང་སོ་སོའི་ཚོར་བ་ལ་གུས་ཞབས་བྱེད་པ།
  • ང་ཚོའི་བྱ་སྤྱོད་ཀྱིས་གཞན་ལ་ཕན་གནོད་འགྲོ་ཚུལ་ཐད་གཟབ་ནན་བྱེད་པ།

དེ་དག་ལས་གཅིག་ཀྱང་དཀའ་ངལ་བཟོ་མཁན་མིན། དེ་དག་གིས་ང་ཚོའི་ཕན་བྱེད་དགེ་བའི་སྤྱོད་ལམ་གྱི་གྲོགས་བྱེད་ཀྱི་ཡོད་པས། ང་ཚོས་དེ་དག་སྤོང་འདོད་མེད། འོན་ཀྱང་འདིར་ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་ལ་གྲོགས་བྱེད་མཁན་དང་དཀའ་ངལ་བཟོ་མཁན་ནི་ཉོན་མོངས་པ་རེད། དེ་ཡང་ལས་སླ་བའི་སྒོ་ནས་བཤད་ན། དེ་ནི་ “བདག་གམ་ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པར་འཛིན་པ་དེ་རེད། དཔེ་ཆ་བཞག་ན། ང་ཚོ་ཇི་ལྟར་གནས་པའི་སྐོར་གྱི་རྨོངས་པ་དེ་ལས་ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་རྟག་པའི་ངོ་བོར་ང་ཟེར་བ་ཞིག་གྲུབ་ཡོད་པ་བསམ་བློ་གཏོང་གི་ཡོད། དཔེར་ན། མི་ཞིག་དུས་རྟག་ཏུ་བཟང་པོ་ཡིན་དགོས་པ་དང་སྐྱོན་བྲལ་ཡིན་དགོས་བསམས་ནས། “ང་རང་བཟང་པོ་ཡིན་དགོས། ཕན་ཐོགས་ཅན་ཡིན་དགོས། དོན་གོ་ཆོད་པ་ཡིན་དགོས།” ཞེས་ཟེར་བ་ལྟ་བུ་རེད།

དེ་ལ་ཐུན་མོང་གི་དཔེ་མཚོན་ཞིག་ནི། འཚར་ལོངས་ཟིན་པའི་ཕྲུ་གུ་ཡོད་མཁན་གྱི་ཕ་མ་ལྟ་བུ་རེད། ཕ་མ་གཉིས་ལ་ད་དུང་ཡང་དགོས་གལ་དང་ཕན་ཐོགས་ཅན་འདོད་ཀྱི་ཡོད། བྱས་ཙང་། ཁོང་ཚོའི་ཕྲུ་གུ་རྣམས་ལ་མི་དགོས་ནའང་། ད་དུང་ཕ་མས་བསླབ་བྱ་དང་རོགས་པ་བྱེད་ཀྱི་ཡོད། དེ་ནི་ངང་ངམ་ཤུགས་ཀྱི་སྐུལ་མ་ཞིག་རེད། གང་ཡིན་ཞེ་ན། ཁོང་ཚོར་ང་ཟེར་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པའི་ཚོར་བ་དང་བཅས་ཏེ། “གལ་ཏེ་ངའི་ཕྲུ་གུ་ཚོར་ད་དུང་ཡང་ང་དགོས་ན། ང་ནི་རིན་ཐང་ཅན་དང་འཚོ་ཞིང་པ་ཁོ་ན་དེ་ཡིན་” ཞེས་བསམ་གྱི་ཡོད། ཁོང་ཚོས་དེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཟེར་བའི་བདེན་པའི་ངོ་བོ་ལ་ང་དེ་ཉེན་སྲུང་ཡོད་པ་བཟོ་བའི་ཐབས་ཤིག་ཡིན་པར་ཞེན་འཛིན་སྐྱེ་གི་ཡོད། དེ་ནི་གལ་ཏེ་ངས་ཕྲུ་གུ་ཚོར་རོགས་བྱས་ན། གཞི་ནས་ང་རང་གནས་ཀྱི་ཡོད་ཅེས་ཁོང་ཚོས་ཚོར་བ་ལྟ་བུ་རེད།
 
ཁོང་ཚོས་བསླབ་བྱ་དང་རོགས་པ་བྱེད་པའི་རྒྱབ་ཀྱི་སེམས་ཚོར་ནི་དགེ་བ་ཡིན། ཁོང་ཚོས་རོགས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་སོ་སོའི་ཕྲུ་གུ་ཚོར་བརྩེ་བ་ཡོད། ཁོང་ཚོ་སེམས་བཟང་པོ་དང་རོགས་ཕན་ལྡན་པ་ཞིག་བྱེད་འདོད་ཡོད། དེ་ལ་ནོར་འཁྲུལ་གང་ཡང་མེད། དཀའ་ངལ་བཟོ་མཁན་ནི། “གལ་ཏེ་ངའི་ཕྲུ་གུ་ཚོ་ལ་ང་རང་ད་དུང་ཡང་དགོས་ན། ང་རང་རིན་ཐང་ཅན་གྱི་མི་ཞིག་ཡིན་” ཞེས་སོ་སོ་རང་ཉིད་དང་བདག་ཅེས་བྱ་བ་དེ་ལ་ཡོད་པའི་བློའི་ཁྱེར་སོ་དེ་རེད། འདིས་དབང་རྩ་འཁྲུགས་པའི་རྒྱུ་བྱེད་ཀྱི་ཡོད། དེ་ཡང་ཐ་ན་དགོས་གལ་དང་འོས་འཚམ་རྩ་ནས་མེད་ནའང་། ད་དུང་ངང་ངམ་ཤུགས་ཀྱིས་རོགས་བྱེད་པར་འདོད་པ་དེ་རེད།
 
གལ་ཏེ་ཁྱེད་ཀྱིས་དབང་རྩ་འཁྲུགས་པའི་རྣམ་པ་དེ་མྱོང་བཞིན་ཡོད་ན། དེ་ཚོར་ཐུབ། གང་ཡིན་ཞེ་ན། འདིར་སླར་ཡང་ཉོན་མོངས་དང་སུན་གཙེར་ཅན་གྱི་བློའི་ཁྱེར་སོ་གཉིས་ཀའི་ནང་། “སུན་གཙེར་ཅན་” ཞེས་པའི་མཚན་ཉིད་གཅིག་པའི་ཚིག་གཅིག་པ་ཡོད། བློའི་ཁྱེར་སོ་དང་སེམས་ཚོར་དེ་གཉིས་ཀས་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་རང་ཚུགས་ཤོར་བའི་རྒྱུ་བྱེད་ཀྱི་ཡོད། གལ་ཏེ་སོ་སོ་ཕ་མ་ཡིན་པ་དང་རང་ཉིད་ལ་ཡོད་པའི་བློའི་ཁྱེར་སོ་དེ་ “གལ་ཏེ་ངས་སོ་སོའི་ཕྲུ་གུའི་ཆེད་དུ་རོགས་ཕན་བསྒྲུབ་ཐུབ་ན། ང་རང་མི་ཞིག་ཡིན་པའི་ཆ་ནས་རིན་ཐང་ཁོ་ན་དང་ལྡན་པ་ཡིན་” ཞེས་པའི་སྐབས། དེས་ཁྱེད་ལ་སེམས་ཀྱི་ཞི་བདེ་མེད་པ་དེ་གང་གིས་སྟོན་གྱི་ཡོད་པ་ཚོར་གྱི་འདུག་གམ། དེ་ནི་ཉེན་སྲུང་མེད་པའི་རང་བཞིན་གྱི་ཚོར་བ་དེ་རེད། ཁྱེད་རང་ཉེན་སྲུང་མེད་པ་རེད། དེར་བརྟེན་ཁྱེད་ཀྱིས་རྟག་ཏུ་རང་ཉིད་ཕྲུ་གུའི་བྱ་བཞག་ལ་འབད་རྩོལ་ཆེན་པོ་བྱེད་ཀྱི་ཡོད། དཔེར་ན། སོ་སོ་རང་ཉིད་ཀྱི་ཕྲུ་གུ་རྣམས་ཇི་ལྟར་གསོ་སྐྱོང་བྱེད་དགོས་པའི་བྱ་བཞག་ལ་འབད་རྩོལ་བྱེད་པ་ལྟ་བུ་རེད། བྱམས་པ་དང་གཞན་ལ་སེམས་འཁུར་སོགས་དགེ་བའི་སེམས་ཚོར་རྣམས་དེར་ཡོད་ནའང་། ཁྱེད་ལ་སེམས་ཀྱི་ཞི་བདེ་མེད་ལ་རང་ཚུགས་མེད་པ་ནི་གསལ་པོ་རེད། འདི་ནི་ང་ཚོར་གང་དགོས་པ་སྟེ། ང་ཚོས་ཚུལ་ཁྲིམས་དེ་གོང་ནས་གོང་དུ་སྤེལ་དགོས་རྒྱུ་དེ་རེད།

ཕན་བྱེད་དགེ་བའི་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ལས་ཐར་བར། ང་ཚོར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་དགོས་ཀྱི་ཡོད། དགེ་བའི་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེས་བདེ་བ་ཉི་ཚེ་བ་ཁོ་ན་སྐྲུན་གྱི་ཡོད། དེ་ནི་ཡུན་གནས་མི་ཐུབ་ཅིང་། གང་མྱུར་མི་སྡུག་པའམ་སྡུག་བསྔལ་འགྱུར་ངེས་པའི་བདེ་བ་ཞིག་ཡིན། ཉེན་སྲུང་མེད་པ་དང་རིན་ཐང་ཅན་དུ་ཚོར་འདོད་ལ་བརྟེན་ནས་ང་ཚོས་བྱམས་པ་དང་སེམས་འཁུར་དབང་གིས་དགོས་མེད་ཀྱི་བསླབ་བྱ་རྒྱག་འདོད་སྐྱེ་གི་ཡོད། དེས་གནས་སྐབས་རིང་བདེ་སྐྱིད་ཚོར་ནའང་། ང་ཚོས་གང་བཤད་པ་དེར་སོ་སོའི་བུ་མ་དགའ་ནས་འཁོན་འཛིན་གྱི་ང་རོ་དེ་ཕྱིར་འབྱིན་པའི་སྐབས། དེ་ནི་དེ་མ་ཐག་མི་སྐྱིད་པའམ་སྡུག་བསྔལ་ལ་འགྱུར་གྱི་ཡོད། དེར་བརྟེན་ང་ཚོས་ཚུལ་ཁྲིམས་ལག་བསྟར་བྱས་ནས་གང་ཡང་བརྗོད་རྒྱུ་མེད། འོན་ཀྱང་ཁ་བཙུམས་ནས་སྡོད་རྒྱུ་དེ་ང་ཚོར་གང་འཚམ་གྱི་དཀའ་ལས་ཁག་པོ་ཡོད།  

ལམ་རིམ་གྱི་ཀུན་སློང་འབྲིང་དང་བསྟུན་པའི་ཚུལ་ཁྲིམས་ཀྱི་རིམ་པ་གཉིས་པ།

རང་ཚུགས་ཟིན་པའམ་རང་གིས་རང་ལ་སྟངས་འཛིན་བྱས་ཏེ། ཚུལ་ཁྲིམས་ཀྱི་རིམ་པ་དང་པོ་དེས་གོང་དུ་ཞུས་པ་ལྟར། འགྱུར་བའི་སྡུག་བསྔལ་གྱི་དཀའ་ངལ་དེ་སྤོང་བར་ཕན་ནའང་། ད་དུང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད། འདིའི་གོ་སླ་བའི་འགྲེལ་ཚུལ་ཞིག་ནི། ང་ཚོའི་དགོས་མེད་ཀྱི་བསླབ་བྱ་རྒྱག་པའི་མངོན་རྟགས་དེ་ཡང་ནས་ཡང་དུ་འབྱུང་གི་ཡོད་པ་དང་། དེ་ལ་ང་ཚོས་ཚོད་འཛིན་བྱེད་ཐུབ་ཀྱི་མེད། ང་ཚོས་བྱམས་པ་ལྟ་བུ་ཀུན་སློང་བཟང་པོ་ཞིག་གིས་ཐེ་བྱུས་བྱེད་པར་རང་གིས་རང་བཀག་འགོག་བྱེད་ཐུབ་ཀྱི་མེད། འོན་ཀྱང་ཉེན་སྲུང་མེད་པའི་སྒོ་ནས་བཀག་འགོག་བྱེད་ཐུབ།
 
འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་དངོས་གནས་ཐར་བར་བྱེད་པར། ང་ཚོས་ཚུལ་ཁྲིམས་ཀྱི་རིམ་པ་གཉིས་པ་དེ་ལག་བསྟར་བྱེད་དགོས། དེ་ནི་ང་ཞེས་བྱ་བ་དེ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་སུན་གཙེར་ཅན་དང་རྨོངས་པ་ཅན་གྱི་བློའི་ཁྱེར་སོ་དེ་སྤོང་བའི་ཆེད་ཚུལ་ཁྲིམས་ལག་བསྟར་བྱེད་པ་དེ་རེད། ང་ཚོས་གཞན་ལ་ཕན་འདོག་རྒྱུ་མཚམས་འཇོག་བྱེད་དགོས་པའི་དོན་མིན་ལ། ང་ཚོས་སོ་སོའི་ཕྲུ་གུ་ཚོར་བརྩེ་བ་སྤྲོད་རྒྱུ་མཚམ་འཇོག་དགོས་པའི་དོན་ཡང་མིན། ང་ཚོས་གང་མཚམས་འཇོག་བྱེད་དགོས་ཞེ་ན། དབང་རྩ་འཁྲུགས་པའི་ཉེན་སྲུང་མེད་པའི་རང་བཞིན་འདི་དང་། ང་ཚོའི་ངང་ངམ་ཤུགས་ཀྱི་བསྐྱར་ལྡབ་ཡང་ལྡབ་ཀྱི་སྤྱོད་ལམ་རྒྱབ་ཏུ་ཡོད་པའི་ཚུགས་ཐུབ་ཏུ་གྲུབ་པའི་ང་ལ་འཛིན་པ་སྐྱེ་རྒྱུ་དེ་བཀག་འགོག་བྱེད་དགོས།
 
ང་ཚོས་གང་གི་ཐད་ཡར་རྒྱས་གཏོང་དགོས་པ་དང་འབད་བརྩོན་བྱེད་དགོས་པའི་དཔེ་མཚོན་ཞིག་ཞུས་ན། བྱམས་པ་ལྟ་བུ་སྟེ། ནང་པའི་བྱམས་པ་ཞེས་པའི་མཚན་ཉིད་ནི། གཞན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་ཡིད་སྨོན་དེ་རེད། དེ་ཡང་གཞན་གྱིས་གང་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར་ཡིད་སྨོན་བྱེད་དགོས། ཡིན་ནའང་དེ་ནི་རྨོངས་པ་དང་། འདོད་ཆགས། ཉེན་སྲུང་མེད་པ་དང་འདྲེས་ནས་ཡོད་སྲིད། “ང་ནམ་ཡང་མ་གཡུགས་ཨང་།” “ཁྱེད་ཀྱིས་ང་ལ་ཁ་པར་ག་རེ་བྱས་ནས་བཏང་མེད་དམ།’’ “ད་ཁྱོད་ཀྱིས་ང་ལ་དགའ་གི་མི་འདུག” “ང་ལ་ཁྱོད་དགོས།” “ང་ང་ང་” ཟེར་བ་འདི་དང་འདྲེས་ནས་ཡོད། ང་ཚོས་ད་དུང་ཡང་མི་གཞན་དེ་ལ་བདེ་སྐྱིད་དང་ལྡན་ན་བསམ་གྱི་ཡོད། འོན་ཀྱང་ “ང་ནམ་ཡང་མ་གཡུགས་ཨང་” ཞེས་དང་། “ཁྱེད་ཀྱིས་ང་ལ་ཉིན་ལྟར་ཁ་པར་གཏོང་དགོས་’’ ཞེས་བརྗོད་ཀྱི་ཡོད། བརྩེ་བ་དེ་དཀའ་ངལ་མ་རེད། དཀའ་ངལ་ནི་འདོད་ཆགས་དང་དེ་དག་ཐམས་ཅད་ཀྱི་རྒྱབ་ལ་ཡོད་པའི་ང་ཆེན་པོ་དེ་རེད། སྐྱེས་བུ་འབྲིང་ངམ་ཀུན་སློང་འབྲིང་གི་རིམ་པ་འདིའི་ནང་། “ང་ང་ང་” ཟེར་བའི་སུན་གཙེར་ཅན་གྱི་རང་གིས་རང་ཕམ་པར་བྱེད་པའི་བློའི་ཁྱེར་སོ་དེ་ལས་ཐར་བའི་ཆེད་ང་ཚོས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད།

ཚུལ་ཁྲིམས་ཀྱི་རིམ་པ་གཉིས་པའི་ཐོག་བསམ་ཞིབ།

ང་ཚོ་རིམ་པ་གསུམ་པའི་ཐོག་ལ་མ་འགྲོ་གོང་ཚང་མ་ངེས་པའི་ཆེད་དུ་སླར་ཡང་སྐར་མ་ཁ་ཤས་རིང་སོ་སོའི་མི་ཚེའི་ནང་གྲོས་བསྡུར་གང་བྱས་པའི་ཐད་ལ་རྣམ་པར་འབྱེད་ཐབས་བྱེད་དགོས། ནང་པའི་ཤོད་སྲོལ་ལ། “ཆོས་ཀྱི་མེ་ལོང་གི་གདོང་སོ་སོའི་ཕ་མ་ལྟ་བུ་གཞན་གྱི་དཀའ་ངལ་གཟུགས་བརྙན་དུ་འཆར་བའི་ཕྱིར་ཕྱི་ལ་ཁ་མི་སྟོན་པར། ནང་དུ་ཁ་བསྒྱུར་ནས་སོ་སོའི་ཕྱོགས་སུ་ཁ་སྟོན་དགོས།” ཞེས་པ་ལྟར། སོ་སོའི་རང་ཉིད་ཀྱི་མི་ཚེ་དང་ཉམས་མྱོང་གི་ནང་། ཐ་ན་ཁྱེད་ཀྱིས་དགེ་བའི་ལས་བྱེད་པའི་སྐབས། གལ་ཏེ་ཁྱེད་ཀྱིས་དབང་རྩ་འཁྲུགས་པའི་རང་གིས་རང་ལ་སྔོན་ཚུད་ལས་བྲེལ་གྱི་སྒོ་ནས་བྱ་བ་རྩོམ་བཞིན་ཡོད་ན། དེས་ཀྱང་ད་དུང་ཡང་དཀའ་ངལ་ཇི་ལྟར་བཟོ་གི་ཡོད་པའི་ཐད་དཔྱད་ཐབས་བྱེད་དགོས། མངོན་རྟགས་དེའི་རྒྱབ་ཀྱི་ང་ཆེན་པོ་དེ་ལ་བརྟེན་ནས་ང་ཚོས། “ང་རང་སྐྱོན་བྲལ་ཡང་དག་པ་ཞིག་ཡིན་དགོས་པ་དང་། ང་རང་མི་བཟང་པོ་ཞིག་ཡིན་དགོས་པ། ང་རང་མི་ཕན་ཐོགས་ལྡན་པ་ཞིག་ཡིན་དགོས་པ། ང་རང་མི་དགོས་གལ་ཅན་དང་བེད་སྤྱོད་ཆེན་པོ་ཞིག་ཡིན་དགོས་པ་” ཚོར་བ་དེ་ངོས་འཛིན་ཐབས་བྱེད་དགོས། དེ་ལ་བརྟེན་ནས་འབྱུང་བའི་དཀའ་ངལ་རྣམས་ངོས་འཛིན་བྱེད་དགོས།
 
ང་ཚོས་གང་ཡང་སྒྲུབ་པའམ་ཁུངས་སྐྱེལ་བྱེད་མི་དགོས་པ་དེ་རྟོགས་ཐབས་བྱེད་དགོས། ང་ཚོས་གཞན་ལ་ཐ་ན་དགོས་པ་མེད་ནའང་ད་དུང་ཡང་རྟག་ཏུ་རོགས་བྱེད་པའི་སྒོ་ནས་ང་ཚོ་མི་བཟང་པོ་ཞིག་ཡིན་པར་ཁུངས་སྐྱེལ་བྱེད་མི་དགོས། ང་ཚོ་མི་གཙང་མ་ཞིག་གམ་མི་སྐྱོན་བྲལ་ཡང་དག་པ་ཞིག་ཡིན་ཞེས་ཁུངས་སྐྱེལ་བྱེད་མི་དགོས། ང་ཚོས་ “ང་རང་གཙང་མ་ཡིན་པ་སོང་ཙང་། ང་ནི་སྒྲུབ་ཡོད་” ཅེས་པའམ་ཡང་ན་ “ང་རང་སྐྱོན་དང་བྲལ་བ་ཞིག་ཡིན་པ་སོང་ཙང་། ང་ནི་སྒྲུབ་ཡོད་” ཅེས་ཇི་ལྟར་ “ངས་བསམ་བློ་གཏོང་གི་ཡོད་པ་སོང་ཙང་། ང་ནི་སྒྲུབ་ཡོད་” ཟེར་བ་ནང་བཞིན་བསམ་བློ་གཏོང་བཞིན་ཡོད་དམ། དེའི་རྒྱུ་མཚན་ནི་ང་ཚོས་ང་ང་ང་ཟེར་བ་དེ་ལ་ཉེན་སྲུང་མེད་པ་ཚོར་ནས་སོ་སོ་རང་ཉིད་བཟང་པོ་དང་རིན་ཐང་ཅན་ཞིག་ཡིན་པར་ཁུངས་སྐྱེལ་བྱེད་དགོས་བསམ་པ་ཙམ་དེ་རེད།
 
ང་ཚོས་གང་ཡང་ཁུངས་སྐྱེལ་བྱེད་མི་དགོས། དེའི་ཐད་བསམ་བློ་གཏོང་དགོས། ང་ཚོ་ཧ་ཅང་ཡང་དག་པ་དང་བཟང་པོ། གཙང་མ། དོན་སྨིན་ལྡན་པ་ལ་བརྟེན་ནས་ག་རེ་ཁུངས་སྐྱེལ་ཐབས་བྱེད་ཀྱིན་ཡོད་དམ། དེ་ནི་གསང་བ་ཡོངས་སུ་རྫོགས་པ་དེ་རེད། དེ་ལ་ཉེན་སྲུང་མེད་པ་ཚོར་དགོས་དོན་གང་ཡང་མེད་ལ། ཁྱེད་ཀྱིས་ཁུངས་སྐྱེལ་དགོས་པའང་གང་ཡང་མེད། རང་གིས་ལས་དོན་རྣམས་བསྒྲུབ་དགོས་ཤིང་། གཞན་ལ་ཕན་ཐོགས་ལྡན་པ་བྱེད་དགོས།
 
ང་ཚོས་ “ཉེན་སྲུང་མེད་པ་ཚོར་རྒྱུ་ཞོག་” ཅེས་བརྗོད་ནས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཙམ་བཀོལ་སྤྱོད་བྱ་རྒྱུ་དེ་ལས་སླ་པོ་དེ་ཙམ་མེད་པ་གསལ་པོ་རེད། ཉེན་སྲུང་མེད་པ་དེ་ང་ཚོ་ཇི་ལྟར་སྒྲུབ་ཡོད་པ་མི་ཤེས་པའི་རྨོངས་པ་ལ་གཞི་བྱས་ཡོད་པ་དང་། རྨོངས་པ་དེ་ཡང་དངོས་པོའི་གནས་ལུགས་དང་མཐུན་པ་གང་ཞིག་ལའང་གཞི་བྱས་མེད་པ་དེ་རྟོགས་དགོས། ང་ཚོ་ཉེན་སྲུང་མེད་པ་ཆགས་ས་དེ་གང་རེད་དམ། དེ་ནི་ང་རང་དོན་སྨིན་ལྡན་པ་དང་བེད་སྤྱོད་ཅན་ཞིག་ཡིན་པ་སོང་ཙང་། ང་ནི་སྒྲུབ་ཡོད་ཅེས་དང་། གལ་ཏེ་ང་རང་དོན་སྨིན་དང་མི་ལྡན་པ་ཞིག་ཡིན་ན། ང་སྒྲུབ་པ་དེ་འགག་འགྲོ་གི་ཡོད་དམ་ཞེས་པའི་རྟོག་སྒྲུང་ཞིག་རེད། དེ་ནི་ཡ་མཚན་པོ་ཞིག་རེད། མ་རེད་དམ། ངས་རྨོངས་ཞེན་ཅན་ ལས་ཀ་མི་བྱེད་པར་སྡོད་པར་དགའ་བའི་མི་ཞིག་ཡིན་པའི་ཐོག་ནས་ངས་ག་རེ་ཁུངས་སྐྱེལ་བྱེད་དགོས་སམ། གལ་ཏེ་ང་ཚོས་གཞན་ལ་ཕན་འདོགས་འདོད་ཡོད་ན། འགྲིག་པ་རེད། གཞན་ལ་རོགས་བྱེད་དགོས་ཀྱང་། དེའི་ཐད་ངང་ངམ་ཤུགས་དང་ལྡན་པ་བྱ་མི་རུང་། དེ་ནི་དཀའ་ངལ་ཞིག་རེད། དེ་ནི་ང་ཚོས་མཚམས་འཇོག་བྱེད་དགོས། དེ་ནི་རིམ་པ་གཉིས་པའམ་སྐྱེས་བུ་འབྲིང་གི་ཚུལ་ཁྲིམས་རེད། ཁུངས་སྐྱེལ་བྱ་རྒྱུ་གང་ཡང་མེད་ཅེས་རྟོགས་པའི་ཕྱིར། ང་ཚོས་ཚུལ་ཁྲིམས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། གོ་རྟོགས་དེ་ལ་བརྟེན་ནས་ངང་ངམ་ཤུགས་ཀྱི་ལས་ཀྱི་རྨང་གཞི་བྱེད་པའི་བརྟན་ཆ་དང་ཉེན་སྲུང་མེད་པ་དེ་སྤོང་གི་ཡོད།

རིམ་པ་གསུམ་པ། གཞན་གྱི་ལས་མི་ཤེས་པ་དེ་ལས་ཐར་བ།

ལམ་རིམ་གྱི་ཀུན་སློང་ཚད་མཐོ་པོའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བརྟེན་ནས་ང་ཚོས་གཞན་གྱི་ལས་མི་ཤེས་པ་དེ་ལས་ཐར་བར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་གཞན་ལ་ཕན་པ་བསྒྲུབ་འདོད་ཡོད། གལ་ཏེ་ང་ཚོས་ཐར་པའི་གོ་འཕང་ཐོབ་ཡོད་ན། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་རང་དབང་ཐོབ་པ་རེད། བྱས་ཙང་། ང་ཚོ་དེ་ནས་བཟུང་སྟེ་ངང་ངམ་ཤུགས་ཀྱི་དབང་འོག་ཏུ་མི་འགྲོ་བ་དང་། མི་དགེ་བའི་བྱ་སྤྱོད་མི་སྤེལ་ཞིང་། ཐ་ན་འོས་འཚམས་མིན་པའི་སྐབས་སུའང་ངང་ངམ་ཤུགས་ཀྱིས་དགེ་བའི་ལས་བྱེད་དུ་འཇུག་པའི་དབང་རྩ་འཁྲུགས་པའི་ནུས་ཤུགས་དེ་ང་ཚོར་མེད། ད་དུང་ཡང་དཀའ་ངལ་ནི། ང་ཚོར་གཞན་ལ་ཕན་པའི་རེ་འདུན་ཤུགས་ཆེན་ཞིག་ཡོད་ནའང་། ཕན་འདོགས་ཐབས་ཡག་ཤོས་དེ་གང་ཡིན་ང་ཚོས་ཤེས་ཀྱི་མེད། མི་ཚང་མ་ད་ལྟ་ཡོད་པ་ནང་བཞིན་ཡོད་པའི་རྒྱུ་མཚན་གང་ཡིན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་ལས་ཀྱི་རྒྱུ་མཚན་ང་ཚོས་ཤེས་ཀྱི་མེད། དེ་ག་ནང་བཞིན་ང་ཚོས་ཁོང་ཚོར་གང་བསླབ་པ་དེའི་ཕན་གནོད་གང་འདྲ་ཞིག་ཡོང་མིན་ང་ཚོས་ཤེས་ཀྱི་མེད། དེ་ཡང་ཁོང་ཚོར་ཕན་གནོད་འབྲེལ་བ་མ་ཟད། ཁོང་ཚོས་འབྲེལ་བ་བྱེད་སའི་མི་ཚང་མར་ཕན་གནོད་ཇི་འབྱུང་གི་ཡོད་ཤེས་ཀྱི་མེད། གང་ཡིན་ཞེ་ན། ང་ཚོས་གང་བསླབ་བྱ་རྒྱག་པ་དང་སློབ་སྟོན་བྱེད་པ་དེ་ལས་རྗེས་འབྲས་གང་འབྱུང་རྒྱུ་ཡིན་པའི་བསམ་བློ་ཡང་མེད་ལ། ང་ཚོས་གཞན་ལ་ཕན་ཇི་ལྟར་འདོགས་ཐུབ་པའི་ཐད་ནུས་པ་ཚད་ངེས་ཅན་ཞིག་ལས་མེད།

གཞན་དོན་ལ་རྩོལ་བ།

དཀའ་སྡུག་གི་གནས་སྟངས་འདིའི་ནང་ཚུལ་ཁྲིམས་ཀྱིས་ཕན་ཐོགས་གང་འདྲ་བྱེད་ཀྱི་རེད་དམ། ཐོག་མར་ང་ཚོས་ཚོར་བ་མེད་པ་དང་ཡིད་ཚིམས་པ་ཞིག་མི་འབྱུང་བའི་ཆེད་ཚུལ་ཁྲིམས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས། དེ་ཡང་། “ད་ང་རང་སྡུག་བསྔལ་ལས་ཐར་བ་རེད། ང་རང་འདིར་བསྡད་ནས་སྒོམ་རྒྱག་རྩིས་ཡོད་པ་དང་། རྟག་ཏུ་བདེ་བ་དང་ལྡན་པའི་ངང་གནས་ཀྱི་ཡིན་” ཞེས་མི་བསམ་པར། གཞན་དོན་ལ་མུ་མཐུད་རྩོལ་བའི་ཆེད་དུ་ང་ཚོར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས་ཀྱི་ཡོད། སྒོམ་རྒྱག་པའི་ཚེ་ན་ཁྱེད་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་སྐབས་ཀྱི་རིམ་པ་དེའི་གོང་ནས་ཁྱེད་ལ་དེའི་བྲོ་བ་ཞིག་མྱོང་གི་ཡོད། ཁྱེད་རང་མར་བསྡད་ནས་རང་གི་སེམས་གཡེང་བ་དང་རྨུགས་པ་ལས་བྲལ་ཞིང་། སེམས་ཧ་ཅང་བདེ་བ་དང་ལྡན་པའི་སྐབས། སུན་གཙེར་ཅན་མིན་པའི་སྒོ་ནས་ཁྱེད་རང་ཧ་ཅང་སྐྱིད་པོ་ཚོར་གྱི་ཡོད། དེ་ལྟར་མུ་མཐུད་ནས་གནས་པར་ཆོག་ཤེས་པ་ཞིག་ཡོང་གི་ཡོད། གལ་ཏེ་ཁྱེད་རང་དངོས་གནས་ཚད་མཐོན་པོར་སླེབས་ཡོད་ན། ཁྱེད་རང་གནས་བབས་དེའི་ནང་ཡུན་རིང་གནས་ཐུབ་པ་དང་། གལ་ཏེ་ཁྱེད་རང་ཐར་པ་ཐོབ་ཡོད་ན། ཁྱེད་རང་དེ་ལྟར་རྟག་ཏུ་གནས་ཐུབ།

ཡིད་ཚིམས་པ་དང་ཆོག་ཤེས་པ་དེ་ལས་ཁྱེད་ལ་གང་འཐོབ་ཀྱི་ཡོད་དམ། གལ་ཏེ་ཁྱེད་རང་དངོས་གནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་བ་ཡིན་ན། ཁྱེད་ལ་ལུས་ཕལ་པ་འདི་ལྟ་བུའང་མེད་པས། ནམ་ཡང་མི་ལྟོགས་པ་སོགས་ཡོང་གི་རེད། ཁྱེད་ལ་གང་གིས་བསྐུལ་བ་དེ་ནི་གཞན་གྱི་དོན་དུ་བསམ་བློ་གཏོང་བ་དེ་རེད། “གཞན་ཚང་མ་སྡུག་བསྔལ་གྱིས་མནར་བའི་སྐབས། ང་རང་འདིར་བསྡད་ནས་བདེ་བ་དང་སྐྱིད་པོ་ཚོར་ནས་ཇི་ལྟར་གནས་ཐུབ་བམ།” སོ་སོ་རང་ཉིད་ཀྱི་དོན་ཁོ་ནར་སེམས་འཁུར་བྱེད་པ་དེ་ལས་ཐར་ནས་གཞན་དོན་ལ་རྩོལ་བའི་ཕྱིར། ང་ཚོར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས།

འདི་ནི་ང་ཚོས་སོ་སོའི་དོན་དུ་འབད་རྩོལ་བྱས་པའི་རྗེས་སུ་ཐབས་ལྟ་བུར་ཡོང་དགོས་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། ང་ཚོ་སྡུག་བསྔལ་གྱིས་མནར་བ་དང་རང་གིས་རང་ལ་དབང་རྩ་འཁྲུགས་པ་ཞིག་ཡིན་པའི་སྐབས་སུའང་གཞན་ལ་ཕན་འདོགས་ཐབས་བྱས་ན། དེས་དཀའ་ངལ་བཟོ་གི་རེད། གཞན་གྱིས་ང་ཚོའི་བསླབ་བྱར་མི་ཉན་པ་དང་ཡར་རྒྱས་འདང་ངེས་ཤིག་མི་གཏོང་བའི་སྐབས། ང་ཚོ་ཁོང་ཚོ་ལ་སྤྲོ་ཐུང་བྱེད་པ་དང་སུན་སྣང་སྐྱེ་གི་རེད། ཡང་མིན་ན་ང་ཚོ་ཁོང་ཚོར་ཆགས་ཞེན་སྐྱེས་ནས། གལ་ཏེ་ཁོང་ཚོ་དགེ་བའི་བཤེས་གཉེན་གཞན་ཞིག་གི་རྩར་ཕྱིན་ན། ང་ཚོ་ཕྲག་དོག་སྐྱེ་གི་ཡོད། ཕལ་ཆེར་དེ་ལས་ཀྱང་སྡུག་པ་ཞིག་ནི། ང་ཚོ་ཁོང་ཚོར་འཁྲིག་སྦྱོར་གྱི་སྒོ་ནས་ཡིད་འཕྲོགས་ཏེ། དེས་གང་ཟག་དེ་ལ་རོགས་བྱེད་ཐབས་སྐབས་སུ་དཀའ་ངལ་ཆེན་པོ་བཟོ་གི་ཡོད། བྱས་ཙང་། ང་ཚོས་ཐོག་མར་སོ་སོ་ཡར་རྒྱས་གཏོང་ཕྱིར་དངོས་གནས་འབད་བརྩོན་བྱེད་དགོས། ཡིན་ནའང་ང་ཚོས་གཞན་ལ་རོགས་བྱ་རྒྱུ་འབད་བརྩོན་མ་བྱས་གོང་ནས་ཐར་པ་ཡོངས་སུ་རྫོགས་པ་ཐོབ་དགོས་པ་ཞིག་མིན། དེ་ནི་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་གྱི་རེད། གནད་དོན་གཙོ་བོ་ནི་གཞན་དོན་ལ་རྩོལ་བའི་རྒྱུད་རིམ་ནང་། རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་སྣང་མེད་གཏོང་མི་ཉན།

རང་ཉིད་ཡར་རྒྱས་གཏོང་བའི་སྐབས། ང་ཚོས་ད་དུང་ཡང་ཉོན་མོངས་ལས་ཐར་བ་དང་ངང་ངམ་ཤུགས་ཀྱི་ལས་ལ་དམིགས་དགོས། རང་གཅེས་འཛིན་ལས་ཐར་བའི་ཆེད་དུ་ང་ཚོར་ད་དུང་ཡང་ཁྲིམས་རང་སྲུང་གི་ཚུལ་ཁྲིམས་དགོས། འོན་ཀྱང་རིམ་པ་འདིའི་སྐབས་སུ་ང་ཚོར་ཐམས་ཅད་མཁྱེན་པར་འགོག་རྐྱེན་བྱེད་པའི་སེམས་ཀྱི་སྐྱོན་རྣམས་ལས་ཐར་བའི་ཆེད་ཚུལ་ཁྲིམས་དགོས་ཀྱི་ཡོད། ང་ཚོ་ཐམས་ཅད་མཁྱེན་པ་མིན་པ་སོང་ཙང་། གནས་ལུགས་ཀྱི་པར་རིས་ཆ་ཚང་བ་དེ་ང་ཚོས་མཐོང་གི་མེད་ལ། ཆོས་གཅིག་གིས་གཅིག་ལ་ཇི་ལྟར་བརྟེན་ནས་ཡོད་པ་དེ་མཐོང་གི་མེད། གནས་སྟངས་གང་འདྲ་ཞིག་འབྱུང་བ་ནི་རྒྱུ་དང་རྐྱེན་དུ་མ་འདུས་པའི་འབྲས་བུ་ཡིན་པ་དང་། རྒྱུ་རྐྱེན་དེ་དག་རེ་རེ་ལའང་རྒྱུ་རྐྱེན་སྣ་ཚོགས་པ་ཡོད།
 
ང་ཚོའི་ད་ལྟའི་རིམ་པའི་སྐབས། ང་ཚོའི་སེམས་ནི་ཚད་བཀག་ཅན་ཡིན་པ་དང་ང་ཚོས་གཞན་རྣམས་ལ་གང་འབྱུང་བཞིན་པ་ཚང་མ་མཐོང་མི་ཐུབ། དེ་ལས་སྡུག་པ་ཞིག་ལ་ང་ཚོས་རྒྱུ་གཅིག་གིས་འབྲས་བུ་ཞིག་སྐྲུན་གྱི་ཡོད་པ་བསམ་གྱི་ཡོད། དེ་ཡང་ང་ཚོ་རྒྱུ་དེ་ཡིན་བསམ་པའི་སྐབས་དམིགས་བསལ་འབྱུང་གི་ཡོད། དཔེར་ན། གལ་ཏེ་ང་ཚོའི་འབྲེལ་བ་བྱེད་ས་དེ་སེམས་ཞུམ་པ་ཡིན་ན། ང་ཚོས་སྐད་ཆ་ཞིག་བཤད་པའམ་བྱ་བ་ཞིག་བྱས་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་ནི་ང་ཚོའི་ནོར་འཁྲུལ་ཡིན་པར་བསམ་གྱི་ཡོད། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། མི་རྣམས་ལ་གང་འབྱུང་བཞིན་པ་དེ་དག་ཐམས་ཅད་རྒྱུ་སྣ་ཚོགས་པ་མང་པོའི་འབྲས་བུ་ཡིན་པ་ལས། ང་ཚོས་གང་བྱས་པ་ཙམ་དེ་རྒྱུ་མ་ཡིན། ང་ཚོས་གང་བྱས་པ་དེས་རྐྱེན་དུ་སོང་ཡོད་སྲིད། ང་ཚོས་དེ་ལ་ངོས་ལེན་མི་བྱེད་པ་མིན། འོན་ཀྱང་འབྲས་བུ་དེ་ཡོངས་སུ་རྫོགས་པ་རྒྱུ་གཅིག་རང་ལ་བརྟེན་ནས་བྱུང་བ་ཞིག་མིན། ཡང་ན་ང་ཚོས་གཞན་ཞིག་ལ་རོགས་བྱེད་ཐབས་དང་བཅས་ཏེ། “ཁྱེད་ཀྱི་དཀའ་ངལ་གྱི་རྒྱུ་ནི། ཁྱེད་རང་ལ་སློབ་སྦྱོང་ཡག་པོ་ཞིག་ཐོབ་མེད་པ་སོང་ཙང་རེད།” ཅེས་བརྗོད་སྲིད། ང་ཚོས་རྒྱུ་གཅིག་རང་གི་འབྲས་བུ་ཡིན་པ་དེ་ཉུང་དུ་གཏོང་བའམ། ཡང་ན་ང་ཚོས། “ཁྱེད་ཀྱི་དཀའ་ངལ་དེ་དག་ཐམས་ཅད་ནི་ཁྱེད་རང་ཆུང་དུས་སུ་ཕ་མས་འདི་དང་དེ་བྱས་ཡོད་པས་རེད་” ཅེས་བརྗོད་ཀྱི་ཡོད། ང་ཚོས་གནས་སྟངས་ཀྱི་པར་རིས་ཡོངས་སུ་རྫོགས་པ་དེ་མཐོང་གི་མེད། པར་རིས་ཡོངས་སུ་རྫོགས་པ་ནི་དེ་ལས་ཤིན་ཏུ་ཆེ་བ་ཡོད།  

ང་ཚོའི་བསམ་བློ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད།

ང་ཚོར་ད་ལྟ་ཡོད་པའི་གོ་རྟོགས་ལས་ལྷག་པའི་རྒྱ་ཆེ་བའི་གོ་རྟོགས་ཤིག་དགོས། དཀའ་ངལ་དེ་གང་རེད་ཅེ་ན། ང་ཚོས་སེམས་ཀྱིས་སྒམ་ལྟ་བུའི་སྡེ་ཚན་དུ་མའི་རྟོག་འཆར་སྐྲུན་གྱི་ཡོད་པ་དང་། ང་ཚོས་སྒམ་དེ་དག་གི་ནང་ཆོས་རྣམས་བཅད་རྒྱག་ནས་འཇོག་གི་ཡོད། ང་ཚོས་ཆོས་རྣམས་སྒམ་དེ་དག་གི་ནང་གཞན་གང་ལའང་ལྟོས་མི་དགོས་པར་རང་ཚུགས་སུ་གྲུབ་ཡོད་པ་ལྟ་བུར་ལོགས་སུ་འཇོག་པ་དང་། དེ་དག་དངོས་པོའི་གནས་ལུགས་དང་མཐུན་པར་ཡིད་ཆེས་ཀྱི་ཡོད། ང་ཚོས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པ་དང་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་གནས་པའི་ཚུལ་དེ་མཐོང་གི་མེད། ང་ཚོས་ “འདི་ནི་རྒྱུ་གཅིག་རེད། འདི་ནི་སྡུག་ཅག་རེད། འདི་ནི་ཡག་པོ་རེད་” ཅེས་ཆོས་རྣམས་སྡེ་ཚན་དུ་དབྱེ་གི་ཡོད།
 
དོན་ངོ་མར་ཆོས་རྣམས་ཀྱི་གནས་ལུགས་དང་གྲུབ་སྟངས་དེ་འདྲ་མ་རེད། ཆོས་རྣམས་གཞན་ལ་ལྟོས་མེད་ཀྱི་ལོགས་སུ་གྲུབ་པ་ཞིག་མེད། ང་ཚོས་དེ་ལྟར་གནས་པ་ལྟར་ཚོར་གྱི་ཡོད་སྲིད་ཀྱང་། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་དེ་ང་ཚོས་རྟོགས་པའི་ཚུལ་ཁྲིམས་དགོས་ཀྱི་ཡོད། འདིར་དཔེ་མཚོན་ལས་སླ་པོ་ཞིག་བཀོད་ན། ཁྱེད་རང་ཉིན་གང་ཕྲུ་གུ་ཚོ་དང་མཉམ་དུ་ནང་ལ་ཡོད་པ་དང་། ཁྱེད་ཀྱི་འདུག་རོགས་སམ་བཟའ་ཟླ་ལས་ཀ་ནས་ནང་དུ་ལོག་སྟེ་ཁྱེད་ལ་སྐད་ཆ་མི་ཤོད་པར་སོ་སོའི་ཉལ་ཁང་དུ་འཛུལ་ནས་སྒོ་རྒྱག་སྟེ་འཕྲེད་ཉལ་རྒྱག་གི་ཡོད། དེ་འདྲའི་གནས་སྐབས་སུ་ང་ཚོའི་སེམས་ནང་། ང་ཚོས་སོ་སོའི་བཟའ་ཟླ་དེ་ “སོ་སོར་བརྩེ་བ་མེད་མཁན་གྱི་མི་” ཞེས་པའི་སྒམ་གྱི་ནང་བླུགས་ཀྱི་ཡོད། དོན་ངོ་མར་ང་ཚོས་སོ་སོའི་བཟའ་ཟླ་དེ་ “མི་སྡུག་ཅག་” དང་ “བྱམས་དང་སྙིང་རྗེ་མེད་པའི་མིའི་” གྲས་ཀྱི་སྒམ་ནང་གཡུག་གི་ཡོད། འདིའི་རྨང་གཞི་ལ་ང་ཟེར་བ་ཆེན་པོ་ཞིག་ལ་བརྟེན་པའི་ང་ཚོའི་སྔོན་ཚུད་ཀྱི་ལས་བྲེལ་དེ་ཡོད། དེ་དག་ “མི་སྡུག་ཅག་” གི་སྡེ་ཚན་ནང་ཡོད། གང་ཡིན་ཟེར་ན། ང་ཞེས་བྱ་བ་ང་ང་ང་དེས་ཁོང་ཚོ་དང་སྐད་ཆ་ཤོད་འདོད་ཡོད། ཁོང་ཚོ་ནས་གཅིག་ང་ལ་དགོས་འདོད་ཡོད་པ་རེད། དེའི་རྒྱུ་མཚན་ནི་ང་ཚོས་དེ་དག་སྡེ་ཚན་གྱི་ནང་བླུགས་ཡོད་པས། ཁོང་ཚོ་ནང་དུ་མ་སླེབས་གོང་ཉམས་སུ་མྱངས་པ་དང་། ནང་དུ་འབྱོར་ཟིན་མ་ཐག་བྱ་སྤྱོད་སྤེལ་སྟངས་དང་བཅས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པ་དེ་མཐོང་གི་མེད། དེ་ནི་ཁོང་ཚོར་ལས་ཀའི་སྐབས་སུ་དཀའ་ངལ་ཅན་གྱི་གནས་སྟངས་བྱུང་ཡོད་པ་དང་། ནང་དུ་ལོག་ཡོང་སྐབས་གནས་ཚུལ་ཞིག་བྱུང་ཡོད་སྲིད་པ་སོགས་རེད།

དེ་དང་འདྲ་བའི་གནས་སྟངས་ང་ཚོར་ཐེངས་མ་ག་ཚོད་སྣང་གི་ཡོད་དམ། མི་ཞིག་ནང་དུ་སླེབས་པ་དང་རྒྱུ་མེད་རྐྱེན་མེད་ཞིག་ནས་སླེབས་པ་ལྟ་བུའི་ནང་དུ་མ་འབྱོར་གོང་ལ་ཅི་གང་བྱུང་མེད་པ་དང་། ནང་དུ་འཛུལ་མ་ཐག་གནས་ཚུལ་ཚང་མ་འགོ་བཙུག་པ་འདྲ་པོ་ཡོད། དེ་ལ་ལྟ་ཕྱོགས་གཞན་ཞིག་ནས་ལྟོས་དང་། གལ་ཏེ་མི་གཞན་དེ་ནང་དུ་ཕྲུ་གུ་དང་མཉམ་དུ་སྡོད་མཁན་དེ་ཡིན་པ་དང་ཁྱེད་རང་ལས་ཀ་ནས་སླེབས་པའི་དབང་དུ་བཏང་ན། དེ་ཁྱེད་ལ་གང་འདྲ་སྣང་གི་འདུག་གམ། དེར་ང་ཚོའི་བཟའ་ཟླ་དེ་ནང་དུ་མ་འཛུལ་གོང་ལ་ཉིན་གང་གནས་ཚུལ་ཅི་གང་བྱུང་མེད་པ་ལྟ་བུ་ཁམས་དྭངས་པོ་ཡོད།

གལ་ཏེ་ཁྱེད་ཀྱིས་དེའི་ཐད་ལ་བསམ་བློ་བཏང་ན། དེ་ནི་དེ་དང་འདྲ་བ་ཞིག་མེད་པ་གསལ་པོ་རེད། ང་ཚོས་སེམས་ཀྱིས་ཆོས་རྣམས་སྣང་བར་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་ཡོད། ང་ཚོའི་བཟའ་ཟླ་དང་མཉམ་དུ་འབྲེལ་བ་བྱེད་པ་འདི་དུས་ཚོད་འདིའི་ནང་ཁང་པའི་སྒོ་ནས་འཛུལ་བའི་སྐབས་འདི་ནས་འགོ་བཙུག་གི་ཡོད་པ་དང་། དེའི་སྔོན་དུ་གང་ཡང་བྱུང་མེད་པ་ནང་བཞིན་སྣང་བར་བྱེད་ཀྱི་ཡོད། ཚང་མ་ང་ཚོས་སྡེ་ཚན་དུ་ཕྱེ་བའི་སྒམ་གྱི་ནང་སྣང་གི་ཡོད། འདི་ལྟ་བུ་མི་རྣམས་དང་། དངོས་པོ། གནས་སྟངས་བཅས་སྒམ་གྱི་ནང་བླུགས་པའི་གཏིང་ཟབ་ཀྱི་གོམས་གཤིས་དེ་ལས་ཐར་ཕྱིར། ང་ཚོར་ཚུལ་ཁྲིམས་དགོས་ཀྱི་ཡོད། བཅད་རྒྱག་ནས་སྡེ་ཚན་དུ་དབྱེ་བའི་འཛམ་གླིང་གི་ལྟ་ཚུལ་འདི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་ང་ཚོས་རྟོགས་དགོས།

ཁྱེད་ཀྱིས་གནད་དོན་གཙོ་བོ་དེ་རྟོགས་པའི་ཆེད་དུ་ཡོངས་གྲགས་ཀྱི་དཔེ་མཚོན་གཞན་ཞིག་བཞག་ན། ང་ཚོས་མི་རྣམས་ “ངའི་ཟླ་རོགས་” ཟེར་བའི་སྒམ་གྱི་ནང་བླུགས་པ་དང་། སོ་སོ་རང་ཉིད་ལས་གཞན་པའི་ཁོང་ཚོར་འབྲེལ་ལམ་དང་གྲོགས་པོ་གཞན་མང་པོ་ཡོད་པའི་བདེན་དོན་ལ་བསམ་བློ་གཏོང་གི་མེད། ང་ཚོས་ཁོང་ཚོ་སེམས་ཀྱི་སྒམ་དེའི་ནང་བླུགས་པའི་རྒྱུ་མཚན་གྱིས་ “ཁོང་ཚོ་ནི་ང་གཅིག་པུའི་ཡིན་བསམ་པ་དང་། ཁོང་ཚོ་ནི་ང་ལ་ག་དུས་འདོད་པ་ནང་བཞིན་དགོས་ཀྱི་འདུག །གང་ཡིན་ཞེ་ན། ཁོང་ཚོ་ནི་ང་གཅིག་པུའི་ཟླ་རོགས་ཡིན་པ་ལས། ཁོང་ཚོའི་མི་ཚེའི་ནང་གཞན་གང་ཡང་འབྱུང་གི་མེད་” ཅེས་བསམ་གྱི་ཡོད། ང་ཚོས་ཁོང་ཚོ་ལ་རང་གི་ཕ་མར་ཡོད་པའི་འགན་འཁྲི་དང་། གྲོགས་པོ་གྲོགས་མོ་གཞན་དག་ཡོད་པ། ལས་དོན་གཞན་དང་གཞན་ཡོད་པའི་ཐོག་ལ་བསམ་བློ་གཏོང་གི་མེད། ཁོང་ཚོ་ནི་སྒམ་གཅིག་རང་གི་ནང་ཡོད། ཧ་ལས་དགོས་པའི་གནད་དོན་ཞིག་ནི། དེ་ནི་བདེན་པ་ཡིན་པ་ལྟར་ཚོར་བ་དང་ང་ཚོས་དེ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལ་གཞི་བྱས་ནས་ང་ཚོས་དེ་དག་ལ་འདོད་ཆགས་སྐྱེ་བ་དང་། གལ་ཏེ་ཁོང་ཚོ་མི་གཞན་ཞིག་ཐུག་ཏུ་འགྲོ་དགོས་བྱུང་ན། ང་ཚོ་ཁོང་ཁྲོ་ཟ་གི་ཡོད་པ་ཤོད་ག་ལ་དགོས།

ལམ་རིམ་གྱི་ཚད་མཐོའི་བསམ་པ་དང་བསྟུན་ནས་ཚུལ་ཁྲིམས་ཀྱི་རིམ་པ་གསུམ་པ།

ལམ་རིམ་གྱི་ཚད་མཐོའི་བསམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་གནས་སྐབས་སུ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཡག་ཤོས་བསྒྲུབ་པའི་དོན་དུ་ང་ཚོས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་འབད་རྩོལ་བྱེད་ཀྱི་ཡོད། སེམས་ཅན་རྣམས་ལ་ཕན་པ་ཡག་ཤོས་བསྒྲུབ་པར། ང་ཚོས་མི་རེ་ངོ་རེའི་ལས་ཡོངས་སུ་རྫོགས་པ་དེ་ཤེས་དགོས། ང་ཚོས་སེམས་ཅན་རྣམས་ཀྱི་འདས་པའི་དུས་ཀྱི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ཡོད་དོ་ཅོག་དང་། དེའི་སྒང་ལ་ད་ལྟའི་གནས་བབས་སུ་ཁྲིད་པར་བྱེད་པའི་རྒྱུ་དང་རྐྱེན་སྣ་ཚོགས་པ་གཞན་དག་ཀྱང་རྟོགས་དགོས་ཤིང་། ཁོང་ཚོར་གང་བསླབ་པའི་རྗེས་འབྲས་རྣམས་ཤེས་དགོས། རྒྱུ་དང་འབྲས་བུའི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡོངས་སུ་རྫོགས་པ་དང་། དམིགས་བསལ་ལས་ཚུད་པའི་རྒྱུའི་འབྲེལ་བ་མཐོང་བར། ང་ཚོས་ཆོས་རྣམས་ཕན་ཚུན་ལོགས་སུ་རང་དབང་གིས་གྲུབ་པར་འཛིན་པ་དང་དེ་དག་སྡེ་ཚན་ཅན་གྱི་སེམས་ཀྱི་སྒམ་ནང་བླུགས་ནས་དེ་དག་དོན་ངོ་མར་དེ་ལྟར་གྲུབ་ཡོད་བསམ་པ་དེ་མཚམས་འཇོག་བྱེད་དགོས།

དེར་བརྟེན་ང་ཚོས་སོ་སོ་རང་ཉིད་ཁོ་ནར་སེམས་འཁུར་ཡོད་པ་དེ་ལས་ཐར་བའི་ཆེད་ཚུལ་ཁྲིམས་གོང་འཕེལ་གཏོང་དགོས་པ་ཙམ་མིན་པར། དེའི་ཚབ་ལ་གཞན་དོན་ཆེད་སེམས་འཁུར་རྣམ་པར་དག་པ་ཞིག་སྐྱེད་དགོས། དེ་ག་ནང་བཞིན་ང་ཚོའི་སེམས་ཀྱི་ཆོས་རྣམས་སྒམ་གྱི་ནང་སྣང་བར་བྱེད་ཚུལ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་རྟོགས་པའི་ཕྱིར་ཚུལ་ཁྲིམས་དེ་དགོས་ཀྱི་ཡོད། ང་ཚོས་གནས་ལུགས་ཀྱི་པར་རིས་ཆེ་བ་དེ་མཐོང་ཐབས་བྱེད་དགོས།

ཚུལ་ཁྲིམས་ཀྱི་རིམ་པ་གསུམ་པར་བསམ་ཞིབ་བྱེད་པ།

ལམ་རིམ་གྱི་སྒྲོམ་གཞི་ལྟར་བྱས་ན། དེ་དག་ནི་ཚུལ་ཁྲིམས་ཀྱི་རིམ་པ་གསུམ་ཡིན་པ་དང་། དེ་དག་ལས་དང་འབྲེལ་བའི་སྒོ་ནས།

  • ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཚུལ་ཁྲིམས།
  • དགེ་དང་མི་དགེ་གང་ཡིན་ལ་བལྟོས་མེད་ཀྱིས་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་རྒྱབ་ཏུ་ཡོད་པའི་ཉོན་མོངས་རྣམས་ལས་ཐར་བའི་ཚུལ་ཁྲིམས།
  • བསླུ་བྲིད་ཀྱི་སྒོ་ནས་སྐྱོན་གྱི་ནང་དུ་ང་ཚོའི་སེམས་ཀྱིས་ཆོས་རྣམས་སྣང་དུ་འཇུག་པ་ལས་ཐར་བའི་ཚུལ་ཁྲིམས་ཏེ། ང་རང་ཚོ་སོ་སོའི་གནས་སྟངས་ལ་ཚོར་བ་མེད་པ་དང་ཡིད་ཚིམས་པ་མི་ཡོང་བའི་ཚུལ་ཁྲིམས་དགོས། དེ་ལ་བརྟེན་ནས་ང་ཚོས་གཞན་གྱི་ལས་རྟོགས་པ་དང་དེ་དག་ལས་ཐར་བའི་ཆེད་རོགས་བྱེད་ཐུབ།

དཔྱད་སྒོམ་ཉམས་ལེན་ལ་བརྟེན་ནས་ང་ཚོའི་སེམས་ཀྱིས་ཆོས་རྣམས་གཞན་ཐམས་ཅད་ལས་ལོགས་སུ་སྒམ་གྱི་ནང་ཇི་ལྟར་སྣང་བར་བྱེད་ཀྱི་ཡོད་པ་དེ་ངོ་ཤེས་ཐབས་བྱེད་དགོས། དཔེར་ན། ཁང་པ་འདིའི་ནང་ཡོད་པའི་མི་རྣམས་ལ་བསམ་བློ་གཏོང་དང་། ཡང་ན་ཁྱེད་ཀྱིས་འདི་སོ་སོའི་ནང་དུ་ཀློག་འཆར་ཡོད་ན། སྤྱི་སྤྱོད་རླངས་འཁོར་དང་ས་འོག་མེ་འཁོར་ནང་དུ་ཁྱེད་ཀྱིས་མཐོང་བའི་མི་རྣམས་ལ་བསམ་བློ་གཏོང་དགོས། ཁྱེད་ཀྱིས་མི་དེ་དག་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ལྟ་བུར་མཐོང་གི་ཡོད། ཁོང་ཚོ་འདིར་སླེབས་པ་ཙམ་ལས་དེ་རིང་ཞོགས་པ་མི་དེ་དག་གི་ནང་དུ་གང་བྱུང་ཡོད་མེད་ང་ཚོའི་སེམས་ནང་ཤར་གྱི་མེད་ལ། ཁོང་ཚོར་ཕྲུ་གུ་ཡོད་མེད་ཀྱང་སེམས་ནང་ཤར་གྱི་མེད། ཡང་ན་འདིར་འབྱོར་བར་དཀའ་ལས་ཁག་པོ་བྱུང་ཡོད་ནའང་། དེ་དག་གཅིག་ཀྱང་ང་ཚོར་སྣང་གི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་གང་འདྲ་ཞིག་གི་ནང་ཡོད་ང་ཚོས་ཤེས་ཀྱི་མེད། ང་ཚོས་གང་བརྗོད་སྲིད་པ་དེས་ཁོང་ཚོར་ཕན་གནོད་གང་འགྲོ་རྒྱུ་ཡིན་པའང་ང་ཚོས་ཤེས་ཀྱི་མེད། མི་དེ་དག་ཞོགས་པ་ག་རེ་བྱུང་བ་ལ་བརྟེན་ནས་ཐང་ཆད་ནས་ཡོད་པའམ་སྤྲོ་ཐུང་ཆགས་ཡོད་པ། ཡང་ན་སེམས་སྡུག་ངང་ཡོད་སྲིད་ལ། ཁོང་ཚོར་གཉིད་འདང་ངེས་ཤིག་རག་མེད་ཀྱང་སྲིད། ང་ཚོས་དེ་ཇི་ལྟར་ཤེས་སམ། མི་རྣམས་རྒྱུ་མེད་རྐྱེན་མེད་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡང་མེད་པར་བྱུང་བ་ལྟར་སྣང་བའི་སྐབས། ང་ཚོས་ཁོང་ཚོ་ལ་རོགས་བྱ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གང་ཡིན་པ་ཇི་ལྟར་རྟོགས་ཐུབ་བམ།

གང་ལྟར་ཡང་། ང་ཚོས་སྣང་བ་དེའི་ནང་ལ་ཡིད་ཆེས་བྱ་རྒྱུ་མེད་པ་དང་། མཐར་ཐུག་ང་ཚོའི་སེམས་ཀྱིས་ཆོས་རྣམས་དེ་ལྟར་སྣང་དུ་འཇུག་རྒྱུ་མེད། དེ་ནས་ཐ་ན་རིམ་པ་འདིའི་སྐབས་སུའང་ང་ཚོས་མི་ཞིག་ལ་དེ་རིང་ཞོགས་པ་གང་བྱུང་ཡོད་པ་དེ་ཤེས་ཀྱི་མེད་ནའང་། མ་མཐར་ཡང་ང་ཚོས་མི་དེ་མ་མཐོང་གོང་མི་དེ་ལ་གནད་དོན་ཞིག་བྱུང་ཡོད་པའི་བདེན་དོན་དེ་ལ་ཡི་རང་བྱེད་ཆོག །གལ་ཏེ་ང་ཚོ་དངོས་གནས་དྲང་གནས་དོ་དབྱིངས་ཡོད་ན། ང་ཚོས་སྐད་ཆ་འདྲི་གི་རེད། དོ་དབྱིངས་ཡོད་པ་ཞེས་བརྗོད་དུས་ངས་འདིར་ཚན་རིག་གི་དཔྱད་ཞིབ་ཅིག་བྱེད་ཀྱིན་ཡོད་ཟེར་གྱི་མེད། ང་ཚོས་ “ངས་ཁྱེད་རང་བདེ་སྐྱིད་དང་ལྡན་པ་དང་སྡུག་བསྔལ་དང་འབྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་ཀྱི་ཡོད་” ཅེས་དངོས་གནས་གཅེས་སྐྱོང་དང་བྱམས་སྙིང་རྗེའི་སྐོར་ཤོད་ཀྱིན་ཡོད།
 
དེ་ནས་ང་ཚོའི་སེམས་ཀྱིས་འཁྲུལ་སྣང་དེ་དག་ཇི་ལྟར་སྐྲུན་གྱི་ཡོད་པ་ངོས་འཛིན་ཐབས་བྱེད་དགོས། ང་ཚོས་དེ་དག་དངོས་པོའི་གནས་ལུགས་དང་མཐུན་པར་ཡིད་ཆེས་པའི་སྐབས། དེ་དག་ཇི་ཙམ་གྱི་ཚད་བཀག་ཡིན་པ་དང་དེ་ལ་བརྟེན་ནས་དཀའ་ངལ་རྣམས་ཇི་ལྟར་འབྱུང་བའི་སྐོར་བལྟ་ཐབས་བྱེད་དགོས།།

Top