ངོ་སྤྲོད།
ནང་ཆོས་ལ་ཐོག་མ་སློབ་སྦྱོང་བྱེད་སྐབས་བདེན་པ་བཞིའི་སྐོར་བལྟ་ཞིབ་བྱེད་ན་ཡག་པོ་ཡོད་ལ། འོས་ཤིང་འཚམས་པ་ཞིག་ཀྱང་ཡོད། གང་ཡིན་ཟེར་ན། སངས་རྒྱས་རང་ཉིད་ཀྱིས་ཐོག་མར་ཆོས་གསུངས་སྐབས་བདེན་པ་བཞིའི་སྐོར་གསུངས་ཡོད་པས་ཡིན། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཆོས་ལུགས་དང་ལྟ་གྲུབ་ལམ་ལུགས་མི་འདྲ་བ་མང་པོ་ཡོད་བསྡད་པ་རེད། དེང་སང་ཆོས་ཕྱོགས་ཀྱི་ལྟ་སྒྲུབ་དེ་ལས་ཀྱང་རྒྱ་ཆེ་རུ་ཕྱིན་ཡོད་པ་རེད། དེ་འདྲ་ཡིན་ཙང་། ང་ཚོ་ནང་ཆོས་ལ་སློབ་སྦྱོང་བྱེད་སྐབས་ནང་པ་སངས་རྒྱས་པའི་ལངས་ཕྱོགས་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་པ་དེ་ངོས་བཟུང་ཐབས་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། ནང་པ་སངས་རྒྱས་པའི་ཆོས་དང་ཆོས་ལུགས་གཞན་ནས་བཤད་པ་མང་པོ་ཞིག་ནི་ཐུན་མོང་གིས་གཅིག་མཚུངས་སུ་མཉམ་སྤྱོད་བྱེད་ཀྱི་ཡོད། དཔེར་ན། སེམས་པ་བཟང་པོ་དང་། བྱམས་བརྩེ་ལྡན་པའི་མི་ཞིག་དགོས་པ་དང་། གཞན་སུ་ལའང་གནོད་པ་མི་སྐྱེལ་བའི་ཐབས་ཤེས་བྱེད་པ་ལ་སོགས་ལྟ་བུ་རེད། བཟང་ཕྱོགས་ཀྱི་རྣམ་པ་དེ་དག་ནི་ཕལ་ཆེར་ཆོས་ལུགས་ཚང་མའི་ནང་དུ་གསུངས་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། སངས་རྒྱས་པའི་ཆོས་ནང་སེམས་པ་བཟང་པོ་དང་། བྱམས་པ་སྙིང་རྗེ་སོགས་གོང་འཕེལ་གཏོང་བ་ལ་ཐབས་ལམ་ཧ་ཅང་ཕྱུག་པོ་ཡོད་ཀྱང་། དེ་དག་ཤེས་པ་ལ་ངེས་པར་དུ་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་མི་དགོས་པར། ང་ཚོས་ནང་ཆོས་ཀྱི་ལྟ་སྒྲུབ་གཞན་ཁས་ལེན་ཀྱང་རུང་། མ་ལེན་ཀྱང་རུང་། གང་ལྟར་ནང་ཆོས་ནས་གསུངས་པའི་ཐབས་ལམ་དེ་དག་བརྒྱུད་གཞན་ལ་ཕན་ཐོགས་ཐུབ།
འོན་ཀྱང་། གལ་སྲིད་ཁང་ཚོས། “སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱི་ཁྱད་ཆོས་ག་རེ་ཡོད་” ཅེས་དྲིས་ན། དེ་ནས་ང་ཚོས་བདེན་པ་བཞི་ལ་ལྟ་ཞིབ་བྱེད་དགོས། དེའི་སྐོར་གོ་བསྡུར་བྱེད་སྐབས། ང་ཚོས་ལྟ་གྲུབ་ལམ་ལུགས་གཞན་དང་གཅིག་མཚུངས་སུ་སྤྱོད་ཀྱི་ཡོད་པ་མང་པོ་ཧ་གོ་ཐུབ།
དབྱིན་སྐད་དུ་ “noble truth” ཞེས་པའི་བརྗོད་ཚུལ་ཞིག་ཡོད། ཡིན་ནའང་དེ་ནི་དབྱིན་འགྱུར་ཁྱད་མཚར་པོ་ཞིག་ཆགས་ཡོད། དབྱིན་སྐད་དུ་ “noble” ཞེས་པའི་ཚིག་དེས་དུས་རབས་བར་མའི་སྐབས་ཀྱི་སྐུ་དྲག་རིང་ལུགས་དེ་སེམས་ལ་འཆར་སྲིད། འོན་ཀྱང་། དངོས་གནས་བྱས་ན། ཚིག་འདིའི་གོ་དོན་ནི། རྟོགས་པ་མཐོ་པོར་སླེབས་པའི་འཕགས་པའི་གང་ཟག་ལ་གོ་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། འཕགས་པའི་བདེན་པ་བཞི་ནི། རྟོག་པ་དང་བྲལ་བའི་སྒོ་ནས་དངོས་པོའི་གནས་ལུགས་མངོན་སུམ་དུ་རྟོགས་མཁན་ཚོས་བདེན་པར་མཐོང་བའི་བདེན་པའི་གནས་ལུགས་བཞི་ཡིན། བདེན་པའི་གནས་ལུགས་བཞི་པོ་འདི་དག་དངོས་གནས་ཡིན་ནའང་། མི་མང་ཆེ་བས་དེ་ལྟར་ཡག་པོ་མགོ་ཚོད་ཀྱི་མེད་པ་མ་ཟད། དེ་ལས་མི་མང་བ་ཞིག་ལ་ནི་དེའི་སྐོར་ཤེས་རྟོགས་ཙམ་ཡང་མེད་པ་རེད།
འཕགས་པའི་བདེན་པ་དང་པོ།
ནམ་རྒྱུན་བདེན་པའི་གནས་ལུགས་དང་པོ་ལ་སྡུག་བསྔལ་ཟེར་གྱི་ཡོད། སངས་རྒྱས་ཀྱིས། ང་ཚོའི་མི་ཚེ་ནི་སྡུག་བསྔལ་གྱི་ཁེངས་ནས་ཡོད་པ་དང་། ང་ཚོས་འཆར་ཅན་བདེ་བ་ཡིན་བསམ་པའི་བདེ་བ་ཉི་ཚེ་བ་དེ་དག་ཀྱང་དཀའ་ངལ་གྱི་རིམ་པ་མང་པོ་ཞིག་དང་འབྲེལ་ནས་ཡོད་པ་རེད། ཅེས་གསུངས། ལེགས་སྦྱར་སྐད་དུ་ “དུཿཁ་” ཞེས་པ་དེ་སྡུག་བསྔལ་དུ་བསྒྱུར་ཡོད། དེ་ལྟར་བདེ་བ་ལ་ “སུཁ་” དང་སྡུག་བསྔལ་ལ་ “དུཿཁ་” ཞེས་བསྒྱུར་ཡོད། སྐད་ཡིག་རིག་པའི་ཐ་སྙད་ལྟར་བྱེད་ན། ལེགས་སྦྱར་གྱི་ཚིག་ “ཁ་” ཞེས་པ་ནི་ནམ་མཁའ་ལ་གོ་བ་དང་། “དུཿ” ཞེས་པ་ནི་སྔོན་འཇུག་ཡིན་ཞིང། ཚིག་འདིས་སྡུག་བསྔལ་དང་ཡིད་མི་བདེ་བའི་རང་བཞིན་སྟོན་གྱི་ཡོད། ང་ཚོས་ཚད་ལས་བརྒལ་བའི་ཚོད་དཔོག་གི་ཚིག་སྡུག་ཅག་དེ་འདྲ་བེད་སྤྱོད་ནམ་ཡང་བྱ་རྒྱུ་མེད། འོན་ཀྱང་ “དུཿཁ་” ཞེས་བརྗོད་དུས་གོ་བ་དེའི་ཕྱོགས་སུ་འགྲོ་གི་ཡོད། “དུཿཁ་” ཞེས་པའི་གོ་དོན་ནི། ཕྱོགས་འདི་ལ་གཅིག་འགྲིག་མེད་པ་ཤུགས་ཀྱིས་སྟོན་གྱི་ཡོད། ཕྱོགས་དེ་ནི་ང་ཚོའི་སེམས་ཀྱི་སྟོང་དང་། སྤྱིར་བཏང་ང་ཚོའི་མི་ཚེ་ནང་གི་སྟོང་ཆ་དེ་ཡིན། དེ་ནི་མི་སྡུག་པའམ་མི་བདེ་བའི་གནས་སྟངས་ཤིག་ཡིན།
དེ་འདྲ་སོང་ཙང། དེ་ལ་གནས་སྟངས་མི་སྡུག་པའམ་མི་བདེ་བ་ག་རེ་ཡོད་དམ་ཞེ་ན། ཐོག་མར་ང་ཚོས་སྡུག་བསྔལ་རགས་པ་མྱོང་གི་ཡོད། དཔེར་ན། ན་ཟུག་དང་། མི་སྐྱིད་པ་དང་། སེམས་སྐྱོ་བ་ལ་སོགས་རྣམས་རེད། དེ་ནི་ང་ཚོ་ཚང་མས་ཤེས་པ་མ་ཟད་དུད་འགྲོ་སེམས་ཅན་ཡིན་ནའང་སྡུག་བསྔལ་དེའི་རིགས་ལས་གཡོལ་ཐབས་བྱེད་འདོད་ཡོད། ན་བ་དང་མི་སྐྱིད་པ་དེ་ཚོ་སྡུག་བསྔལ་གྱི་གནས་སྟངས་ཤིག་ཡིན་པ་དང་། དེ་ཚོ་ལས་ཐར་དགོས་ཀྱི་ཡོད་པ་དེ་ནང་ཆོས་ནས་བཤད་པ་དང་། ཆོས་ལུགས་གཞན་དག་ནས་བཤད་པ་ལ་མི་འདྲ་བའི་ཁྱད་པར་གང་ཡང་མེད། སྡུག་བསྔལ་རིགས་གཉིས་པ་དེ་ལ་འགྱུར་བའི་སྡུག་བསྔལ་ཟེར། དེ་ནི་ང་ཚོར་ནམ་རྒྱུན་དུ་ནས་ཡོད་པའི་འཆར་ཅན་གྱི་བདེ་བ་ཉི་ཚེ་བ་དེ་དག་གི་སྐོར་ལ་བཤད་ཀྱི་ཡོད། འཆར་ཅན་གྱི་བདེ་བ་རིགས་དེ་ལྟ་བུ་ལ་དཀའ་ངལ་ག་རེ་ཡོད་དམ་ཟེར་ན། བདེ་བ་དེ་དུས་ཡུན་རིང་པོར་མི་ཐུབ་ལ་གཏན་དུ་མི་གནས་པར་རྟག་ཏུ་འགྱུར་འགྲོ་གི་ཡོད། གལ་སྲིད་ང་ཚོས་ནམ་རྒྱུན་བདེ་བ་ཡིན་པ་རེད་བསམ་པའི་བདེ་བ་དེ་བདེ་བ་ངོ་མ་ཞིག་ཡིན་ན། བདེ་བ་དེ་ག་ཚོད་ཀྱིས་མང་བ་ཡོད་པ་དེ་ཚོད་ཀྱི་ང་ཚོ་སྐྱིད་པ་ཡོང་དགོས་ཀྱི་ཡོད་ཀྱང་། དེ་འདྲ་ནི་ཡོང་གི་མེད། དཔེར་ན། ང་ཚོས་བྱི་རིལ་ལ་སོགས་པའི་མངར་ཆའི་རིགས་བཟའ་བ་ལས་བདེ་བ་མྱོང་གི་ཡོད་ན། བྱི་རིལ་དེ་ག་ཚོད་ཀྱིས་མང་བ་ཟ་བ་དེ་ཚོད་ཀྱི་ང་ཚོ་བདེ་ཞིང་སྐྱིད་པ་ཞིག་ཡོང་དགོས་ཀྱི་ཡོད་ཀྱང་། དེ་འདྲ་ཡོང་གི་མེད་པ་གསལ་པོར་ང་རང་ཚོ་སོ་སོས་ཤེས་ཀྱི་ཡོད། དཔེ་གཞན་ཞིག་བཞག་ན། སོ་སོ་ལ་དགའ་པོ་དང་བྱམས་པོ་བྱེད་མཁན་ཞིག་གིས་ཁྱེད་རང་གི་ལག་པ་དུས་ཡུན་རིང་པོ་བྱུག་བྱུག་བྱས་པ་ལ་བསམ་མནོ་ཞིག་གཏོང་དང། བྱུག་བྱུག་བྱས་པའི་བདེ་བའི་ཚོར་བ་དེ་མགྱོགས་པོ་རང་ཉིད་ལ་གནོད་པའི་སྡུག་བསྔལ་ལམ། ཡང་ན་ཁྱད་མཚར་པོ་ཞིག་ཚོར་གྱི་རེད། དེས་དངོས་གནས་ག་རེ་སྟོན་གྱི་ཡོད་ཟེར་ན། སྤྱིར་བཏང་གི་བདེ་བ་ཉི་ཚེ་བ་དེ་འགྱུར་འགྲོ་གི་ཡོད་པ་སྟོན་གྱི་ཡོད། ཡིན་ནའང་ང་ཚོ་ལ་བདེ་བ་དེས་འདང་ངེས་ཤིག་མེད་པས་ང་ཚོ་ནམ་ཡང་འདོད་པ་ཚིམས་ཀྱི་མེད། ང་ཚོ་ལ་རྟག་ཏུ་བྱི་རིལ་དང་མངར་ཆ་ཞིམ་པོའི་རིགས་གང་མང་མང་ཞིག་དགོས་ཀྱི་ཡོད། དེ་ཡང་ད་ལྟ་ལམ་སེང་མི་དགོས་ནའང་། དུས་ཚོད་ཏོག་ཙམ་གྱི་རྗེས་ལ་དགོས་འདོད་སྐྱེ་གི་ཡོད།
རང་གི་ཁ་ལག་དགའ་ཤོས་དེ་སྐྱིད་པོ་དང་འདོད་པ་ཚིམ་པ་ཞིག་ཡོང་བ་ལ། རང་ཉིད་ཀྱིས་ཁ་ལག་དེ་ག་ཚོད་ཟ་དགོས་ཀྱི་ཡོད་དམ་ཞེས་པའི་ཐད་ལ་གལ་སྲིད་བསམ་བློ་ཞིག་གཏོང་བ་ཡིན་ན། སེམས་ལ་འཐད་པོ་ཞིག་འདུག དེ་ཡང། རང་ཉིད་དགའ་ཤོས་ཀྱི་ཟས་ལ་སོ་ཆུང་ཆུང་ཞིག་རྒྱག་པའམ་ཟས་ཁམ་གཅིག་ཙམ་གྱིས་འདང་ངེས་པ་དགོས། འོན་ཀྱང་དེ་ལྟར་མ་ཡིན་པར་ང་ཚོ་ལ་རྟག་ཏུ་གང་མང་མང་ཟ་རྒྱུའི་འདོད་པ་ཡོང་གི་ཡོད།
ད་འདི་ལྟ་བུའི་སྤྱིར་བཏང་འཆར་ཅན་གྱི་འཁོར་བའི་བདེ་བ་ཉི་ཚེ་བ་དེ་དག་ལས་ཐར་བར་བྱེད་པར་འདོད་པ་དེ་ཡང་ནང་པ་སངས་རྒྱས་པ་གཅིག་པུའི་དམིགས་ཡུལ་མ་ཡིན། ནང་པ་མིན་པའི་ཆོས་ལུགས་གཞན་མང་པོས་སྤྱིར་བཏང་འཁོར་བའི་བདེ་བ་ལས་བརྒལ་ནས་ལྷའི་ཞིང་ཁམས་ལྟ་བུའི་རྟག་པ་རྒྱུན་ཆད་མེད་པའི་བདེ་བ་ཞིག་འཐོབ་ཐབས་བཤད་ཀྱི་ཡོད།
སྡུག་བསྔལ་གྱི་རིགས་གསུམ་པ་ནི། དམིགས་བསལ་ནང་པ་སངས་རྒྱས་པའི་བཤད་ཚུལ་ཞིག་རེད། དེ་ལ་ཀུན་ལ་ཁྱབ་པའི་སྡུག་བསྔལ་ ༼ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་༽ ཟེར། དེ་ལ་ང་ཚོས། ཀུན་ལ་ཁྱབ་པའི་འདུ་བྱེད་ཀྱི་དཀའ་ངལ་ཞེས་ཟེར་ནའང་འགྲིག སྡུག་བསྔལ་འདི་ནི་ང་ཚོར་དངོས་སུ་སྡུག་བསྔལ་མྱོང་གི་ཡོད་པ་དེ་ཚོ་ཚང་མར་ཁྱབ་པ་དང་། དེ་ནི་ང་ཚོ་རང་དབང་མེད་པར་སྐྱེ་བ་ལེན་ཚུལ་ལ་གོ་བའི་ཉིན་རེའི་མི་ཚེའི་ནང་དགའ་སྡུག་ག་འདྲ་ཞིག་ཡོང་བའི་གཞི་རྟེན་ངོ་མ་དེ་རེད། བཤད་སྟངས་གཞན་ཞིག་གིས་ཐོག་ནས་བཤད་པ་ཡིན་ན། ང་ཚོ་ལ་ཡོད་པའི་སེམས་དང་ལུས་པོ་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ནི། སྡུག་བསྔལ་གྱི་རིགས་དང་པོ་གཉིས་ཀྱི་གཞི་རྟེན་དེ་རེད། འདི་ནི་སྐྱེ་བ་ཕྱི་མའི་སྐོར་གྱི་བརྗོད་གཞི་དང་འབྲེལ་ནས་ཡོད་པས། དེའི་སྐོར་ང་ཚོས་རྗེས་མ་ཤེས་ཐུབ་ཀྱི་རེད།
རྒྱ་གར་གྱི་ལྟ་གྲུབ་མང་པོའི་ནང་སྐྱེ་བ་སྔ་ཕྱིའི་སྐོར་གསུངས་ཡོད་པ་ནི་བཤད་མི་དགོས་པ་རེད། བྱས་ཙང་། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསར་པ་གསུངས་པ་གང་ཡང་མ་རེད། འོན་ཀྱང་སྐྱེ་བ་སྔ་ཕྱིའི་གྲུབ་ཚུལ་གྱི་སྐོར་ལ་སངས་རྒྱས་ཁོང་ཉིད་ཀྱིས། དེའི་སྐབས་ཀྱི་ཆོས་ལུགས་དང་ལྟ་གྲུབ་གཞན་དག་ལས་གཏིང་ཟབ་པ་རྟོགས་ནས་འགྲེལ་བཤད་གནང་ཡོད།སངས་རྒྱས་ཀྱིས། ང་ཚོ་སྐྱེ་བ་ཇི་ལྟར་ལེན་ཚུལ་དང་། ང་རང་ཚོའི་སེམས་དང་ལུས་པོ་ན་བ་དང་། མི་སྐྱིད་པ་དང་། འཆར་ཅན་གྱི་བདེ་བ་ཉི་ཚེ་བ་རྣམས་ཇི་ལྟར་མྱོང་གི་ཡོད་པའི་ཐད་ལ་འགྲེལ་བརྗོད་ཧ་ཅང་ཞིབ་ཚགས་པོ་གནང་ཡོད།།
འཕགས་པའི་བདེན་པ་གཉིས་པ།
བདེན་པ་གཉིས་པས་ང་ཚོར་སྡུག་བསྔལ་མྱོང་གི་ཡོད་པ་དེའི་རྒྱུ་ངོ་མ་དེ་ལ་ལྟ་ཞིབ་བྱེད་ཀྱི་ཡོད། གནས་ཚུལ་འདི་ཤེས་པ་ལ་སྐྱེ་བ་སྔ་ཕྱི་སོགས་ཤེས་དགོས་ཀྱི་མེད། སྐབས་འདིར་སངས་རྒྱས་ཀྱིས་ལས་སླ་པོ་རྒྱུ་མཚན་དང་མཐུན་པའི་སྒོ་ནས་གང་གསུངས་པ་དེ་ཤེས་ཐབས་བྱེད་ཆོག ང་ཚོ་ཚང་མས་སྡུག་བསྔལ་དང་འཆར་ཅན་གྱི་བདེ་བ་ཉི་ཚེ་བའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་པ་དེ་དག་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན། ཡིན་ནའང་སངས་རྒྱས་བཅོམ་ལྡན་འདས་ནི། དེ་དག་གི་རྒྱུ་ངོ་མ་དེ་གང་ཡིན་པ་ལ་འཚོལ་ཐབས་གནང་རྒྱུར་ཐུགས་མཉེས་པ་ཡིན། ང་ཚོ་ལ་བདེ་བ་དང་སྡུག་བསྔལ་དེ་དག་བྱ་དགའ་དང་ཉེས་ཆད་སོགས་ཀྱི་རྣམ་པའི་ཚུལ་དུ་ཡོང་གི་ཡོད་པ་བསམ་སྲིད་ཀྱང་། ངས་རྒྱས་ཀྱིས་དེ་དག་གི་རྒྱུ་ངོ་མ་ནི་མི་དགེ་བའི་སྤྱོད་ལམ་དང་དགེ་བའི་སྤྱོད་ལམ་ཡིན་པར་གསུངས་ཡོད།
མི་དགེ་བའི་སྤྱོད་ལམ་ཟེར་བ་དེ་གང་ཡིན་ནམ། དེ་ནི་གནོད་པ་སྐྱེལ་བ་ཙམ་དེ་ཡིན་ནམ། ང་ཚོས་གནོད་པ་བྱེད་པའི་སྐོར་ལ་བཤད་སྐབས། དེ་ནི་མི་གཞན་པའམ། ཡང་ན་སོ་སོ་རང་ཉིད་ལ་གནོད་འཚེ་བྱེད་པ་ལ་གོ་ཆོག་པ་ཡིན། ང་ཚོས་སྤྱོད་པས་གཞན་ལ་ཕན་གནོད་ཀྱི་ཤུགས་རྐྱེན་གང་འདྲ་ཞིག་ཐེབ་ཀྱི་ཡོད་མེད་ཧ་གོ་རྒྱུ་ཁག་པོ་རེད། དཔེར་ན། ང་ཚོས་མི་ཞིག་ལ་དངུལ་འབོར་མང་པོ་ཞིག་སྤྲད་པ་ཡིན་ན། དེའི་མཇུག་འབྲས་སུ་དངུལ་རྐུ་འདོད་ཡོད་མཁན་མི་ཞིག་གིས་དངུལ་སྤྲོད་སའི་མི་དེ་བསད་ཀྱི་ཡོད། དེར་བརྟེན་ང་ཚོས་ཁོ་ཚོ་ལ་ཕན་པའི་དམིགས་ཡུལ་བཟུང་བ་ཡིན་ནའང། དེས་དངོས་གནས་ཕན་པའི་ངེས་པ་མེད། སོ་སོ་རང་ལ་གནོད་པའི་བྱ་སྤྱོད་ཀྱི་རིགས་དེ་དག་ཡོང་ངེས་པ་ཞིག་ཡིན། དེ་ནི་རང་ཉིད་རང་ལ་གནོད་པ་ཞིག་དང་། སངས་རྒྱས་ཀྱིས་དེ་ལ་མི་དགེ་བའི་སྤྱོད་ལམ་ཞེས་གསུངས་ཡོད།
ཡང་དེས་གང་གསུངས་ཀྱི་ཡོད་ཟེར་ན། སེམས་ཉོན་མོངས་དབང་དུ་སོང་ནས་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། ལས་ཀ་བྱེད་སྟངས་ཀྱིས་མི་སྐྱིད་པ་དང་བསུན་པོ་བཟོ་གི་ཡོད། དེ་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་ཞི་བདེ་དང་རང་ཉིད་རང་ལ་སྟངས་འཛིན་བྱེད་པའི་ནུས་པ་བརླགས་ཏེ་ཁོང་ཁྲོ་དང་། འདོད་ཆགས། ཕྲག་དོག འདོད་རྔམ། ཁེངས་དྲེགས། དེ་བཞིན་ལེགས་ཉེས་ཀྱི་དབྱེ་བ་འབྱེད་མི་ཤེས་པ་སོགས་མང་པོ་ཞིག་ཡོང་གི་ཡོད། ང་ཚོའི་བསམ་བློའི་ཁ་ཕྱོགས་དེ་སེམས་ཚོར་དེ་འདྲ་ཞིག་གི་ནང་དུ་ཚུད་པ་ཡིན་ན། དེ་ནས་ང་རང་ཚོའི་སྐད་ཆ་ཤོད་སྟངས་དང་བྱ་བ་བྱེད་སྟངས་ཡང་དེའི་དབང་དུ་འགྲོ་གི་ཡོད། དེས་ང་རང་ཚོར་སྡུག་བསྔལ་བཟོ་གི་རེད། སྡུག་བསྔལ་དེ་ཡང་ལམ་སེང་མི་འབྱུང་ཡང་དུས་ཡུན་རིང་པོའི་ནང་མཐར་སྡུག་བསྔལ་སྤྲོད་ཀྱི་ཡོད། གང་ཡིན་ཟེར་ན། དེས་མུ་མཐུད་དེ་སྡུག་བསྔལ་ཡོང་བའི་འདུན་པའམ་བག་ཆགས་ཤུགས་ཆེན་ཞིག་གསོག་གི་ཡོད་པས་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོ་ལ་དགེ་བའི་སྤྱོད་ལམ་ཡོད། དེ་ནི་ཉོན་མོངས་དེ་ཚོའི་དབང་དུ་མ་སོང་བའི་སྤྱོད་ལམ་ཡིན་པ་མ་ཟད། དེ་དག་དགེ་བའི་སེམས་ཚོར་བྱམས་པ་དང་། སྙིང་རྗེ། བཟོད་པ་སོགས་ཀྱིས་ཀུན་ནས་སློང་བ་ཡང་ཡོང་སྲིད་པ་ཡིན།
དགེ་བའི་བྱ་བ་བྱེད་པས་བདེ་སྐྱིད་བསྐྲུན་གྱི་ཡོད། ང་ཚོའི་སེམས་ལྷོད་པོ་དང་། ནམ་རྒྱུན་དུ་ནས་སེམས་ཞི་འཇམ་དང་། རང་ཉིད་རང་ལ་སྟངས་འཛིན་བྱེད་ཐུབ་པ་སོགས་ཆགས་ནས་གཞན་ལ་གནོད་པ་དང་དཀའ་ངལ་བཟོ་བའི་གླེན་རྟགས་ཀྱི་ལས་ཀའི་རིགས་མི་བྱེད་པ་དང་། སྐད་ཆའི་རིགས་མི་ཤོད་པ་ཡིན། དེའི་མཇུག་འབྲས་ལམ་སེང་མི་ཡོང་ཡང་ཕུགས་རྒྱང་རིང་པོའི་ནང་བདེ་སྐྱིད་བསྐུན་གྱི་ཡོད། གང་ལྟར་དེར་མི་མངོན་པའི་ཚུལ་དུ་ཡོད་པ་ནི། དངོས་པོའི་གནས་ལུགས་རྣམས་མི་ཤེས་པ་དང་། ང་ཚོ་དང་གཞན་རྣམས་གང་འདྲ་བྱས་ནས་གནས་ཡོད་པའམ་གྲུབ་ཡོད་པ་མི་ཤེས་པའི་དབང་གིས་རེད།
ང་ཚོའི་སྡུག་བསྔལ་དང་འཆར་ཅན་གྱི་བདེ་བ་ཉི་ཚེ་བ་དེ་རྣམས་ནི། ང་ཚོའི་ཁྲིམས་དཔོན་ལྟ་བུས་ཡག་པོ་བྱེད་མཁན་ལ་བྱ་དགའ་དང་། ངན་པ་བྱེད་མཁན་ལ་ཉེས་ཆད་འགེལ་བ་ལྟར་མ་ཡིན་པར། དེ་ཚོ་ནི་ཕལ་ཆེར་དངོས་ཁམས་རིག་པའི་ལྟ་སྒྲུབ་ལམ་ལུགས་ཀྱི་རྗེས་སུ་འབྲང་པ་ལྟ་བུ་ཡིན། སྤྱོད་ལམ་གྱི་རྒྱུ་དང་འབྲས་བུ་གནས་པའི་གཞི་རྟེན་དེ་ག་རེ་ཡིན་ནམ་ཞེ་ན། དེའི་གཞི་རྟེན་ནི་རྨོངས་པ་ཡིན། དེ་ཡང་དམིགས་བསལ་སོ་སོ་རང་ལ་རྨོངས་པ་དེ་ཡིན། ང་ཚོའི་བསམ་པར། ང་ནི་མི་གལ་ཆེ་ཤོས་དེ་ཡིན་པས། ང་རང་གི་འདོད་པ་ལྟར་བསྒྲུབ་དགོས། དཔེར་ན། ཁྲོམ་ར་ཆེན་པོའི་ནང་མི་མང་པོ་ཅ་ལག་ཉོ་བར་གྲལ་སྒྲིག་མཁན་མཉམ་དུ་སོ་སོ་ཡང་ཅ་ལག་ཉོ་མཁན་ཡིན་པ་དང་། སོ་སོ་གྲལ་གྱི་མཇུག་ཙམ་ལ་ཡོད་ན་གྲལ་གྱི་དང་པོར་སླེབས་དགོས་ཀྱི་ཡོད་པར་བསམ་གྱི་ཡོད། ང་ཚོ་གྲལ་གྱི་དང་པོར་སླེབས་ཡག་ལ་འདོད་རྔམ་ཆེན་པོ་བྱེད་ནས་གྲལ་གྱི་དང་པོ་དེ་མ་འཐོབ་པའི་དབང་གིས་སོ་སོའི་སྔོན་ལ་ཡོད་པའི་མི་རྣམས་ལ་ཁོང་ཁྲོ་ཟ་གི་ཡོད། དེ་གང་ཡིན་ཞེ་ན། སོ་སོའི་མདུན་དུ་ཡོད་པའི་མི་དེ་དཔེ་ལྷོད་ལྷོད་དང་དུས་ཚོད་རིང་པོ་འགོར་གྱི་ཡོད་པས། ང་ཚོའི་སེམས་ནང་ཁོང་ཚོའིི་སྐོར་ལ་བསམ་བློ་མི་སྡུག་པ་དྲུག་གསུམ་བཅོ་བརྒྱད་འཁོར་གྱི་ཡོད། ང་ཚོ་བྱ་བ་བཟང་པོ་དང་དགེ་བའི་ལས་ཀ་བྱས་པ་ཡིན་ནའང་། དེའི་འོག་ཏུ་ང་ཞེས་པ་དེ་ལ་ཐེ་ཚོམ་དང་རྨོངས་པ་མང་པོ་ཡོང་གི་ཡོད། དཔེར་ན། ང་ཚོས་མི་གཞན་ལ་རོགས་པ་བྱེད་སྲིད། དེ་གང་ཡིན་ཞེ་ན། ཁོ་ཚོས་ང་ཚོ་ལ་དགའ་མོས་བྱེད་ན་བསམ་པ་དང། ཡང་ན་ཁོ་ཚོས་ང་ཚོ་ལ་ཚུར་གཅིག་བྱེད་ཡོང་བསམ་གྱི་ཡོད། ཡང་ན་ང་ཚོ་ནི་གལ་ཆེན་དང་དགོས་མཁོ་ཡིན་པའི་ཚོར་སྣང་ཞིག་བསྐྲུན་གྱི་ཡོད། མཐའ་ནའང་ང་ཚོ་ལ་ཐུགས་རྗེ་ཆེ་ཟེར་དགོས་པ་བསམ་གྱི་ཡོད།
ང་ཚོས་གཞན་ལ་ཕན་པ་བྱས་པ་འདི་ལྟ་བུས་ང་ཚོ་ལ་བདེ་བ་ཡོང་གི་ཡོད། ཡིན་ནའང་དངོས་གནས་བྱས་ན་དེ་སྐྱིད་པོ་ཞིག་གང་ཡང་མེད། བདེ་བ་འདི་ལྟ་བུ་ང་ཚོས་མྱོང་ཡང་རྒྱུན་རིང་པོ་གནས་ཀྱི་མེད། དེ་ནི་སྡུག་བསྔལ་གྱི་རྣམ་པ་ཞིག་ཏུ་འགྱུར་འགྲོ་གི་ཡོད། དེ་འདྲ་བྱས་ཏེ་མི་ཚེ་ནང་མུ་མཐུད་དེ་འགྲོ་བསྡད་ཀྱི་ཡོད་པ་དང་། ནང་པ་སངས་རྒྱས་པའི་བཤད་ཚུལ་ལྟར་བྱེད་ན། ཚེ་ཕྱི་མ་ལའང་མུ་མཐུད་དེ་འགྲོ་བསྡད་ཀྱི་ཡོད་པ་རེད།
ང་ཚོས་ཞིབ་ཚགས་པོར་བལྟ་བའི་སྐབས། ཆོས་ཐམས་ཅད་ལ་འཁྲུལ་བའི་རྨོངས་པ་ཞིག་ཡོད་པ་ཧ་གོ་གི་རེད། དཔེ་ཆ་བཞག་ན། ང་ཚོས་མི་གཅིག་ལ་དཔེ་དགའ་གི་ཡོད་ན། མི་དེའི་ཁྱད་ཆོས་ཡག་ག་དེ་ཚོ་ལ་རྦད་དེ་འུད་བརྒྱབ་ནས་བཤད་ཀྱི་ཡོད། དེ་བཞིན་མི་ཞིག་ལ་རྩ་ནས་དགའ་གི་མེད་ན། ང་ཚོས་མི་དེའི་ཁྱད་ཆོས་ངན་པའམ་སྡུག་པའི་རིགས་རྣམས་ཧ་ཅང་འུད་བརྒྱབ་སྟེ་བཤད་ནས། ཁོའི་བཟང་པོའི་ཡོན་ཏན་གྱི་ཆ་གང་ཡང་མཐོང་ཐུབ་ཀྱི་མེད། ང་ཚོས་ག་ཚོད་ཀྱིས་དཔྱད་པ་བྱས་པ་དེ་ཚོད་ཀྱིས་ང་ཚོས་གང་མྱོང་བ་དེའི་རྒྱབ་ཏུ་རྒྱུན་མི་ཆད་པའི་རྨོངས་པ་དང་འཁྲུལ་བ་ཡོང་གི་ཡོད།
དེ་ལས་གཏིང་ཟབ་པར་བལྟ་ཞིབ་བྱེད་སྐབས། འདིའི་གཞི་རྟེན་ནི། ང་རང་ཚོ་སོ་སོ་ལ་ཡོད་པའི་སྐྱོན་ཆ་དེ་ཡིན་པ་ཤེས་ཐུབ། སོ་སོ་རང་ལ་ཡོད་པའི་སེམས་དང་ལུས་ལ་སྐྱོན་གྱི་ཆ་ཡོད། ང་ཚོས་མིག་གཉིས་པོ་བཙུམ་པའི་སྐབས་སོ་སོ་གཅིག་པོ་མ་གཏོགས་འཛམ་གླིང་གཞན་མེད་པ་འདྲ་པོ་བསམ་གྱི་ཡོད། ང་ཚོའི་བསམ་བློའི་ནང་ང་ང་ཞེས་པའི་བསམ་ཚུལ་ཞིག་ཡོད། ང་དེའི་ནང་ལོག་ལ་ང་གཞན་དག་ཅིག་ཡོད་པ་འདྲ་པོ་བསམ་གྱི་ཡོད། དེ་ནི་ཁྱད་མཚར་པོ་ཞིག་ཡོད། གང་ལྟར། ང་ཚོས་ང་དེ་ངོས་འཛིན་དགོས་ཀྱི་ཡོད། གང་ཡིན་ཟེར་ན། དེས་ང་ཚོ་ལ་དུས་རྟག་ཏུ་རྙོག་ཁྲ་བཟོ་བསྡད་ཀྱི་ཡོད་པ་དཔེར་ན། ང་སྔོན་ལ་སླེབས་དགོས་ཀྱི་འདུག ང་འདི་བྱེད་དགོས་ཀྱི་འདུགཅེས་ང་ཞེས་པ་དེ་རྟག་ཏུ་སེམས་འཁྲེལ་བྱེད་མཁན་དེ་ཡིན། ང་ཚོས་བསམ་བློའི་ནང་ཡོད་པའི་ང་དེ་དམིགས་བསལ་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། ང་དེ་གཞན་སུ་གཅིག་ལ་བརྟེན་མི་དགོས་པ་རང་དབང་ཅན་ཡིན་པ་འདྲ་པོ་ཞིག་བསམ་གྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་མིག་གཉིས་པོ་བཙུམ་སྐབས་ང་མ་གཏོགས་གཞན་སུ་གང་མཐོང་གི་མེད་པས་ཡིན།
དེ་ནི་དངོས་གནས་རྨོངས་པའི་བསམ་བློ་གཏོང་སྟངས་ཤིག་རེད། གང་ཡིན་ཟེར་ན། ང་ཚོ་རང་དབང་གིས་གཞན་ལ་མ་བརྟེན་པར་གནས་ཀྱི་མེད་པ་གསལ་པོ་རེད་ལ། དངོས་ཡོད་གནས་ཚུལ་ལ། མི་སུ་ཡིན་ཡང་དམིགས་བསལ་གང་ཡང་མེད། ང་ཚོ་ཚང་མ་མི་རེད། དཔེར་ན། མཚོ་བྱ་པེང་གྱུན་ (penguin) བརྒྱ་ཕྲག་སྟོང་ཕྲག་མང་པོ་ཧ་ཅང་གྲང་བའི་ལྷོ་སྣེའི་གླིང་ཕྲན་ཨན་ཊར་ཊི་ཀ་ (Antarctica) ནང་འཚང་གའི་ངང་མཉམ་དུ་གནས་པ་ལ་བསམ་བློ་གཏོང་དང་། མཚོ་བྱ་དེ་ཚོའི་ནང་ནས་གཅིག་གཞན་ལས་དམིགས་བསལ་ག་རེ་ཡོད་དམ། དངོས་གནས་བྱེད་ན་མཚོ་བྱ་དེ་ཚོ་ཚང་མ་གཅིག་པ་ཡིན་པ་ནང་བཞིན་ང་ཚོ་མི་ཡང་ཚང་མ་གཅིག་པ་རེད། མཚོ་བྱ་དེ་དག་གི་མིག་ལ་མི་ཚང་མ་ཕལ་ཆེར་གཅིག་པ་འདྲ་པོ་མཐོང་གི་ཡོད་ཀྱི་རེད། གང་ལྟར་ཡང་། བསམ་བློ་གཏོང་སྟངས་འདི་ལ་གཞི་འཛིན་ནས། ང་ནི་གཞན་ལས་དམིགས་བསལ་ཅན་དང་། གཞན་སུ་གཅིག་ལ་བརྟེན་མི་དགོས་པའི་རང་སྐྱ་འཕེར་བ་ཞིག་ཡིན་བསམ་སྟེ། སོ་སོའི་བྱེད་སྟངས་དང་འདོད་པ་ནང་བཞིན་མ་བསྒྲུབ་པ་ཡིན་ན་ཁོང་ཁྲོ་ཟ་གི་ཡོད།
གཞི་རྩའི་ང་ཚོའི་ལུས་སེམས་ཀྱི་འཕྲུལ་ཆས་རགས་པ་ནི་རྨོངས་པ་འདི་ཡོད་པའི་ཆ་རྐྱེན་དང་ལྡན་པ་ཡིན། དེ་ནི་ཁྱད་མཚར་པོ་ཞིག་ཡོད་ཀྱང་། ང་ཚོའི་མགོ་བོ་མདུན་གྱི་ཨི་ཁུང་མིག་གཉིས་པོ་ལས་འཛམ་གླིང་འདི་གཙོ་བོར་མྱོང་གི་ཡོད། སོ་སོའི་རྒྱབ་ལ་གང་ཡོད་པ་མཐོང་ཐུབ་ཀྱི་མེད། ད་ལྟ་གང་ཡིན་དེ་མ་གཏོགས་སྔོན་ལ་གང་བྱུང་ཡོད་པ་དང་། རྗེས་སུ་གང་ཡོང་གི་ཡོད་པ་ནི་མཐོང་ཐུབ་ཀྱི་མེད་པས། ཚད་གཞི་ངེས་ཅན་ལས་མེད། ཕྱིས་སུ་ང་ཚོ་ལོ་ན་རྒས་པའི་དུས་སུ་རྣ་བས་ཡག་པོ་མི་ཐོས་པས། མི་ཞིག་གིས་ཁྱེད་རང་ལ་སྐད་ཆ་གང་བཤད་པ་དེ་ཏག་ཏག་ཅིག་མི་གོ་བས། རང་ཉིད་ཀྱི་བསམ་བློའི་ནང་གོ་བ་ལོག་པ་ལེན་ནས་མི་དེ་ལ་ཁོང་ཁྲོ་ཟ་གི་ཡོད། དེ་འདྲར་བསམ་བློ་བཏང་བའི་སྐབས་སུ་སེམས་པ་སྐྱོ་དགོས་པ་ཞིག་ཡོད།
ང་ཚོ་ལ་ཡོད་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་དཀའ་ངལ་འདི་ནི། ང་ཚོའི་ལུས་དང་སེམས་འདི་ལྟ་བུ་བརྒྱུད་མུ་མཐུད་དེ་རྒྱུད་ཆད་མེད་པའི་སྐྱེ་བ་ཡང་ནས་ཡང་དུ་ལེན་གྱི་ཡོད། དེས་རྨོངས་པ་འདི་རྒྱུན་སྲིང་བར་བྱེད་ཀྱི་ཡོད། རྨོངས་པ་ལ་བརྟེན་ནས་ང་ཚོས་མི་དགེ་བའམ་གཞན་ལ་གནོད་པའི་ལས་བྱེད་པའམ། ཡང་ན་ཕན་ཐོགས་ཉི་ཚེ་བ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་མྱོང་བའི་སྡུག་བསྔལ་དང་བདེ་བ་ཉི་ཚེ་བ་རྣམས་ཡོང་གི་ཡོད།
ང་ཚོས་ད་དུང་དེ་ལས་ཀྱང་གཏིང་ཟབ་པའི་སྒོ་ནས་བཤད་ན།མགོ་རྙོག་ཆེ་རུ་འགྲོ་རྒྱུ་ཡིན་པས། སྐབས་འདིར་དེའི་སྐོར་བཤད་དགོས་ཀྱི་མི་འདུག ཡིན་ནའང་རྨོངས་པ་དེ་རང་ལ་བརྟེན་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་དུ་འཇུག་གི་ཡོད། འདི་ནི་ང་ཚོའི་དཀའ་ངལ་དངོས་ཀྱི་རྒྱུ་ངོ་མ་དེ་ཡིན། འདི་ལྟ་བུའི་རྨོངས་པའམ་མ་རིག་པ་འདི་དབྱིན་སྐད་དུ་ “ignorance” ཞེས་ཡང་སེ་བསྒྱུར་གྱི་ཡོད། ང་རང་གི་བསམ་པར་ཚིག་འདི་བེད་སྤྱོད་མ་བྱེད་ན་ཡག་ག་མཐོང་གི་འདུག དེ་གང་ཡིན་ཟེར་ན། ཚིག་འདིས་ང་ཚོ་གླེན་པ་ཡིན་པ་ཞིག་ལ་གོ་གི་ཡོད། ཡིན་ནའང་དེ་འདྲ་རང་མ་རེད་ལ། ང་ཚོ་ལ་དགོས་པའི་ཚིག་གི་གོ་དོན་འདི་མ་རེད། མ་རིག་པའམ་རྨོངས་པའི་གོ་དོན་ནི། ང་ཚོས་ང་ཚོ་དང་ཆོས་ཐམས་ཅད་ཇི་ལྟར་ཡོད་པའི་དངོས་པོའི་གནས་ལུགས་ལ་རྨོངས་ཤིང་མི་ཤེས་པ་ཙམ་ལ་གོ་བ་ཡིན།
གནས་ཚུལ་དེ་དག་མི་ཤེས་པའི་དབང་གིས་འཛམ་གླིང་ནང་མི་གལ་ཆེ་ཤོས་དེ་ང་ཡིན་ལྟ་བུ་བསམ་གྱི་ཡོད། རང་ཉིད་འཇིག་རྟེན་ནང་གལ་ཆེ་ཤོས་ཡིན་པ་བསམ་གྱི་ཡོད། བསམ་ཚུལ་དེ་ནི་དངོས་པོའི་གནས་ལུགས་དང་མཐའ་གཅིག་ཏུ་འགལ་གྱི་ཡོད། དངོས་ཡོད་གནས་ཚུལ་ལ་ང་ཚོ་ཚང་མ་འདིར་མཉམ་དུ་ཡོད་པ་དང་གཅིག་པ་ཡིན་པ་རེད། ང་ཚོ་གླེན་པ་ཡིན་པའི་རྒྱུ་མཚན་གྱི་མ་རེད། ཡིན་ནའང་ང་ཚོའི་ལུས་དང་སེམས་ཀྱི་དེ་ལྟར་བསམ་དུ་བཅུག་གི་ཡོད།
དེ་འདྲ་ཡིན་ཙང་། ང་ཚོས་དེ་དག་ལ་འཕགས་པའི་བདེན་པ་ (noble truth) ཞེས་བརྗོད་ཀྱི་ཡོད། བདེན་པ་མངོན་སུམ་དུ་རྟོགས་པའི་འཕགས་པའི་གང་ཟག་གི་ལྟ་ཚུལ་ནི་མི་གཞན་དག་གི་ལྟ་ཚུལ་ལས་མི་འདྲ་བ་ཡོང་གི་ཡོད། ང་ཚོ་ལ་ཡོད་པའི་རྨོངས་པ་དང་རྟོག་པའི་འཆར་སྣང་དེ་ཚོ་དངོས་པོའི་གནས་ལུགས་དང་མཐུན་པ་ཡིན་པར་ཡིད་ཆེས་ངོ་མ་ཞིག་བྱེད་ཀྱི་ཡོད། ང་ཚོས་དེ་དག་བདེན་པ་ཡིན་པར་ཡིད་ཆེས་ནས། དེའི་ཐད་ལ་བསམ་བློ་གཅིག་ཀྱང་གཏོང་གི་མེད། གང་ཡིན་ཟེར་ན། ང་ཚོའི་ལྷན་སྐྱེས་ཀྱི་བག་ཆགས་ལ་ང་ནི་གལ་ཆེ་ཤོས་དེ་ཡིན། ང་རང་ལ་ཐབས་ཚུལ་ཡོད་དགོས། མི་ཚང་མས་ང་ལ་དགའ་པོ་བྱེད་དགོས་བསམ་ཀྱི་ཡོད། ཡང་ཁ་ཤས་ཀྱིས་དེ་ལས་ལྡོག་སྟེ། ང་ཡག་པོ་མེད། ཚང་མས་ང་ལ་སྡང་སེམས་བྱེད་དགོས་པ་དེ་འདྲ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། འདི་ནི་དངུལ་ཊམ་གྱི་རྒྱབ་མདུན་ལྟར་གཅིག་པ་གཅིག་རྐྱང་རེད། འདི་ནི་རྒྱུ་ངོ་མ་དེ་རེེད།།
འཕགས་པའི་བདེན་པ་གསུམ་པ།
བདེན་པ་གསུམ་པ་ནི་འགོག་པ་དངོས་ཏེ། ང་ཚོས་དབྱིན་སྐད་དུ་ “true stopping” ཟེར་ཆོག། ནམ་རྒྱུན་འདི་ལ་འགོག་པའི་བདེན་པ་ “true cessation” ཞེས་བསྒྱུར་གྱི་ཡོད། དེའི་དོན་དག་ནི། རྨོངས་པ་འདི་བཀག་ཐུབ་པ་དང་མེད་པ་བཟོ་ནས་དེ་ནམ་ཡང་བསྐྱར་དུ་མི་ཡོང་བའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་གོ་བ་ཡིན། གལ་སྲིད་ང་ཚོས་རྒྱུ་ངོ་མ་རྨོངས་པ་འདི་མེད་པ་བཟོས་བཞག་པ་ཡིན་ན། དེ་ནས་དཀའ་ངལ་དངོས་དང་། བདེ་སྡུག་དང་། དེའི་གཞི་རྟེན་དུ་གྱུར་བའི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་བཅས་མེད་པ་བཟོ་ཐུབ། གལ་སྲིད་ང་ཚོས་དེ་འདྲ་བྱས་ན་ཐར་པ་ཞེས་པའི་གོ་འཕང་དེ་འཐོབ་ཀྱི་ཡོད། ཁྱེད་རང་ཚོ་ཚང་མས་ལེགས་སྦྱར་གྱི་སྐད་དུ་སཾ་སཱ་ར་ (samsara) འཁོར་བ་སྟེ། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དང་། ནིར་ཝཱཎ། (nirvana) ཐར་པ་ཞེས་པའི་ཐ་སྙད་གོ་མྱོང་དང་མཐོང་མྱོང་ཡོད་ཤག་རེད།
སངས་རྒྱས་ཞལ་བཞུགས་པའི་དུས་སུ། རྒྱ་གར་གྱི་ལྟ་གྲུབ་མང་པོས་འཁོར་བ་ལས་གྲོལ་ནས་ཐར་པ་འཐོབ་པའི་སྐོར་ལ་བཤད་ཡོད། དེ་ནི་རྒྱ་གར་ནང་ཐུན་མོང་གི་གླེང་གཞི་ཞིག་རེད། ཡིན་ནའང་སངས་རྒྱས་ཀྱིས། རྒྱ་གར་གྱི་ལྟ་གྲུབ་ལམ་ལུགས་གཞན་དག་ཚོས་རྒྱུ་ངོ་མ་དེ་ངོ་སྤྲོད་བྱེད་པར་གཏིང་ཟབ་པོའི་ཞིབ་འཇུག་བྱས་མེད་པ་གཟིགས་ཡོད། དཔེར་ན་དབང་མེད་ཀྱིས་ཡང་ནས་ཡང་དུ་ཡོང་བའི་དཀའ་ངལ་དེ་དག་ལས་ཐར་ནས་བར་སེང་ལྟ་བུར་ལྷ་ཡུལ་དུ་སྐྱེས་ཏེ་སེམས་ལ་སྣང་བ་གང་ཡང་མེད་པར་བསྐལ་བ་ནས་བསྐལ་བའི་བར་དུ་གནས་པ་ཡོང་སྲིད་ཀྱང་། དེ་ལ་མཐའ་མར་རྫོགས་རྒྱུ་ཡོད། དེ་འདྲ་སོང་ཙང་། ནང་པ་མ་ཡིན་པའི་ལྟ་གྲུབ་ལམ་ལུགས་གཞན་དག་དེ་ཚོ་ལ་ཐར་པ་ངོ་མ་ཞིག་བཞག་རྒྱུ་མེད་པ་རེད།
སངས་རྒྱས་ཀྱིས། འགོག་པ་དངོས་ཀྱི་སྐོར་དང་། རྨོངས་པ་དེ་དངོས་གནས་མེད་པ་བཟོ་ཐུབ་པ་དང། བསྐྱར་དུ་ནམ་ཡང་ཡང་ནས་ཡང་དུ་ཡོང་མི་ཐུབ་པ་བཟོ་ཐུབ་པའི་གདེང་ཚོད་ཡོད་པ་ཤེས་པར་བྱ་རྒྱུ་དེ་གལ་ཆེན་པོ་རེད་གསུངས་ཡོད། དེ་མིན་ང་ཚོས་རྨོངས་པ་དེ་མེད་པ་བཟོ་ཐབས་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ། གལ་སྲིད་ཁྱེད་རང་གིས་རྨོངས་པ་དེ་ཕན་པའི་ཆེད་དུ་མེད་པ་བཟོ་འདོད་མེད་ན། ཁ་བཙུམ་ནས་གནས་སྟངས་གང་ཡིན་པ་དེ་ངོས་ལེན་བྱས་ནས་བེད་སྤྱོད་གང་ཡག་ཡག་བྱེད་དགོས། གསོ་དཔྱད་ཀྱི་སྨན་པ་མང་པོ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་འདི་ཡིན་སྲིད། དེ་ཡང་། དེ་དང་མཉམ་དུ་འཚོ་ཐབས་བྱེད་པའམ། ཡང་ན་སྨན་བཟའ་དགོས་པ་ཡིན།
འཕགས་པའི་བདེན་པ་བཞི་པ།
བདེན་པ་བཞི་པ་འདི་ལ་ནམ་རྒྱུན་དབྱིན་སྐད་དུ་ “true path” ཞེས་བསྒྱུར་ཡོད་པ་དང་། འདིས་ང་ཚོར་བདེན་པ་གསུམ་པ་ཧ་གོ་བ་ལ་ཕན་ཐོགས་ཀྱི་ཡོད། འདིའི་གོ་དོན་ནི། ཡར་རྒྱས་གཏོང་ན་ཐར་པའི་གོ་འཕང་ལ་ཁྲིད་པར་བྱེད་པའི་ལམ་དུ་གྱུར་བའི་སེམས་ཀྱི་གནས་སྟངས་ཤིག་ལ་གོ་བ་ཡིན། དེ་ལ་ང་ཚོས་ཨིན་སྐད་དུ་ “pathway mind” སེམས་ཀྱི་ལམ་ཞེས་ཀྱང་བརྗོད་ཆོག།ཡིན་ནའང་ཐ་སྙད་འདི་སྐད་ཡིག་གཞན་གྱི་ནང་བསྒྱུར་ཡག་ཁག་པོ་ཡོད། ང་ཚོའི་སེམས་ནང་ཆོ་མེད་དང་ཕན་ཐོགས་གཅིག་ཀྱང་མེད་པ་དེ་འདྲ་འཆར་གྱི་ཡོད། འོན་ཀྱང་དེ་འདྲ་བའི་ཆོ་མེད་ཕན་མེད་ཀྱི་བསམ་བློའི་འཆར་སྣང་ལ་རིམ་པ་མང་པོ་ཡོད། རིམ་པའི་ཚད་དེ་ལས་བརྒལ་བ་ཡིན་ན། སེམས་ཁམས་འཆོལ་བའི་ནད་འབྱུང་བའམ། ཡང་ན་སེམས་འཁྲུལ་བའི་སྨྱོ་ནད་བྱུང་ནས། དེའི་སྐབས་སུ་དངོས་གནས་ང་ཚོས་མི་གཞན་ཚང་མ་ང་ལ་ཁ་གཏད་ཀྱི་ཕྱོགས་སུ་ཡོང་གི་འདུག་བསམ་གྱི་ཡོད། ཡང་དེ་ལས་རིམ་པའི་ཚད་ཆུང་བའང་ཡོང་ཆོག དཔེར་ན། སྔོན་མ་ནམ་ཡང་མཐོང་མ་མྱོང་བའི་བྱི་རིལ་དང་མངར་ཆ་ལས་གྲུབ་པའི་སྤྲི་སྐོར་ chocolate cake ཞིམ་མདོག་ཁ་པོ་ཞིག་མཐོང་སྟེ། གལ་སྲིད་ངས་འདི་ཟ་ན་ཞིམ་པོ་ཡོད་ཀྱི་རེད་ལ་འདིས་ང་ལ་བདེ་སྐྱིད་སྟེར་གྱི་རེད་བསམ་པ་ལྟ་བུ་རེད། ང་རང་ལ་འཁྲུལ་སྣང་དེ་འདྲ་བ་ཞིག་བྱུང་སོང་། དེ་ཡང་སྔོན་མ་ང་གནམ་གྲུ་བརྒྱུད་རོ་མེ་ནྱའི་རྒྱལ་ས་བྷུ་ཆ་རེསྟ་ (Bucharest) ལ་འགྲུལ་བཞུད་བྱས་པའི་སྐབས་སུ། ལམ་བར་དུ་འགྲུལ་བཞུད་ཀྱི་བར་སེང་ (stopover) དེ་ཡུ་རོབ་ཨོ་སྟྲི་ཡའི་(Austria) རྒྱལ་ས་ཝཱི་ན་ (Vienna) ལ་ཁེལ་སོང་། ངའི་བསམ་པར། “ཝཱི་ནའི་ཀུ་ཤུ་བསྲེ་སྦྱོར་ལས་གྲུབ་པའི་མངར་ཟས་ (apple strudel) དེ་འཛམ་གླིང་ནང་གི་མངར་ཟས་ཞིམ་ཤོས་དེ་ཡིན་དགོས་” བསམ་སྟེ། ངས་མངར་ཟས་དེ་གཅིག་མངགས་པ་ཡིན། ཡིན་ནའང་ཟས་ཚར་བའི་རྗེས་ལ་དེ་ནི་མངར་ཟས་ཞིམ་ཤོས་དེ་རེད་མི་འདུག བྱས་ཙང་། ང་རང་གི་བསམ་བློའི་འཆར་སྣང་དུ་གང་བྱུང་བ་དེ་ཆོ་མེད་པ་རེད་བཞག སྤྱིར་བཏང་ཀུ་ཤུའི་མངར་ཟས་དེ་ཡོད་པ་དེ་ངའི་སེམས་ལས་བྱུང་བའི་བསམ་བློའི་འཆར་སྣང་ཞིག་མ་རེད། འོན་ཀྱང་མངར་ཟས་ཡོད་ལུགས་ཡོད་སྟངས་ཀྱི་ཐོག་ནས། དེས་རང་ཉིད་སྐྱིད་པོ་ཡོང་བར་བྱེད་པའི་རྒྱུ་ཡག་ཤོས་འདྲ་པོ་ཆགས་པ་ནི་ངའི་སེམས་ཀྱིས་བཟོས་པའི་རྟོག་པའི་འཆར་སྣང་དེ་ཡིན།
དེ་ནང་བཞིན་ང་ཡོད་ལ། ཁྱེད་རང་ཡང་ཡོད་པ་རེད། ནང་པ་སངས་རྒྱས་པས་ང་ཚོ་མེད་པ་རེད་ཅེས་ཟེར་གྱི་མེད། ག་རེ་བཤད་ཀྱི་ཡོད་ཟེར་ན། ང་ཚོས་འཆར་སྣང་གི་བདེན་པ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་དངོས་པོ་རྣམས་རང་དབང་གིས་སོ་སོ་རང་ངོས་ནས་སྒྲུབ་ཡོད་པ་བསམ་གྱི་ཡོད། དེ་ནི་དངོས་གནས་ཡོད་སྟངས་དང་གྲུབ་སྟངས་མི་སྲིད་པ་ཞིག་ཡིན། དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་བྱུང་བ་དང་། དེ་དག་དུས་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། འོན་ཀྱང་ང་ཚོས་སོ་སོའི་མིག་གི་མདུན་དུ་གང་ཡོད་མ་གཏོགས་གཞན་མཐོང་གི་མེད། དཔེར་ན། ང་ཚོས་མི་ཞིག་ཐུག་རྒྱུའི་དུས་ཚོད་བཟོས་ཡོད་ན། མི་དེ་དུས་ཐོག་མ་སླེབས་པ་ཡིན་ན། ང་ཚོའི་སེམས་ནང་མི་དེ་དཔེ་མི་སྲིད་པའི་སྡུག་ཅག་དང་། དུས་རྟག་ཏུ་ང་ཚོར་བློ་ཕམ་དུ་འཇུག་མཁན་དང་། ང་ཚོ་ལ་རྩ་ནས་མི་དགའ་བ་ཡོད་ས་རེད་བསམ་པའི་སྣང་བ་ཡོང་གི་ཡོད། ང་ཚོས་ཁོ་ཚོ་ལམ་བར་དུ་སྣུམ་འཁོར་འཚང་འགག་བྱུང་བ་དང་། ཡང་ན་ལས་ཁུངས་ནང་ལས་ཀ་འཕར་མ་ཡོད་པགས་ཀྱི་དཀའ་ངལ་བྱུང་བ་ལ་བསམ་གྱི་མེད། ཡིན་ནའང་ཚང་མ་རྒྱུ་དང་རྐྱེན་ལས་ཡོང་གི་ཡོད་ཙང་། སོ་སོ་རང་གི་ཕྱོགས་ནས་གཞན་བརྟེན་མི་དགོས་པའི་རང་དབང་ཡིན་པ་མི་སྲིད་པ་རེད། དེ་དག་ནི་མི་སྡུག་ཅག་ཡིན་པ་རེད། འོན་ཀྱང་ད་དུང་ང་ཚོས་དེ་འདྲ་བསམ་ཚུལ་ངན་པ་དེ་ལ་ཡིད་ཆེས་བྱས་ཏེ། ཁོང་ཁྲོ་དང་མི་དགེ་བའི་སེམས་ཚོར་སྐྱེ་བར་བྱེད་ཀྱི་ཡོད། དེ་ནས་རྗེས་མ་ང་ཚོས་མི་དེ་མཐོང་དུས་ལྟ་ཕྱོགས་འགྱུར་ནས། མེ་དེ་སླེབས་པ་དང་ཁོང་ལ་རླུང་བསྟན་ནས་སྐད་ངན་བརྒྱབ་པ་དང་། ཁོང་ལ་ཕྱི་པོ་ཆགས་པའི་རྒྱུ་མཚན་བཤད་རྒྱུའི་གོ་སྐབས་ཡང་སྤྲད་ཀྱི་མེད།དེ་འདྲའི་བརྒྱུད་རིམ་གྱི་ནང་། ང་ཚོ་ནི་དངོས་གནས་ཐབས་སྐྱོ་པོ་དང་མི་སྐྱིད་པ་ཞིག་ཆགས་ཀྱི་ཡོད། རེད་དམ་མ་རེད།
དེ་འདྲ་ཡིན་དུས། ང་ཚོ་ཡོད་པ་ཡིན་ཡང་ཡོད་ལུགས་ཡོད་སྟངས་ཐད་ལ་ང་ཚོས་བསམ་བློ་གཏོང་ཚུལ་དེ་དམིགས་བསལ་དང་རང་དབང་། གཞན་སུ་ལའང་བརྟེན་མི་དགོས་པ་གནས་ཡོད་པ་བསམ་པ་དེ་ཆ་ཚང་བསམ་བློའི་འཆར་སྣང་རང་རེད།འདི་ནི་དངོས་ཡོད་གནས་ཚུལ་གང་དང་མི་མཐུན་ཞིང་། བེད་སྤྱོད་མེད་པའི་སྙིགས་རོ་འདྲ་པོ་རེད། དེ་ལ་ང་ཚོ་ནང་པས་སྟོང་པ་ཉིད་ཅེས་དབྱིན་སྐད་དུ་ “voidness” ཟེར་གྱི་ཡོད། འདི་ལ་ “emptiness” ཞེས་ཡང་སེ་་བསྒྱུར་བ་ཡོད། ལེགས་སྦྱར་སྐད་ཀྱི་ནང་ཚིག་འདི་དབྱིན་སྐད་ནང་གི་ “zero” དང་གཅིག་པ་ཡིན་པས་ “nothing” ཞེས་ཕྱོགས་གང་གི་ཆ་ནས་བདེན་པ་གང་ཡང་མེད་པའམ་༼བདེན་པས་སྟོང་པ་༽ ལ་ཟེར་གྱི་ཡོད། དཔེར་ན། ལྷ་སྒྲུང་ནང་ཡོད་པ་ནང་བཞིན་གཉེན་སྒྲིག་གསར་པ་བྱེད་བཞིན་པའི་ཕོ་མོ་གཉིས་རྟ་དཀར་པོ་ཤིན་ཏུ་ཡག་པོ་ཞིག་གི་སྒང་ལ་བཞོན་ནས་ཡོང་བའི་སྐབས། ང་ཚོས་ཁོང་གཉིས་རྒྱལ་པོའི་སྲས་དང་སྲས་མོ་ནང་བཞིན་ཡང་དག་པར་ལྟ་གི་ཡོད། དེ་ནི་མི་སྲིད་པ་ཞིག་རེད། དེ་ལྟར་སུ་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་ང་ཚོས་དེ་འདྲ་དུས་རྟག་ཏུ་འཚོལ་ནས་སྡོད་ཀྱི་ཡོད། དེ་ནས་རང་གི་བཟའ་ཟླ་དེ་འདྲ་ཡང་དག་པ་ཞིག་མེད་པ་ཤེས་དུས་བློ་ཕམ་ནས། ང་ཚོས་རག་མི་སྲིད་པ་ཞིག་ཡིན་ནའང་། བཟའ་ཟླ་དེ་གཡུག་ནས་གཞན་ཞིག་འཚོལ་གྱི་ཡོད།
དེ་ཡིན་དུས་སེམས་ཀྱི་ལམ་ཡང་དག་པ་ནི། དེ་ཚོ་ཚང་མ་ཆོ་མེད་བེད་མེད་དུ་ཤེས་པ་དེ་རེད། ང་ཚོའི་འཆར་སྣང་དང་མཐུན་པའི་དངོས་པོའི་གནས་ལུགས་གཅིག་ཀྱང་མེད། གལ་སྲིད་ང་ཚོས་རྒྱུ་ངོ་མ་དེ་ལ་བལྟས་པ་ཡིན་ན། ང་ཚོས་འཆར་སྣང་དེ་བདེན་པ་ཞིག་ལ་ཆ་བཞག་པའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད། ལམ་དངོས་སམ་ལམ་གྱི་བདེན་པ་ནི། དེ་དག་ཐམས་ཅད་དངོས་ཡོད་གནས་ཚུལ་དང་མཐུན་གང་ཡང་མེད་པ་དེ་གཏིང་ཟབ་པོའི་སྒོ་ནས་ཤེས་པ་དེ་རེད། ང་ཚོའི་རྟོག་པའི་འཆར་སྣང་ནང་ཡོད་པ་དེ་དང་། དངོས་པོའི་གནས་ལུགས་དེ་གཉིས་ཕན་ཚུན་གཅིག་པ་མེད། ངས་ཡང་བསྐྱར་ཞུ་གི་ཡིན། རྨོངས་པ་ནི། རྟོག་པའི་འཆར་སྣང་འདི་ང་ཚོས་བདེན་པ་དང་མཐུན་པ་ཞིག་ཡིན་བསམ་གྱི་ཡོད། དངོས་ཡོད་གནས་ཚུལ་ལ་དེ་འདྲ་མེད་པ་ཤེས་པ་ནི་ཡང་དག་པའི་རྟོགས་པ་དེ་ཡིན། ལས་སླ་པོའི་སྒོ་ནས་བརྗོད་ན། དངོས་ཡོད་གནས་ཚུལ་དང་མཐུན་པ་གཅིག་དང་། ཡང་ན་མི་མཐུན་པ་ཞིག་དགོས་ཀྱི་ཡོད། དེ་གཉིས་གཅིག་ཡིན་དགོས་པ་ལས། ང་ཚོས་གཉིས་ཀ་དུས་གཅིག་ལ་བདེན་པ་ཡིན་པ་བསམ་མི་ཐུབ།
ད་ང་ཚོས་ཡོད་པ་དེ་ཤུགས་ཆེ་བ་འདུག་དང་མེད་པ་དེ་ཤུགས་ཆེ་བ་འདུག་དཔྱད་པ་བྱེད་ཐུབ། རྒྱུ་མཚན་རིག་པས་དཔྱད་པ་ཡིན་ན། མེད་པ་དེ་ཤུགས་ཆེ་བ་ཡོད་པ་གསལ་པོ་རེད། གང་ཡིན་ཟེར་ན། ཡོད་པ་ནི་རྒྱུ་མཚན་རིག་པ་དང་མཐུན་གྱི་མེད། ངས་ང་རང་གི་མིག་གཉིས་བཙུམ་པའི་སྐབས། གཞན་ཚང་མ་མེད་པར་གྱུར་བ་ཡིན་ནམ། དེ་ནི་མ་ཡིན། འོ་ན་ངས་བསམ་པ་ནང་བཞིན་དུས་རྟག་ཏུ་སྒྲུབ་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་ནི་འཛམ་གླིང་ནང་མི་གལ་ཆེ་ཤོས་དེ་ཡིན་བསམ་པ་དེ་བདེན་པ་ཡིན་ནམ། མ་ཡིན་དེ་ནི་ཆོ་མེད་པ་རང་རེད། ང་ཚོས་དཔྱད་པ་ག་ཚོད་བྱས་པ་དེ་ཚོད་ཀྱིས་བསམ་བློའི་ནང་གི་ང་ཆུང་ཆུང་འདི་ལ་དྲི་བ་འགོད་ཆོག གལ་སྲིད་ཁྱེད་རང་གིས་ཀླད་པ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ང་ཚོའི་སེམས་ནང་སྐད་བཤད་སྡོད་མཁན་དང་ཐག་གཅོད་བྱེད་མཁན་གྱི་ང་དེ་ཀླད་པའི་ནང་ག་པ་འདུག དངོས་གནས་ག་རེ་ཆགས་ཡོད་དམ། ང་དེ་ལ་དཔྱད་ཞིབ་ཀྱིས་བཙལ་བ་ཡིན་ན། ང་ཚོས་ང་ཞེས་ཟེར་ཐུབ་པ་ཞིག་གང་དུའང་རྙེད་རྒྱུ་མེད། ཡིན་ནའང་ངས་ལས་ཀ་བྱེད་ཀྱི་ཡོད་དང་སྐད་ཆ་བཤད་ཀྱི་ཡོད་པ་དེ་ཁས་ལེན་མི་བྱེད་པ་མ་ཡིན། ང་ཚོས་ག་རེ་ཁས་ལེན་མི་བྱེད་པ་ཡིན་ཞེ་ན། ང་ཟེར་བ་ཚུགས་ཐུབ་བདེན་པ་ལྟ་བུ་རྡོག་རྡོག་གཅིག་ཡོད་པ་དེ་ཁས་ལེན་མི་བྱེད་པ་ཡིན། དེ་འདྲ་བ་ནི་རྒྱུ་མཚན་རིག་པ་གང་གིས་ཀྱང་རྒྱབ་རྟེན་མི་བྱེད་པ་ཡིན། རྒྱུ་མཚན་དང་བརྟག་དཔྱད་ཀྱི་སྒོ་ནས་ང་ཚོས་དེ་འདྲ་མེད་པ་ཤེས་ཐུབ་པ་དང་། ང་ཚོའི་རྨོངས་པ་དང་འཁྲུལ་བའི་འཆར་སྣང་དེ་དངོས་པོའི་གནས་ལུགས་དང་མཐུན་པ་ཡིན་པ་ནི་གང་གི་ཆ་ནས་མ་གྲུབ་པ་ཡིན།
དེ་འདྲ་བའི་མི་སྲིད་པའི་ལམ་ནས་ང་ཚོ་ཡོད་ཚུལ་དེ་འདྲའི་བསམ་གཏོང་སྟངས་ཀྱི་མཇུག་འབྲས་ག་རེ་ཡོང་ངམ་ཟེར་ན། ང་རང་ཚོས་སོ་སོ་རང་ལ་དཀའ་ངལ་དང་སྡུག་བསྔལ་བཟོ་གི་ཡོད། དེ་ལས་ལྡོག་སྟེ་བསམ་བློའི་ནང་དེ་འདྲ་ནི་མེད་བསམ་པའི་མཇུག་འབྲས་ག་རེ་ཡོང་ངམ་ཞེ་ན། ང་ཚོ་དཀའ་ངལ་དེ་ཚོ་ཚང་མ་ལས་ཐར་གྱི་ཡོད། ང་ཚོས་དེ་འདྲ་བ་ཞིག་མེད། དེ་ནི་ཆོ་མེད་རེད་བསམ་པའི་སྐབས་དེ་ག་རང་ལ་དེ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་འདུག་བསམ་མི་ཐུབ་པ་ཡིན། དངོས་ཡོད་གནས་ཚུལ་ཤེས་པའི་ཡང་དག་པའི་རྟོགས་པ་དེས་བདེན་པ་མ་ཡིན་པ་དེ་བསལ་ཐུབ། གལ་སྲིད་ང་ཚོས་དུས་རྟག་ཏུ་ཡང་དག་པའི་རྟོགས་པ་དེ་ལ་དམིགས་པ་གཏད་ཐུབ་ན། རྨོངས་པ་ནམ་ཡང་ཡོང་གི་མ་རེད།
འདིར་ཡང་སངས་རྒྱས་ཀྱི་ཆོས་ནས་གསུངས་པའི་དངོས་པོའི་གནས་ལུགས་ལ་ཡང་དག་པར་རྟོགས་པ་དེས་ལོག་པར་རྟོགས་པ་དེའི་ཚབ་བྱས་ཏེ། སྡུག་བསྔལ་དང་འཁོར་བར་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཐར་བར་བྱེད་པ་དེ་ནི་རྒྱ་གར་གྱི་ལྟ་གྲུབ་གཞན་དག་དང་མི་འདྲ་བའི་ཁྱད་པར་གང་ཡང་མེད། ཡིན་ནའང་སངས་རྒྱས་ཀྱིས། འདི་ཚོ་དང་མི་འདྲ་བ་ཐུན་མོང་མ་ཡིན་པ་ག་རེ་གསུངས་ཡོད་ཟེར་ན། དངོས་པོའི་གནས་ལུགས་ལ་རྨོངས་པའི་ཆ་ཕྲ་ཤོས་དེ་རྩ་བ་ནས་མེད་པ་བཟོ་ཐུབ་ཀྱི་ཡོད་པའི་རྟོགས་པ་དམིགས་བསལ་བ་དེ་གསུངས་ཡོད། ང་ཚོའི་སེམས་ནང་ཡང་དག་པའི་རྟོགས་པ་དེ་བརྟན་ཚུགས་པོ་ཞིག་ཡོང་བ་དང་རྨོངས་པ་འགོག་པའི་གོ་འཕང་འཐོབ་པ་ལ་སྒོམ་ཉམས་ལེན་གྱི་སྒོ་ནས་ཡང་དག་པའི་ཏིང་ངེ་འཛིན་འཐོབ་པའི་ཆེད་དུ། སངས་རྒྱས་ཀྱིས་རྒྱ་གར་གྱི་ལྟ་གྲུབ་ལམ་ལུགས་ཚང་མས་ཐུན་མོང་དུ་མཉམ་སྤྱོད་བྱས་པའི་ཐབས་ལམ་བེད་སྤྱོད་བཏང་གནང་མཛད་ཡོད། དེ་དག་གི་བརྒྱུད་ནས་ང་ཚོས་རྒྱུ་ཀུན་འབྱུང་འགོག་པར་བྱེད་པའི་འགོག་བདེན་དེ་ཐོབ་ཐུབ་པ་དང་། དེ་ལ་བརྟེན་ནས་སྡུག་བསྔལ་གྱི་འགོག་པ་དངོས་སམ་སྡུག་བསྔལ་རྩ་མེད་བཟོ་ཐུབ་པ་ཡིན།
ང་ཚོའི་སེམས་འདི་དངོས་པོའི་གནས་ལུགས་ཡང་དག་པར་རྟོགས་པའི་སྒོ་ནས་གནས་ཐུབ་པ་དང་། མི་དགེ་བའི་སེམས་ཚོར་༼ཉོན་མོངས་༽ཚང་མ་མེད་པ་བཟོ་བའི་ནུས་ཤུགས་སྤྲོད་མཁན་དེ་ནི་ཀུན་སློང་རེད། ཀུན་སློང་ནས་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཡོང་གི་ཡོད། གང་ཡིན་ཞེ་ན། ང་རང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཡོད་པ་དང་། མི་གཞན་ཚང་མ་ང་ཚོ་ནང་བཞིན་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་དང་། གཞན་ལ་རོགས་ཕན་ཆ་ཚང་བ་ཞིག་བསྒྲུབ་ཐུབ་པར་བྱེད་པ་ལ། ང་ཚོས་རྨོངས་པ་དེ་མེད་པ་བཟོ་དགོས།
འདི་ནི་འཕགས་པའི་བདེན་པ་བཞིའི་ངོ་སྤྲོད་ཀྱི་རྨང་གཞི་རེད། བདེན་པ་བཞི་པོ་རྒྱས་ཤིང་གཏིང་ཟབ་པོ་ཤེས་པ་ལ་ང་ཚོས་ནང་པ་སངས་རྒྱས་པའི་སེམས་དང་ལས་ཀྱི་སྐོར་ལ་གོ་བ་ཏོག་ཙམ་སླེབས་པ་ཞིག་དགོས།།
ཕྱོགས་བསྡོམས།
ནང་པ་སངས་རྒྱས་པའི་ཆོས་ནང་གང་གསུངས་པ་མང་ཆེ་བ་ཞིག་ནི་ཆོས་ལུགས་ཆེ་ཁག་གཞན་དང་ལྟ་གྲུབ་ལམ་ལུགས་གཞན་མང་པོ་ནས་གསུངས་པ་དང་གཅིག་པ་ཡོད་ནའང་། སངས་རྒྱས་ཀྱིས་ཐོག་མར་གསུངས་པའི་ཆོས་༼ཆོས་འཁོར་དང་པོ་༽འཕགས་པའི་བདེན་པ་བཞི་ནི། ང་ཚོ་གང་འདྲ་སེ་གནས་ཡོད་པ་དང་། སྡུག་བསྔལ་གང་འདྲ་སེ་མྱོང་གི་ཡོད་པ། དེ་བཞིན་དཀའ་ངལ་རིགས་ལས་གང་འདྲ་སེ་ཐར་ཐུབ་པའི་སྐོར་ལ་གསུངས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན།
སངས་རྒྱས་ནི་སྨན་པ་དང་འདྲ་བར་དཔེ་བཞག་ཡོད། སྨན་པས་ང་ཚོ་ལ་ནད་པ་ཡིན་པ་ངེས་བརྟན་བཟོ་གི་ཡོད་པ་ནང་བཞིན་སངས་རྒྱས་ཀྱིས། འགྲོ་བ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་གི་ཡོད་པ་གསལ་སྟོན་མཛད་གནང་ཡོད། སྨན་པས་ང་ཚོའི་ནད་ཀྱི་རྒྱུ་གང་ཡིན་པ་འཚོལ་གྱི་ཡོད་པ་ནང་བཞིན་སངས་རྒྱས་ཀྱིས། ང་ཚོའི་སྡུག་བསྔལ་གྱི་རྒྱུ་ངོ་མ་གནས་ལུགས་ལ་འཁྲུལ་ཞིང་རྨོངས་པའི་དབང་གིས་ཡིན་པ་གསལ་སྟོན་མཛད་གནང་ཡོད། སྨན་པས་ང་ཚོ་ནད་དེ་ལས་བཅོས་ཐབས་ཡོད་མེད་བཤད་དེ། གལ་སྟེ་བཅོས་ཐུབ་པ་ཡོད་ན། ང་ཚོར་སྨན་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ནང་བཞིན་སངས་རྒྱས་ཀྱིས། སྡུག་བསྔལ་སེལ་བའི་འགོག་པ་དངོས་ཀྱི་གོ་འཕང་འཐོབ་པའི་ཐབས་ལམ་ཡང་དག་པ་སྟོན་གནང་མཛད་ཡོད། མཐར་ཐུག་སྨན་ཟ་དང་མི་ཟ་དེ་ང་རང་ཚོ་མི་རེ་ངོ་རེ་ལ་རག་ལུས་ཡོད་ལ། གལ་སྲིད་ང་ཚོ་སྡུག་བསྔལ་ལས་ཐར་དགོས་ན། སངས་རྒྱས་ཀྱིས་བསྟན་པའི་ལམ་ལ་འགྲོ་དང་མི་འགྲོ་ནི་ང་རང་ཚོ་མི་རེ་ངོ་རེ་ལ་རང་ལས་ཡོད་པ་བཞིན་ནོ།།