རྒྱབ་ལྗོངས།
དཔེ་ཆ་འདི་བཞིན་ཚིགས་སུ་བཅད་པ་བརྒྱད་ཀྱི་ནང་དགེ་བཤེས་གླང་རི་ཐང་པས་མཛད། བློ་སྦྱོང་གི་གཞུང་འདི་ནི་བཀའ་གདམས་པའི་བླ་མ་རྣམས་ནས་བྱུང་བ་ཞིག་རེད། དགེ་བཤེས་པོ་ཏོ་བ་ནི་རྗེ་བཙུན་འཇམ་དཔལ་གྱི་རྣམ་སྤྲུལ་ཡིན་པ་དང་ཁོང་གིས་བློ་སྦྱོང་གི་བརྒྱུད་པ་འདི་དགེ་བཤེས་ཤ་ར་བར་གནང་ཤིང་། དགེ་བཤེས་ཤ་ར་བས་དགེ་བཤེས་གླང་རི་ཐང་པར་གནང་བ་ཞིག་རེད། དེ་གཉིས་པོ་ལ་བཀའ་གདམས་སློབ་མ་རྣམས་ཀྱི་ཉི་མ་དང་ཟླ་བ་ཞེས་སུ་གྲགས་པ་ཡིན།
སྤྱིར་བཏང་སློབ་མ་རྣམས་ལ་དད་པ་སྐྱེད་པའི་ཕྱིར་དང་ཆོས་ཀྱི་ཁུངས་བཙན་པར་སྟོན་ཕྱིར། མཛད་པ་པོའི་རྣམ་ཐར་ཉུང་ངུ་ཞིག་བརྗོད་པ་ནི་སྲོལ་རྒྱུན་ལྟ་བུ་ཆགས་ཡོད་ནའང་། འདིར་རྣམ་ཐར་ལོ་རྒྱུས་ཆ་ཚང་འཆད་པའི་དུས་ཚོད་ནི་ང་ཚོར་མེད་པ་རེད།
ཆོས་འདི་ལ་འཚོལ་མཁན་དེ་ནི་དགེ་བཤེས་འཆད་ཁ་བ་ཡིན་པ་རེད། ཁོང་ནི་བློ་སྦྱོང་དོན་བདུན་མའི་མཛད་པ་པོ་དེ་རེད། ཁོང་གྲོགས་པོ་ཞིག་ཐུག་འཕྲད་དུ་འགྲོ་བའི་སྐབས། ཁོང་གིས་འགྲེམ་ཤོག་ཆུང་ངུ་ཞིག་གི་སྟེང་དུ་ “རང་གི་ཁེ་བཟང་གཞན་ལ་སྦྱིན་དགོས་པ་དང་གཞན་གྱི་སྐྱོན་རྣམས་རང་གིས་ལེན་དགོས་” ཞེས་པའི་ཚིག་རྐང་འདི་བྲིས་ཡོད་པར་གཟིགས་ནས། དེ་མ་ཐག་ཁོང་ནས་སྙིགས་དུས་འདི་འདྲའི་སྐབས་སུ་དེའི་གལ་གནད་དང་ཕན་ཡོན་རྟོགས་ནས། དེའི་འབྱུང་ཁུངས་གང་ཡིན་དྲིས་གནང་བས། དེ་བྲིས་གནང་མཁན་ནི་འཕན་པོ་རྫོང་གི་ཕྱོགས་སུ་བཞུགས་པའི་དགེ་བཤེས་གླང་རི་ཐང་པ་དང་དེ་མཇལ་དགོས་ཞེས་ཁ་ཕྱོགས་བསྟན། ཁོང་དེར་འབྱོར་བའི་སྐབས། ཁོང་གིས་དགེ་བཤེས་གླང་རི་ཐང་པ་དགོངས་པ་རྫོགས་ཟིན་པར་བརྟེན་ཁོང་ལ་ལུང་ཐོབ་ཐུབ་མེད། དེར་ཡོད་པའི་དགོན་པའི་གནས་སྟངས་ལ་ཁོང་ཧ་ཅང་ཡིད་མ་རངས་ནས་ས་ཆ་གཞན་ཞིག་ལ་ཕེབས་པ་རེད།
དེ་ནས་ཁོང་དགོན་པ་ཞིག་ལ་ཕེབས་པ་དང་དེར་དགེ་བཤེས་ཤ་ར་བས་ཐེག་དམན་ཉན་ཐོས་ཀྱི་སའི་སྐོར་ཆོས་གསུང་བཞིན་ཡོད། ཉན་སའི་ཆོས་ཁྲིད་དེ་ཁོང་གི་ཡིད་ལ་ཧ་ཅང་འཐད་པ་ཞིག་མ་བྱུང་བ་རེད། ཁོང་ནས་ཐེག་པ་ཆེན་པོའི་ཚིག་འདྲ་ཐོས་པའི་རེ་བ་གནང་ནའང་། གཅིག་ཀྱང་ཐོས་མེད་པས་ཐུགས་ཕམ་པོ་བྱུང་། ཆོས་ཁྲིད་དེའི་རྗེས་ལ་དགེ་བཤེས་ཤ་ར་བ་དགོན་པར་བསྐོར་བར་ཕེབས་པ་དང་འཆད་ཁ་བ་ལམ་སེང་ཁོང་མཇལ་བར་བཅར། ཁོང་གིས་འབོལ་གདན་གྱི་ཤུབས་དེ་མཉམ་དུ་ཁྱེར་ནས་དེ་སྟེགས་བུ་ཞིག་གི་སྟེང་དུ་བཞག་སྟེ། དགེ་བཤེས་ཤ་ར་བ་ལ་དེར་བསྒུགས་ནས་ཆོས་གསུང་དགོས་ཞེས་ཞུས་པ་རེད། དེ་ལ་དགེ་བཤེས་ཤ་ར་བས། “ངས་སློབ་མ་རྣམས་ཀྱི་དྭོགས་པ་རྣམས་ཁྲི་སྟེང་དུ་བཞུགས་ནས་སེལ་གྱི་ཡོད། ཁྱེད་ཀྱིས་ང་ས་ཆ་ཁྱད་མཚར་ཞིག་ལ་ཅིའི་ཕྱིར་བཀག་ཡིན་ནམ་” ཞེས་གསུངས། དེ་ནས་དགེ་བཤེས་འཆད་ཁ་བས་ཁོང་གི་ཡིད་ལ་འཐད་ཆེ་ཤོས་ཀྱི་ཆོས་ཚུལ་སྐོར་འགྲེལ་བརྗོད་དང་བཅས་དེའི་སྐོར་ལ་ད་དུང་མང་ཙམ་གསུང་རོགས་ཞེས་ཞུས་པས། ཤ་ར་བས་སྔགས་བགྲང་རྒྱུ་མཚམས་འཇོག་བྱེད་པ་དང་ཕྲེང་བ་ལག་པར་དཀྲིས་ནས། “ཁྱེད་ལ་ཆོས་ཚུལ་དེ་དག་ཡིད་ལ་འཐད་པ་བྱུང་ཡོད་རུང་མེད་རུང་། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་གཅིག་པུ་དེ་རེད་” ཅེས་གསུངས། འཆད་ཁ་བས། “ཁྱེད་ཀྱིས་ཆོས་ཁྲིད་གནང་བ་དེའི་ནང་ཐེག་པ་ཆེན་པོའི་ཚིག་ཅིའི་ཕྱིར་བེད་སྤྱོད་གནང་མེད་དམ་” ཞེས་ཞུས་པས། ཤ་ར་བས། “ཉམས་ལེན་དངོས་སུ་མི་བྱེད་མཁན་རྣམས་ལ་ངས་ཚིག་རྣམས་འཕྲོ་བརླག་བཏང་ན་ཕན་ཐོགས་གང་ཡོད་དམ་” ཞེས་གསུངས།
དགེ་བཤེས་འཆད་ཁ་བ་བཅར་འདྲི་བྱས་པ་དེ་ཡིད་ལ་འཐད་པོ་བྱུང་ཡོད་ནའང་། བློ་སྦྱོང་གི་ཆོས་འདིའི་འབྱུང་ཁུངས་ཀྱི་སྐོར་ལ་ད་དུང་མུ་མཐུད་ནས་བཀའ་འདྲི་ཞུས་པ་རེད། དེ་ཐོག་མར་ག་ནས་བྱུང་ཡོད་པ་ཤེས་འདོད་འདུག་ཅེས་ཞུས་པས། དེ་ལ་ཤ་ར་བས། “ཐེག་པ་ཆེན་པོ་ཚང་མས་མགོན་པོ་ཀླུ་སྒྲུབ་ནི་ཤིང་རྟའི་སྲོལ་འབྱེད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཚང་མས་ངོས་ལེན་བྱེད་ཀྱི་ཡོད། ཆོས་འདིའང་ཁོང་གིས་རིན་ཆེན་ཕྲེང་བའི་ནང་གསུངས་པའི་ཕམ་ཁ་རང་གིས་ལེན་པ་དང་རྒྱལ་ཁ་གཞན་ལ་སྟེར་བ་ཞེས་པའི་ཚིགས་སུ་བཅད་པ་དེ་ལ་གཞི་བྱས་ཡོད།” དེ་ནས་དགེ་བཤེས་འཆད་ཁ་བས་ཕྱག་འཚལ་ནས། “དེའི་སྐོར་ང་ལ་ཆོས་གསུང་རོགས། ཐུགས་རྗེས་གཟིགས་” ཞེས་ཞུས་པས། ཤ་ར་བས་ངོས་བཞེས་གནང་བ་རེད། དགེ་བཤེས་འཆད་ཁ་བ་ནང་དུ་ཕེབས་ནས་རིན་ཆེན་ཕྲེང་བ་དཔེ་ཀློག་གནང་བའི་སྐབས། དགེ་བཤེས་ཤ་ར་བས་གསུངས་པ་ལྟར་ཚིགས་སུ་བཅད་པ་འདི་རྙེད་པ་རེད། དེ་ལྟར་དགེ་བཤེས་འཆད་ཁ་བས་དགེ་བཤེས་ཤ་ར་བ་དང་མཉམ་དུ་ལོ་བཅུ་བཞིའི་རིང་བཞུགས་ནས་མཐར་རྟག་ཏུ་དུར་ཁྲོད་དུ་སྒོམ་རྒྱག་མཁན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིག་ཆགས་པ་རེད། དུར་ཁྲོད་ནི་མི་རྣམས་ཀྱིས་མི་ཤི་བའི་རོ་གཏུབས་ནས་བྱ་རྒོད་རྣམས་ལ་སྦྱིན་སའི་དུར་ས་ཡིན་པ་རེད།
ཚིགས་བཅད་བརྒྱད།
བློ་སྦྱོང་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། གང་ཡིན་ཞེ་ན། དེས་ང་རང་ཚོ་སོ་སོ་རང་ཉིད་ཡར་རྒྱས་གཏོང་བར་སེམས་སྐུལ་བྱེད་ཀྱི་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བློ་སྦྱོང་ལ་བསྟོད་བསྔགས་དང་བཅས། “བློ་སྦྱོང་ལ་འབད་པ་དང་། སྲོལ་རྒྱུན་གྱི་ལུགས་ཚང་མར་གུས་ཞབས་ཡོད་པ། ཕྱོགས་རིས་ཞེན་ཁོག་མེད་པ། སྲོལ་རྒྱུན་ལམ་ལུགས་ཚང་མ་ནས་ལེགས་པའི་ཆ་རྣམས་བླང་བ་ལ་སོགས་པ་ནི་རང་ཉིད་ཡར་རྒྱས་ཇི་ལྟར་གཏོང་བའི་ཚུལ་དེ་རེད་” ཅེས་གསུངས། གལ་ཏེ་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཡོད་ན། ཉམས་ལེན་གྱི་དོན་གནད་བརྒྱད་པོ་དེ་དག་ངེས་པར་དུ་ཤེས་དགོས། དེ་མིན་ང་ཚོ་ལམ་ཁ་བརླག་གི་རེད།
གཞུང་གི་རྩ་བའི་ཚིགས་སུ་བཅད་པ་དང་པོ་ནི།
༡༽ བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །
ཡིད་བཞིན་གྱི་ནོར་བུས་ནི་ཚེ་འདི་ཁོ་ནའི་བསམ་དོན་རྣམས་བསྒྲུབ་ཐུབ་ཀྱི་རེད། འོན་ཀྱང་། སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ་དེས་ཚེ་འདི་ཕྱི་གཉིས་ཀར་ཕན་གྱི་ཡོད། གཞན་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པའི་སྒོ་ནས་ང་ཚོས་རང་གཞན་གཉིས་ཀར་མཐར་ཐུག་གི་ཕན་ཡོན་ཏེ། སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཐུབ་ཀྱི་ཡོད།
སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ནི་གནད་དོན་གཉིས་ལ་གཞི་རྩ་བྱས་ཡོད་པ་སྟེ། སེམས་ཅན་ཐམས་ཅད་དང་བླ་མའི་ཐུགས་རྗེ་བཀའ་དྲིན་གཉིས་ཡིན། དེ་གཉིས་ཀྱི་བཀའ་དྲིན་ནི་མཉམ་པ་རེད། བླ་མ་དགེ་བའི་བཤེས་གཉེན་ཞིག་གིས། “མི་རྣམས་ཀྱི་བློའི་ཁྱེར་སོ་ནི་ཧ་ཅང་སྐྱོ་པོ་རེད། དེ་དག་གིས་སེམས་ཅན་རྣམས་ལ་སྣང་མེད་བཏང་ནས་བླ་མ་རྣམས་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་། དེ་གཉིས་ཀྱི་བཀའ་དྲིན་ནི་མཉམ་པ་རེད་” ཅེས་གསུངས་ཡོད། དགེ་བཤེས་འཆད་ཁ་བས། “ཆོས་པ་ཡིན་པའི་ཆ་ནས་མི་སྣ་གལ་ཆེན་ལ་གཅེས་འཛིན་བྱེད་པ་དང་མི་སྣ་གལ་ཆེན་མིན་པ་རྣམས་ལ་སྣང་མེད་གཏོང་མཁན་གྱི་མི་ཕལ་པ་རྣམས་ཀྱི་ལྡོག་ཟླར་གྱུར་བ་དེ་ང་ཚོས་བྱེད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་སངས་རྒྱས་ལས་ལྷག་པའི་སེམས་ཅན་རྣམས་ལ་གཅེས་པར་འཛིན་དགོས་ཀྱི་ཡོད་” ཅེས་གསུངས།
ཚིགས་སུ་བཅད་པ་གཉིས་པ་ནི།
༢༽ གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །
གལ་ཏེ་ང་ཚོར་བློའི་ཁྱེར་སོ་འདི་ཡོད་ན། དེས་ང་ཚོས་གཞན་ལ་དམན་པར་ལྟ་བ་དང་མཐོང་ཆུང་བྱེད་པ་དེ་རང་ཤུགས་ཀྱིས་འགོག་གི་རེད། གཞན་གྱི་ཡོན་ཏན་དྲན་པའི་སྒོ་ནས་ང་ཚོར་སུ་དང་ཐུག་ནའང་ཚང་མར་དགེ་བའི་བསམ་ཕྱོགས་ཞིག་སྐྱེད་ཐུབ། བཀའ་གདམས་པའི་བླ་མ་རྣམས་ཀྱིས་དེ་དག་དངོས་སུ་ཉམས་ལེན་གནང་ཡོད།
འབྲོམ་སྟོན་པས་ཐེངས་ཤིག་དགོན་པ་ཞིག་ལ་ཕེབས་པ་དང་དེར་ཁོང་ལ་སྣེ་ལེན་ཧ་ཅང་ཆེན་པོ་ཞུས་པ་རེད། ཁོང་ལ་ལམ་བར་དུ་མི་ཞིག་རིམ་གྲོ་བསྒྲུབས་ནས་ལོག་ཡོང་བ་དང་ཐུག་པ་རེད། མི་དེ་ཧ་ཅང་ཐང་ཆད་ནས་རང་གི་ལྷམ་དེ་ཁྱེར་ཐུབ་ཀྱི་མེད། འབྲོམ་སྟོན་པས་གྱོན་གོས་ཧ་ཅང་སྐྱོ་པོ་མནབས་ཡོད་པས་མི་དེས་འབྲོམ་སྟོན་པ་ངོ་མ་ཤེས་ནས་ལྷམ་དེ་ཁྱེར་རོགས་ཞེས་བརྗོད་པ་རེད། འབྲོམ་སྟོན་པས་ལྷམ་ཕྱག་གཉིས་ཀས་བླངས་ནས། “ཡིན་ད་ཡིན་” ཞེས་གསུངས་ཏེ། ལྷམ་དེ་གཉིས་ཁོང་གི་ཕྲག་སྟེང་དུ་བཞག་གནང་བ་རེད། དེ་ནས་ཕེབས་ཏེ་ཁོང་དགོན་པ་ཞིག་ལ་སེར་སྦྲེངས་རིང་པོ་སྒྲིག་པའི་མི་རྣམས་ཀྱིས་ཕེབས་བསུ་ཞུ་བཞིན་ཡོད་པའི་སྐབས་དེར་མི་དེ་ཁ་སྐྱེངས་ནས་བྲོས་ཕྱིན་པ་རེད།
ཡང་སྔོན་མི་ཞིག་ཡོད་པ་དང་མི་དེས་རྟག་པར་ཆོས་ཀྱི་སྐོར་བཤད་ཀྱི་ཡོད། འབྲོམ་སྟོན་པ་ཕེབས་པའི་སྐབས་སུ་མི་དེས། “ཀྱེ་མི། ང་ལ་ཕྱག་འཚལ་དང་ངས་ཁྱོད་ལ་ཆོས་ཤོད་ཆོག་” ཅེས་འགྲན་རྩོད་ཀྱི་སྒོ་ནས་སྐྱོན་བརྗོད་བྱས་པ་རེད། འབྲོམ་སྟོན་པས་དེ་ལྟར་གནང་ནས་མི་དེའི་ཆོས་བཤད་སྐྱོ་པོ་དེ་ལ་གསན་པ་རེད། འབྲོམ་སྟོན་པས་གུས་ཞབས་དང་བཅས་མི་དེ་ལ་འདྲི་བ་རྐྱང་རྐྱང་གཏོང་མཛད་པ་རེད། དེ་ལྟར་བྱས་ནས་མཐར་མི་དེ་ལས་འབྲོམ་སྟོན་པས་མང་བ་གསུངས་པ་རེད། མི་དེ་ལ་དྭོགས་པ་བྱུང་ནས། “ཁྱེད་རང་ཕལ་ཆེར་འབྲོམ་ཡིན་ས་རེད་” ཅེས་བཤད་པས། འབྲོམ་གྱིས་ “རེད། དེ་འདྲ་ཞིག་མི་ཚོས་ང་ལ་འབོད་ཀྱི་འདུག་” ཅེས་གསུངས་པ་ལྟ་བུ་རེད།
ང་ཚོ་ཚང་མས་གཞན་གྱིས་ང་ཚོའི་ཡོན་ཏན་རྣམས་ཤེས་ཀྱི་མ་རེད་ཅེས་སེམས་འཁྲལ་བྱེད་ཀྱི་ཡོད། ང་ཚོས་སྐད་ཆ་མ་བཤད་གོང་ལ་སོ་སོའི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་བཟོས་ནས་དེ་གཞན་ལ་ངོམ་སོ་བྱེད་ཀྱི་ཡོད། འབྲོམ་སྟོན་པ་ནི་ནམ་ཡང་ངོམ་སོ་ཚ་པོ་ཞིག་མིན། ཁོང་གི་ཐུགས་རྒྱུད་ལ་རྟོགས་པ་ཡོན་ཏན་གྱིས་ཕྱུག་ཡོད་ནའང་། ཕྱིའི་སྣང་ཚུལ་ནི་ཧ་ཅང་མི་ཕལ་པ་ཞིག་ཡོད། འབྲོམ་སྟོན་པས་ཆོས་ཉམས་ལེན་བྱེད་སྐབས། “དམན་ས་ (གོ་ས་དམའ་བ་) ནི་བདེ་སྐྱིད་ཀྱི་གྲོང་ཁྱེར་ཡིན་པ་དང་མཐོ་ས་ (གོ་ས་མཐོ་བ་) ནི་སྡུག་བསྔལ་གྱི་གྲོང་ཁྱེར་རེད་” ཅེས་པའི་རྩ་ཚིག་གཞིར་བཟུང་ཉམས་ལེན་གནང་གི་ཡོད།
ཚིགས་སུ་བཅད་པ་གསུམ་པ་ནི།
༣༽ སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །
ཁྱེད་ཀྱིས་ལས་དོན་གང་འདྲ་ཞིག་བྱེད་ཀྱིན་ཡོད་ནའང་འདྲ་སྟེ། ཁྱེད་རང་མར་སྡོད་པ་དང་། གོམ་པ་སྤོ་བ། གཉིད་ཁུག་པ་སོགས་གང་བྱས་ཀྱང་། རང་གིས་རང་ལ་བརྟག་དཔྱད་བྱེད་དགོས། རྟག་པར་གཞན་ཁོ་ནར་བརྟག་ཞིབ་མ་བྱོས། སོ་སོ་རང་ཉིད་ལ་བརྟག་ཞིབ་བྱེད་དགོས། ཆོས་པ་ངོ་མ་ཞིག་གི་ལས་ཀ་ནི་རང་གིས་རང་ལ་བརྟག་དཔྱད་བྱ་རྒྱུ་དེ་ཡིན་པ་ལས། གཞན་དག་ལ་བརྟག་རྒྱུ་དེ་མིན། ང་ཚོས་སོ་སོ་རང་ཉིད་ཀྱི་ཉོན་མོངས་རྣམས་ལ་བལྟ་གི་མེད། དེ་ནི་གཞན་རྣམས་ལ་འོད་སྣང་འབྱིན་པའི་གློག་བཞུ་ཞིག་ང་ཚོར་ཡོད་པ་དང་འདྲ་བ་ཡིན་པ་ལས་རང་གིས་རང་ལ་འོད་སྣང་འབྱིན་པ་ཞིག་མིན། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་ཞལ་སྔ་ལས། “ང་ཚོས་གཞན་གྱི་སྐྱོན་དང་ནོར་འཁྲུལ་འཚོལ་ཆེད་ཕྱི་ལོགས་ལ་ཧ་ཅང་བལྟས་ཏེ། སོ་སོ་རང་ཉིད་ཀྱི་སྐྱོན་གྱི་ཆ་ལ་དོ་སྣང་ཧ་ཅང་ཆུང་ཆུང་སྤྲོད་ཀྱི་ཡོད། གཞན་རྣམས་མཐོ་ས་ཞིག་ལ་འཁྲིད་རྒྱུའི་གོ་སྐབས་ཕལ་ཆེར་མེད་” ཅེས་གསུངས་ཡོད། གལ་ཏེ་ང་ཚོའི་ཁྱིམ་མཚེས་རྣམས་འཐབ་པའི་སྐབས། ང་ཚོས་ལྟད་མོ་བལྟ་བ་དང་དེའི་སྐོར་གཞན་དག་ལ་བཤད་ནས་བསྡད་ན། སུ་གཅིག་ལའང་ཕན་འདོགས་ཐུབ་ཀྱི་མ་རེད། ད་ལྟའི་དུས་ཚོད་འདི་ནི་གློག་བཞུ་དེ་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་སྤར་རྒྱུའི་དུས་ལ་བབས་ཡོད་པ་དང་སོ་སོ་རང་ཉིད་ཀྱི་སྐྱོན་དང་ནོར་འཁྲུལ་རྣམས་མཐོང་རྒྱུ་འགོ་འཛུགས་བྱེད་དགོས་ཀྱི་ཡོད།
ང་ཚོར་ཉོན་མོངས་ཡོད་པའི་སྐབས་སུ་ཆོས་དགོས་ཀྱི་ཡོད། དེ་ནི་ཉོན་མོངས་དེ་དག་གི་འགལ་ཟླའི་གཉེན་པོ་ཡིན་པ་རེད། གལ་ཏེ་ང་ཚོར་ཉོན་མོངས་ཡོད་པའི་སྐབས། ཆོས་ལག་བསྟར་མ་བྱས་ན། ཆོས་དེ་ག་དུས་ལག་བསྟར་བྱེད་རྩིས་ཡོད་དམ། གུང་ཐང་རིན་པོ་ཆེ་ནས། “མི་ཞིག་སྐྱིད་པའི་སྐབས་སུ་ཆོས་དང་མཐུན་པའི་ལས་བྱེད་ནའང་། གནས་སྟངས་སྡུག་བཅག་གི་ནང་གང་ཟག་ཕལ་པ་ཞིག་ལས་ཀྱང་སྡུག་པའི་ལས་བྱེད་པ་ལྟ་བུ་ཁྱེད་རང་སྣང་ཚུལ་ཙམ་གྱི་ཆོས་པ་ཞིག་བྱ་མི་ཉན་” ཞེས་གསུངས་ཡོད།
ཚིགས་སུ་བཅད་པ་བཞི་པ་ནི།
༤༽ རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །
མི་ཞིག་ལ་ཕན་འདོགས་ཐུབ་པ་དེ་ནི་གོ་སྐབས་དཀོན་པོ་ཞིག་ཡིན་པས། ང་ཚོས་ཕན་འདོགས་པ་དེ་ལས་ཕྱིར་འཐེན་བྱ་མི་ཉན་པར། གོ་སྐབས་དེ་རིན་ཆེན་གཏེར་ནང་བཞིན་གཅེས་འཛིན་བྱེད་དགོས། སྦྱིན་པ་དང་བཟོད་པའི་ཡུལ་ནི་སྐྱབས་ཡུལ་ནང་བཞིན་ལྟ་ཚུལ་འཛིན་དགོས།
ཚིགས་སུ་བཅད་པ་ལྔ་པ་ནི།
༥༽ བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །
བཟོད་པའི་ཡུལ་རྣམས་ནི་སྦྱིན་པའི་ཡུལ་ལས་དཀོན་པ་རེད། འཛམ་གླིང་ནང་སྤྲང་པོ་ཧ་ཅང་མང་པོ་ཡོད། ཡིན་ནའང་། མི་ཞིག་ལ་མཚོན་ན་ཁྱེད་ལ་སྡུག་ཅག་ཅིག་བྱེད་པ་དང་བཟོད་པའི་ཡུལ་ཞིག་ཆགས་པར། ཁྱེད་ཀྱིས་མི་དེ་ལ་ཐོག་མར་སྡུག་ཅག་ཅིག་བྱེད་དགོས་ཀྱི་ཡོད། བྱས་ཙང་། མི་ཞིག་གིས་དྭང་བླངས་ཀྱིས་བཟོད་པའི་ཡུལ་བྱེད་པའི་སྐབས། དེ་དག་ལ་བཟོད་སྒོམ་བྱ་རྒྱུའི་གོ་སྐབས་དེ་མ་ཤོར་བ་བྱེད་དགོས། དེ་ཡང་། སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་་ལེའུ་ ༦། ཤོ་ལོ་ཀ། ༡༠༦ དང་ ༡༠༧ ལས།
འཇིག་རྟེན་ན་ནི་སློང་བ་མོད། །གནོད་པ་བྱེད་པ་དཀོན་པ་སྟེ། །འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ།
དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ།
།ཞེས་ཀྱང་གསུངས་སོ།།
དེར་བརྟེན་རང་ལ་སྐྱོན་བརྗོད་བྱེད་པའི་སྐབས། སྤྲོ་ཐུང་བྱ་རྒྱུ་མེད། དེས་ང་ཚོས་སོ་སོ་རང་ཉིད་ཀྱི་སྐྱོན་མཐོང་བར་ཕན་གྱི་ཡོད། གལ་ཏེ་ང་ཚོ་ལ་རྟག་པར་བསྟོད་ར་བཏང་ན། ང་ཚོའི་སྐྱོན་གྱི་ཆ་རྣམས་སྦས་ནས་མི་མཐོང་བས་ང་ཚོས་ང་རྒྱལ་སྐྱེད་སྲིད་པ་རེད། སྐྱོན་བརྗོད་ཀྱིས་ཁྱེད་རང་ལ་ནོར་འཁྲུལ་གང་ཞིག་བྱས་ཡོད་པའི་ཐད་ལ་བསམ་བློ་གཏོང་དུ་འཇུག་གི་ཡོད། དེ་ནས་ཁྱེད་ཀྱིས་སོ་སོའི་སྐྱོན་དང་ནོར་འཁྲུལ་ལ་ཡོ་བསྲང་བྱེད་ཆོག
དགེ་བཤེས་གླང་རི་ཐང་པས་མཛད་པའི་གཞུང་གཞན་ཞིག་གི་ནང་། ཁོང་གིས། “ཐེག་པ་ཆེན་པོའི་ཆོས་ཀྱི་ནང་སྐྱོན་གྱི་རིགས་འགྲེལ་བརྗོད་བྱས་པ་ཚང་མ་ནི་སོ་སོ་རང་ཉིད་ཀྱི་ཡིན་པ་དང་། ཡོན་ཏན་བཟང་པོ་ཐམས་ཅད་ནི་གཞན་ལ་དག་པ་ཡིན་” ཞེས་གསུངས་ཡོད། དུས་ཕྱིས་ཀྱི་བླ་མ་རྣམས་ཀྱིས་འདིའི་བསྟན་དོན་ནི་བདག་གཞན་མཉམ་བརྗེའི་ཉམས་ལེན་ཡོངས་སུ་རྫོགས་པ་རྟོགས་པ་རེད་ཅེས་གསུངས།
བཀའ་གདམས་བླ་མ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བསྟོད་པ་དང་སྨད་པ་ནི་བྲག་ཆ་ནང་བཞིན་གཟིགས་ཀྱི་ཡོད། གལ་ཏེ་བསྟོད་པ་ཡིན་ན། རང་ཉིད་སྨད་མཁན་གཞན་དག་མང་པོ་ཡོད་པར་རྟོགས་པ་དང་། གལ་ཏེ་སྨད་པ་ཡིན་ན། གཞན་དག་གིས་དེ་ག་ནང་བཞིན་བསྟོད་ཀྱི་ཡོད་པ་རྟོགས་ཀྱི་ཡོད་ཅེས་གསུངས། དེ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཧ་ཅང་བརྟན་པོ་དང་མི་ཚེའི་ཆ་སྙོམས་པ་ཞིག་སྐྱེལ་གནང་གི་ཡོད། དེ་ཡང་བསྟོད་ན་བློ་སྤོབས་དང་ང་རྒྱལ་བྲལ་བ། སྨད་ན་སེམས་ངལ་ཡིད་ཞུམ་མེད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བློ་སྦྱོང་ལ་ “ཐར་པའི་གྲོང་ཁྱེར་” ཞེས་བརྗོད་ཀྱི་ཡོད།
ཚིགས་སུ་བཅད་པ་དྲུག་པ་ནི།
༦༽ ང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །
ཁྱེད་ཀྱིས་ཡག་པོ་དང་བྱམས་པོ་བྱེད་སའི་མི་རྣམས་ཀྱིས་སྣང་བར་མི་འགྲོ་བའི་ཡ་ལན་བསློག་པ་རྣམས་ནི་རྒྱུ་དང་འབྲས་བུའི་དགེ་རྒན་རེད། ང་ཚོས་མི་དེ་དག་ལ་འདས་པའི་དུས་སུ་སྡུག་ཅག་ཅིག་བྱས་ཡོད་པས། ཁོང་ཚོས་སྣང་བར་མི་འགྲོ་བའི་ལས་དེ་ནི་ང་ཚོས་མི་དེ་དག་ལ་སྔོན་གནོད་བྱེད་མི་དགེ་བའི་ལས་བརྩམས་པའི་འབྲས་བུ་ཞིག་ཡིན་པ་རེད། དེར་བརྟེན་ང་ཚོས་རང་གིས་རང་ལ་རྒྱུ་དང་འབྲས་བུའི་དབར་ཀྱི་འབྲེལ་བ་ལ་རྟག་ཏུ་ངོས་འཛིན་པའི་དམ་བཅའ་འཇོག་དགོས། དེ་བཞིན་དུ་མི་རྣམས་ཀྱིས་ང་ཚོའི་བྱ་སྤྱོད་ལ་ཡ་ལན་གང་འདྲ་ཞིག་ཡོད་ནའང་། ང་ཚོ་སེམས་ཤུགས་ཆག་པའམ་ཁོང་ཁྲོ་མི་ཟ་བར། ང་ཚོས་དེ་ལས་མང་བ་གཞན་ལ་ཡག་པོ་བྱེད་དགོས། གནས་ཚུལ་གང་འདྲ་ཞིག་བྱུང་བའི་སྐབས། ཚེ་འདི་ལ་གཞིགས་ནས་བསམ་བློ་གཏོང་རྒྱུ་མེད། འབྲས་བུ་འདི་འདྲ་ཞིག་ང་ཚོར་འོས་འབབ་ཡོད་པའི་ལས་གང་ཞིག་ད་ལྟའི་དུས་སུ་ང་ཚོས་བྱས་ཡོད་པར་བརྟག་དཔྱད་བྱེད་པ་ཙམ་དུ་མ་ཟད། འདས་པའི་དུས་སུ་ང་ཚོས་ལས་གང་ཞིག་བྱས་ཡོད་པ་ལའང་བརྟག་དཔྱད་བྱེད་དགོས། འདས་པའི་དུས་སུ་ང་ཚོས་བྱས་པའི་སྡིག་པ་མི་དགེ་བའི་ལས་ཚང་མའི་རྗེས་འབྲས་དེ་སྡུག་ཅག་ཅིག་མིན་པ་སོང་ཙང་། དེ་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས།
བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས། ང་ཚོས་འདས་པའི་དུས་སུ་བྱས་པའི་སྡིག་པ་མི་དགེ་བའི་ལས་ལ་བརྟེན་ནས་སེམས་ཤུགས་ནམ་ཡང་ཆག་མི་ཉན་ཞེས་གསུངས་ཡོད། དེར་མ་ཟད། མི་ཞིག་འདས་པའི་དུས་སུ་མི་ངན་པ་དང་སྡུག་ཅག་ཅིག་ཡིན་པ་དང་ད་ལྟ་མི་དེ་ཡར་རྒྱས་ཕྱིན་ཡོད་པ་རེད། གལ་ཏེ་ང་ཚོས་མི་དེའི་སྡིག་པའི་ལས་ལ་ཁ་ལབ་དང་ལྐོག་ལབ་བྱས་ན། དེས་ང་ཚོ་ཆོས་དང་ཡར་རྒྱས་གཏོང་བའི་ནུས་ཤུགས་ལ་དད་པ་མེད་པ་སྟོན་གྱི་ཡོད། བྱས་ཙང་། འདས་པའི་དུས་ལ་གཞིགས་ནས་ཚོད་དཔག་མི་བྱ་བར་ད་ལྟའི་དུས་ལ་གཞིགས་ནས་ཚོད་དཔག་བྱེད་དགོས།
གཞན་ཡང་། ཁྱེད་ཀྱིས་ལས་བཟང་པོ་གང་འདྲ་ཞིག་བྱེད་ནའང་། དེའི་ལན་དུ་གཅིག་འཐོབ་འདོད་ཀྱི་རེ་བའི་ཀུན་སློང་དང་བཅས་ནམ་ཡང་བྱ་མི་རུང་། མི་དེ་དག་ནི་སོ་སོའི་བླ་མ་ནང་བཞིན་ང་ཚོར་རང་གཅེས་འཛིན་གྱི་སྐྱོན་དང་ནོར་འཁྲུལ་སྐོར་ཆོས་ཁྲིད་གནང་བཞིན་ཡོད་པ་དང་། ང་ཚོས་ལས་བཟང་པོ་བྱས་པ་ལ་ཡ་ལན་བཟང་པོ་ཞིག་མ་ཐོབ་པའི་སྐབས་སུ་ང་ཚོར་ཚོར་བ་གང་འདྲ་ཞིག་ཡོད་པའི་རང་འདོད་དོན་གཉེར་གྱི་རང་བཞིན་དེ་གསལ་འདོན་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་དགོས། དེ་ཡང་། བློ་སྦྱོང་མཚོན་ཆ་འཁོར་ལོའི་ནང་། འདི་དག་སོ་སོ་རང་ཉིད་ཀྱི་རང་བཞིན་གང་ཡིན་པ་ལ་བརྟག་དཔྱད་དང་རང་འདོད་དོན་གཉེར་དང་བྲལ་བའི་སྒོ་ནས་མུ་མཐུད་དེ་ཉམས་ལེན་བྱེད་པའི་བློ་སྟོབས་སྐྱེད་བྱེད་ཀྱི་ཆོས་སུ་དང་ལེན་བྱེད་དགོས་ཞེས་གསུངས།
བཀའ་གདམས་པའི་བླ་མ་རྣམས་ཀྱིས། མི་རྣམས་སོ་སོ་རང་ཉིད་ཀྱི་བླ་མ་ཆགས་སྲིད་པའི་ཐབས་ལམ་མང་པོ་ཡོད་ཅེས་གསུངས། ཁོང་ཚོས་ཅི་གང་བརྗོད་མི་དགོས་ལ་དགོན་པ་ཞིག་གི་གྲྭ་ཆས་གྱོན་པའི་རབ་བྱུང་བ་ཞིག་ཀྱང་ཡིན་མི་དགོས། ཐ་ན་ནད་ན་ཚ་དང་རྐྱེན་ངན་པའི་རིགས་ཀྱང་བླ་མ་ཡིན་པ་རེད། དེ་དག་གིས་ང་ཚོར་གལ་ཏེ་སྡུག་བསྔལ་མི་འདོད་ན། ང་ཚོས་དགེ་བའི་ལས་བྱེད་དགོས་ཞེས་བསླབ་ཀྱི་ཡོད།
ཚིགས་སུ་བཅད་པ་བདུན་པ་ནི།
༧༽ མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏོང་ལེན་དང་བདག་གཞན་མཉམ་བརྗེའི་ཉམས་ལེན་ལ་གོ་བ་ཡིན། ང་ཚོས་ཉམས་ལེན་གང་ཞིག་བྱེད་ནའང་། དེ་ནི་ཕྱིའི་སྣང་ཚུལ་ཙམ་གྱི་ཆེད་དུ་བྱ་མི་རུང་། ང་ཚོས་ཉམས་ལེན་དེ་བཅོས་མིན་གྱི་བློ་དང་ལྡན་ཞིང་སྙིང་ཐག་པའི་སྙིང་རྗེའི་ཀུན་སློང་ལ་བརྟེན་ནས་བྱེད་དགོས། དཔེར་ན། མི་གཞན་དག་གིས་ཁྱེད་རང་སྙིང་རྗེ་ཅན་ཞིག་ཏུ་མཐོང་བའི་ཆེད་དུ་སྤྲང་པོ་དང་སློང་མོ་བ་ཞིག་ལ་ཟས་སྦྱིན་པ་དེ་འདྲ་བྱ་མི་རུང་།
འདིའི་བར་དུ་གཞུང་འདིའི་ནང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བསྟུན་ནས་བློ་སྦྱོང་ཚུལ་དེ་བཤད་པ་རེད། ཚིགས་སུ་བཅད་པ་རྗེས་མ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་དང་བསྟུན་ནས་བློ་སྦྱོང་ཚུལ་དེ་རེད། ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྒོ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེད་པ་ནི་ང་ཚོ་དང་འདྲ་བའི་གང་ཟག་དབང་པོ་རྟུལ་བ་རྣམས་ཀྱི་ཆེད་དུ་རེད། བློ་གྲོས་དང་དབང་པོ་རྣོན་པོ་རྣམས་ལ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་སྔོན་ལ་གསུངས་ན་ཆོག
ཚིགས་སུ་བཅད་པ་བརྒྱད་པའམ་མཐའ་མ་ནི།
༨༽ དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །
འདིའི་སྔོན་གྱི་ཚིགས་སུ་བཅད་པ་དེ་དག་ནི་ཕྱི་རོལ་གྱི་འཇིག་རྟེན་ཆོས་བརྒྱད་དང་འདྲེས་ནས་ནམ་ཡང་ཉམས་ལེན་བྱ་མི་ཉན། འདི་ནི་མ་སྨིན་པ་དང་བྱིས་པའི་ངང་ཚུལ་གྱི་རྟགས་ཤིག་ལ་འགྲེལ་བརྗོད་བྱས་ཡོད།
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིངས་ཡིག་གི་ནང་། འཇིག་རྟེན་ཆོས་བརྒྱད་ཀྱི་གྲངས་འདྲེན་གསུངས་པ་ནི། རྙེད་པ་དང་མ་རྙེད་པ། བདེ་བ་དང་སྡུག་བསྔལ། བསྟོད་པ་དང་སྨད་པ། སྙན་པ་དང་མི་སྙན་པ་བཅས་རེད། མི་ཚེའི་ནང་གི་འཇིག་རྟེན་ཆོས་བརྒྱད་པོ་དེ་དག་ངོས་འཛིན་རྒྱུ་དཀའ་ལས་ཁག་པོ་ཡོད་སྲིད། དེ་དག་ལ་རིམ་པ་གསུམ་ཡོད་དེ། ནག་པོ་དང་། དཀར་པོ། དཀར་ནག་འདྲེས་མ་བཅས་རེད། རང་གཅེས་འཛིན་གྱི་བསམ་ཕྱོགས་དང་བདག་བདེན་པར་གྲུབ་པར་འཛིན་པ་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལ་ཞེན་ཆགས་སྐྱེ་བའི་རྒྱུ་མཚན་གྱིས་ཚོར་བ་དེ་དག་འབྱུང་བའི་སྐབས་སུ་དེ་ནི་ནག་པོ་རེད། དེ་དག་ཞེན་ཆགས་གང་ཡང་མེད་པར་འབྱུང་བ་ཞིག་ཡིན་ནའང་། ད་དུང་ཡང་ཀུན་སྨོང་གཉིས་པ་གཉིས་ལ་བརྟེན་པ་སོང་ཙང་། དེ་ནི་དཀར་ནག་འདྲེས་མ་རེད། དེ་དག་ཚེ་འདིའི་བདེ་སྐྱིད་ལ་ཆགས་ཞེན་མེད་པའམ་ཡང་ན་རང་གཅེས་འཛིན་གང་རུང་མེད་པའི་སྐབས་སུ་དཀར་པོ་རེད། ཡིན་ནའང་། བདག་བདེན་པར་གྲུབ་པར་འཛིན་པ་ཁོ་ན་རྒྱུ་མཚན་གྱིས་རེད།
ང་ཚོ་དེ་དག་བརྒྱད་པོ་གང་རུང་གི་བྱེད་པ་པོ་དང་བྱ་བའི་ཡུལ་གང་ཡིན་ལ་མ་ལྟོས་པར། ང་ཚོས་ནམ་རྒྱུན་ཚད་བརྒལ་གྱི་ཡ་ལན་བསློག་པ་དང་། ཆ་སྙོམ་བྲལ་ཞིང་མི་བརྟན་པ། སེམས་ངར་དང་སྤྲོ་སེམས་བསྐྱེད་པ། ཡིད་ཞུམ་པ་དང་མི་བདེ་བ་ཆགས་ཀྱི་ཡོད། མི་ཚེའི་ནང་འཇིག་རྟེན་གྱི་ཆོས་བརྒྱད་པོ་སྤོང་བ་ཞེས་པའི་དོན་ནི་ཆོས་བརྒྱད་པོ་དེ་དག་ལ་གཅེས་འཛིན་དང་སེམས་ཁུར་བྱ་རྒྱུ་སྤོང་བ་རེད་མ་གཏོགས་སོ་སོའི་ཕ་མ་དང་། ཆུང་མ། བུ་ཕྲུག ཁྱིམ་ཚང་སོགས་སྤོང་བའི་དོན་མིན། དེ་ནི་ང་ཚོའི་ཉིན་རེའི་མི་ཚེ་དང་ལས་འགན་རྣམས་ལས་བྲོས་ཐབས་དང་གཡོལ་ཐབས་བྱེད་པ་ཞིག་མིན། འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་སུ་རོ་སྙོམས་སྐོར་དྲུག་ཅེས་ལྡོག་ཕྱོགས་ཀྱི་ཚོར་བ་དེ་དག་མཉམ་པ་དང་ཆ་སྙོམས་བཟོ་བའི་ཆོས་སྲོལ་ཡོད་པ་རེད།
ཐེངས་ཤིག་རྗེ་བཙུན་མི་ལ་རས་པ་བྲག་ཕུག་ནང་སྒོམ་རྒྱག་བཞིན་པའི་སྐབས། བྲག་ཕུག་དེ་ནས་ཐིགས་པ་རྒྱག་གི་ཡོད་པ་གཟིགས་པ་དང་ཁོང་གིས་ཨི་ཁུང་འགོག་ཐབས་དང་བཅས་བྲག་ཕུག་དེ་ཡག་པོ་བཟོ་ཐབས་ཤིག་གནང་བ་རེད། དེ་ལྟར་བྱེད་བཞིན་པའི་སྐབས་སུ་འཇིག་རྟེན་ཆོས་བརྒྱད་ཀྱིས་ཁོང་བྲག་ཏུ་རྗེས་འདེད་གཏོང་བཞིན་ཡོད་པ་རྟོགས་པ་རེད།
ཡང་ཕྲུ་གུ་ཞིག་ནད་པ་ཆགས་པ་དང་ཨ་མས་རྩིས་པ་ཞིག་ལ་གཏུགས་ནས་གང་བྱེད་དགོས་མིན་ལམ་སྟོན་ཞུས། ཕྲུ་གུ་དེའི་སྲོག་བསྐྱབ་པའི་ཐབས་ཤེས་གཅིག་རང་ཡོད་པ་ནི་ཕྲུ་གུ་དེ་བླ་མ་ཞིག་གི་མདུན་དུ་ཁྲིད་ནས་བླ་མས་ཕྲུ་གུ་དེ་ཁོང་རང་གི་ཡིན་ཚུལ་བརྗོད་དགོས་པ་བཟོ་རྒྱུ་དེ་རེད། བླ་མ་དེས་སློབ་མ་སྟོང་ཕྲག་ལ་ཆོས་གསུང་བཞིན་པའི་སྐབས་དེར་ཨ་མ་དེས་དགེ་བཤེས་གླང་རི་ཐང་པ་ལ་ཕྲུ་གུ་ཕུལ་ནས། “འདི་ཁྱེད་ཀྱི་ཕྲུ་གུ་རེད་” ཅེས་བརྗོད། དགེ་བཤེས་གླང་རི་ཐང་པས་དགའ་ཚོར་དང་བཅས་ངོས་བཞེས་གནང་ནས། “ངའི་མི་ཚེ་གང་པོར་ཁྱེད་རང་ངའི་ཕྲུ་གུ་རེད་” ཅེས་གསུངས། དེ་ལྟར་ཁོང་གི་སློབ་མ་ཕྱེད་ཙམ་གྱིས་ཁོང་ལ་དད་པ་བརླགས་ནས་ཁོང་ཕྲུ་གུ་དེའི་ཕར་གྱུར་བ་རེད་ཅེས་སྙམ། སློབ་མ་ལྷག་མ་རྣམས་རང་འཇགས་བསྡད་པ་རེད། ཆོས་ཁྲིད་ཀྱི་མཐར་བུད་མེད་དེས་མཆོད་པ་ཕུལ་བ་དང་དགོངས་དག་ཞུས་ནས་ཁོང་གིས་ཕྲུ་གུ་དེ་ཁོ་མོར་གནང་བ་རེད། ཁོང་ནི་མཐའ་གཅིག་ཏུ་ཕྱོགས་ལྷུང་བྲལ་ཞིང་དོ་མཉམ་པ་རེད། དེ་བཞིན་ཁོང་གི་རྗེས་སུ་མུ་མཐུད་ནས་འཇུག་མཁན་གྱི་སློབ་མ་ཕྱེད་རྣམས་ཀྱི་དད་པ་ཕྱོགས་ལྷུང་བྲལ་ཞིང་དོ་མཉམ་པར་གནས་པ་རེད། འོན་ཀྱང་། ང་ཚོ་ལ་ནི་དེ་བཟོད་པ་དཀའ་བ་ཞིག་ཡིན་པ་དང་ང་ཚོས་དེ་ལ་གནས་ཚུལ་ཆེན་པོ་བཟོས་ནས་རང་ཉིད་ཉེས་མེད་དུ་ཁུངས་སྐྱེལ་ཐབས་བྱས་ཡོད་ངེས་རེད། ཡིན་ནའང་། དགེ་བཤེས་གཉེན་གླང་རི་ཐང་པ་ལ་ནི་དེས་ཁྱད་པར་གང་ཡང་བཟོས་མེད། གལ་ཏེ་ང་ཚོས་རང་རྒྱུད་རྣམ་པར་དག་པ་དང་དྲང་པོར་གནས་ན། ང་ཚོས་ཕྱི་ལོགས་ནས་རྣམ་པར་དག་པ་དང་དྲང་པོ་ཡིན་ཞེས་མི་རྣམས་ཀྱི་ཡིད་ལ་འཐད་པ་ཞིག་བཟོ་མི་དགོས། དཔེར་ན། རྫུས་མའི་སྒོ་ནས་རང་ཉིད་སྐྱེས་བུ་དམ་པ་ཡིན་ཁུལ་བྱེད་པའམ། ཡང་ན་སོ་སོ་རང་ཉིད་འཛམ་གླིང་ལས་ཐག་རིང་ཙམ་སྦེད་ཐབས་བྱེད་པ་ལྟ་བུ་རེད།
ཆོས་ཚུལ་དེ་དག་ཉམས་ལེན་བྱེད་པར་བཟོད་པ་སྐྱེད་དགོས།
མདོ་རྒྱུད་ཀྱི་ཆོས་ཚང་མའི་བརྗོད་དོན་རྣམས་ནི། ཀ༽ སེམས་ཅན་ཐམས་ཅད་ལ་ཕན་པའམ། ཡང་ན། ཁ༽ གཞན་ལ་གནོད་འཚེ་སྤོང་རྒྱུ་དེ་གཉིས་ཀྱི་ནང་བསྡུས་ཡོད། འདི་ལྟར་བྱེད་པར་བཟོད་པའི་ཉམས་ལེན་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་བཟོད་པ་ཉམས་ལེན་མ་བྱས་ན། གཞན་གྱིས་ང་ཚོར་གནོད་འཚེ་བྱེད་པ་དེ་ལ་ང་ཚོས་ཀྱང་དེའི་ལན་དུ་གནོད་སྐྱེལ་དགོས་པ་བསམ་གྱི་ཡོད། དེ་ལྟར་ང་ཚོས་གཞན་ལ་ཕན་འདོགས་ཐུབ་ཀྱི་མེད། ང་ཚོས་གཞན་ལ་ཕར་གནོད་འཚེ་བྱེད་པའི་སྐབས། དེ་ཇི་ལྟར་འགོ་ཚུགས་པ་དེ་དྲན་པ་བརྗེད་ཆོག དེ་ནི་དགྲ་ཤ་ལེན་པའི་འཁོར་ལོ་འཛད་མཐའ་མེད་པ་ཞིག་ཆགས་ཀྱི་ཡོད། དགྲ་ཤ་ལེན་པའི་འཁོར་མོ་དེ་རྒྱུན་གཅོད་པའམ་མཇུག་རྫོགས་པར་བྱེད་པའི་ཐབས་ནི་ང་ཚོར་གཞན་གྱིས་གནོད་འཚེ་བྱེད་པའི་དུས་སྐབས་དེ་ག་རང་ལ་མཇུག་རྫོགས་པར་བྱེད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་སྲོལ་རྒྱུན་གྱི་ངག་ཐོག་ནས་ཆོས་གསུངས་པ་ལྟར། བཟོད་པ་ཉམས་ལེན་གྱི་ཐབས་ལམ་བཞིའི་རྗེས་སུ་འབྲང་དགོས། དེ་དག་ནི། འབེན་ལྟ་བུའི་བཟོད་པ་དང་། བྱམས་སྙིང་རྗེའི་བཟོད་པ། བླ་སློབ་ཀྱི་བཟོད་པ། ཆོས་ཀྱི་དབྱིངས་ཀྱི་བཟོད་པ་བཅས་བཞི་རེད།
འབེན་ལྟ་བུའི་བཟོད་པ།
ང་ཚོ་ནི་གནོད་འཚེ་དང་སྐྱོན་བརྗོད་སོགས་ཀྱི་འབེན་ནམ་དམིགས་ཡུལ་དེ་ཡིན་པའི་སྐབས། དེ་ནི་ང་ཚོས་འདས་པའི་དུས་སུ་བྱས་པའི་གནོད་བྱེད་མི་དགེ་བའི་ལས་ལ་བརྟེན་ནས་རེད། གལ་ཏེ་ང་ཚོས་སྐྱེ་བ་སྔོན་མའི་ནང་། མི་དགེ་བའི་ལས་ཀྱི་འབེན་ཞིག་སྒྲིག་བཀོད་བྱས་མེད་ན། ཚེ་འདིའི་ནང་སུས་ཀྱང་འབེན་དེ་ལ་མདའ་འཕངས་ཡོད་ངེས་མ་རེད། བྱས་ཙང་། ང་ཚོར་སྐྱོན་བརྗོད་ག་དུས་བྱེད་ཀྱང་ཁོང་ཁྲོ་ཟ་རྒྱུའི་ཚབ་ལ་ང་ཚོས་སོ་སོའི་ད་ལྟ་དང་སྔོན་གྱི་མི་ཚེ་ལ་བསམ་བློ་གཏོང་དགོས་པ་དང་། སྐྱོན་བརྗོད་དེ་རང་ཉིད་ལ་འོས་འབབ་ཡིན་པའི་ལས་གང་ཞིག་ང་ཚོས་བསགས་ཡོད་སྲིད་པའི་སྐོར་བསམ་ཞིབ་བྱེད་དགོས། རྒྱ་གར་གྱི་གྲུབ་ཆེན་ཞིག་གིས། “ང་ཚོར་དགོས་པའི་སྐབས་སུ་གཉེན་པོ་རྣམས་ལག་བསྟར་མ་བྱས་ན། གཞན་དེ་དག་གི་ཕན་ཐོགས་གང་རེད་དམ་” ཞེས་གསུངས་ཡོད།
བྱམས་པ་དང་སྙིང་རྗེའི་བཟོད་པ།
གལ་ཏེ་མི་ཞིག་ཁྱེད་ལ་ཁོང་ཁྲོ་བྱས་ན། མི་དེའི་རིགས་ནི་སེམས་ལ་དཀྲོག་རྐྱེན་ཐེབས་པ་དང་ཉོན་མོངས་པའི་དབང་འོག་ཏུ་ཡོད་པར་ངོས་བཟུང་ནས་ཁོང་ཚོས་ཁྱེད་ལ་གནོད་འཚེ་བྱ་རྒྱུའི་འདུན་སེམས་གང་ཡང་མེད་པར་ལྟ་དགོས། དེ་ག་ནང་བཞིན་སོ་སོ་རང་ཉིད་ལའང་ཉོན་མོངས་ཡོད་པ་དེའང་དྲན་དགོས། གལ་ཏེ་མི་སྨྱོན་པ་ཞིག་གིས་ཁྱེད་ལ་རྗེས་འདེད་གཏོང་བ་དང་། སྐད་ཅོར་རྒྱག་པ། སྡིགས་ར་སྐུལ་བའི་སྐབས། ཁྱེད་ཀྱིས་ཀྱང་ཁོང་ཁྲོ་དང་བཅས་ཡ་ལན་བསློགས་ན། ཁྱེད་རང་དེ་དང་འདྲ་བར་སྨྱོན་པ་ཆགས་ཀྱི་ཡོད།
སྤྱིར་བཏང་སྨྱོན་པའི་ངང་ཚུལ་རིགས་གཞན་ཞིག་ནི། དཔེར་ན། རིག་ཚོ་མ་ཟིན་པའི་སྨྱོ་འབོགས་དང་སེམས་ཀྱི་ནུས་པ་ཉམས་པ་ལྟ་བུ་ཡོད་ངེས་རེད། ཡིན་ནའང་། ཡུད་ཙམ་གྱི་ཁོང་ཁྲོ་ཆེན་པོ་ནི་སྨྱོ་འབོགས་ཀྱི་གློག་འཁྱུག་པ་ལྟ་བུ་རེད། མི་ཁོང་ཁྲོ་ཅན་ལ་ནི་ཚང་མ་གོ་རིམ་འཁྲུགས་པ་ཆགས་ཀྱི་ཡོད། དཔེར་ན། མི་དེས་སོ་སོའི་རྒྱུ་དངོས་གཅེས་ཤོས་དེ་གཏོར་གཤིག་གཏོང་སྲིད་པ་དང་། སོ་སོའི་མི་ཚེའི་རིན་ཐང་དྲན་པ་བརྗེད་སྲིད་པ། གཞན་གྱི་སྲོག་གཅོད་པ། ཐ་ན་རང་ཤི་རྒྱག་སྲིད་པ་རེད། དེར་བརྟེན་ང་ཚོས་དེ་དག་སྨྱོན་པ་ཡིན་པ་ནང་བཞིན་བྱམས་པ་དང་སྙིང་རྗེས་སྐྱོང་བའི་སྒོ་ནས་བཟོད་སྒོམ་བྱེད་དགོས།
བླ་སློབ་ཀྱི་བཟོད་པ།
བླ་མའམ་དགེ་བའི་བཤེས་གཉེན་ཞིག་མེད་པར་སློབ་མས་གང་ཡང་སྦྱོང་མི་ཐུབ། གལ་ཏེ་མི་སུ་གཅིག་གིས་ཀྱང་ང་ཚོར་བཟོད་པའི་ཡུལ་ལྟ་བུ་ཞིག་མ་བྱས་ན། ང་ཚོས་བཟོད་པ་སྐྱེད་མི་ཐུབ། དེར་བརྟེན་ང་ཚོ་ལ་ཁོང་ཁྲོ་ཟ་མཁན་གྱི་མི་སུ་འདྲ་ཞིག་ཡིན་ནའང་། དེ་ནི་བཟོད་པའི་དགེ་རྒན་ཞིག་ཡིན་པ་རེད། སློབ་དཔོན་ཞི་བ་ལྷས། ང་ཚོས་རང་གི་དགྲ་བོར་མཆོད་པ་འབུལ་དགོས་ཞེས་གསུངས། སྤྱོད་འཇུག་ནང་། བཟོད་པའི་ཡུལ་ནི་སྦྱིན་པའི་ཡུལ་ལས་དཀོན་པ་ཡོད་ཅེས་གསུངས། སྦྱིན་པའི་ཡུལ་ལ་ཆ་བཞག་ན། འཛམ་གླིང་འདི་ནི་སྤྲང་པོས་ཁེངས་ཡོད། འོན་ཀྱང་། མི་ཞིག་གིས་བཟོད་པའི་ཡུལ་ལྟ་བུ་བྱེད་པར། ཐོག་མར་ང་ཚོའི་ངོས་ནས་གཅིག་བྱེད་དགོས་ཀྱི་ཡོད།
ཆོས་ཀྱི་དབྱིངས་ཀྱི་བཟོད་པ།
ཁོང་ཁྲོ་དང་བཟོད་པ་ལ་སོགས་པ་དེ་དག་རང་ངོས་ནས་གྲུབ་པ་ཞིག་མེད་པར་སྒོམ་དགོས། གནོད་པ་སྐྱེལ་བའམ་གནོད་པ་ཕོག་པ། དེ་བཞིན་ཁོང་ཁྲོ་སློང་བའམ་ཁོང་ཁྲོ་ཟ་བ་ལྟ་བུའི་ཡུལ་བདེན་པར་གྲུབ་པ་མེད། “དགྲ་བོ་འདི་དག་ཐམས་ཅད་རང་ཉིད་ལ་སྣང་བ་ནི་ངའི་མ་རིག་པ་དང་། འཁྲུལ་སྣང་། བདེན་པར་གྲུབ་པར་འཛིན་པའི་རྐྱེན་གྱིས་རེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལ་ནི་དགྲ་བོ་ནམ་ཡང་མེད། ང་རང་ལ་ཡོད་པ་ནི་ངའི་འཁྲུལ་སྣང་ལ་བརྟེན་ནས་རེད་” ཅེས་རང་གིས་རང་ལ་བརྗོད་དགོས། དེ་དག་གི་སྟོང་པའི་རང་བཞིན་ལ་ལྟ་དགོས་པ་དང་ཉོན་མོངས་པའི་འཁྲུལ་རྟོག་དང་བྲལ་བའི་སྒོ་ནས་ལྟ་དགོས།
ཡང་གཞུང་གཞན་དག་གི་ནང་། དགྲ་བོ་དང་གནོད་པའི་རིགས་རྣམས་རྨི་ལམ་ནང་བཞིན་ལྟ་དགོས་ཞེས་གསུངས་ཡོད། རྨི་ལམ་ནང་ཚང་མ་དངོས་སུ་འབྱུང་གི་ཡོད་པ་ལྟར་སྣང་ནའང་། གཉིད་ལས་སད་པའི་སྐབས། ང་ཚོས་གང་ཡང་བྱུང་མེད་པ་ཤེས་པ་ལྟ་བུ་རེད།
ང་ཚོ་ཁོང་ཁྲོ་ཟ་གི་ཡོད། འོན་ཀྱང་། མ་མཐར་ཡང་ང་ཚོས་ཁོང་ཁྲོ་ཟ་ཡུན་དེ་ཐུང་དུ་བཏང་ནས་ཡུན་རིང་པོར་འཁོན་འཛིན་མི་བྱེད་པའི་ཐབས་ཤེས་བྱེད་ཆོག སློབ་དཔོན་ཞི་བ་ལྷས། ཁོང་ཁྲོ་ལྟ་བུའི་སྡིག་པ་ཚབས་ཆེན་མེད། བཟོད་པ་ལྟ་བུའི་དཀའ་ཐུབ་མེད་ཅེས་གསུངས་ཡོད། ཁོང་ཁྲོ་ནི་འདོད་ཆགས་ལས་ཀྱང་སྡུག་པ་ཡོད། འདོད་ཆགས་ཀྱི་ནང་འཚེ་བ་དང་དྲག་རྒོལ་རིགས་མེད་པར། དེ་ནི་གང་ཟག་གཅིག་ལ་སེམས་ནང་གི་གནད་དོན་ཞིག་རེད། འོན་ཀྱང་། ཁོང་ཁྲོ་ནི་འཚེ་བ་ཡིན་ཞིང་། དེས་རང་གཞན་གཉིས་ཀར་ཤུགས་རྐྱེན་སྤྲོད་པ་དང་ཁོར་ཡུག་རྩ་མེད་གཏོང་བ་སོགས་བྱེད་ཀྱི་ཡོད། ང་ཚོས་སྡིག་པ་མི་དགེ་བའི་ལས་གསོག་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ང་ཚོ་རྟག་པར་ཁོང་ཁྲོ་ཟ་གི་ཡོད། ང་ཚོ་ཁོང་ཁྲོ་ལངས་པའི་སྐབས། ཐ་ན་སོ་སོའི་ནམ་རྒྱུན་ཟས་ཞིམ་ཤོས་དེའང་ཞིམ་པོ་མེད་པ་ཆགས་ཀྱི་ཡོད། ང་ཚོ་ཁོང་ཁྲོ་ལངས་པའི་སྐབས། རང་གི་གདོང་ལ་མཛེས་བཟོའི་བྱུག་རྫས་ག་ཚོད་བྱུག་པ་དང་། རྒྱན་ཆ་བཏགས་པ། གྱོན་གོས་ག་ཚོད་ཀྱིས་ཡག་པོ་གོན་ཡོད་ནའང་། མདོག་ཉེས་ལ་ལྟ་ན་མི་སྡུག་པ་མཐོང་གི་རེད། ང་ཚོའི་གདོང་པའི་ཁ་དོག་འགྱུར་བ་འགྲོ་བ་སོགས་ཡོང་གི་རེད། བྱང་ཆུབ་སེམས་དཔའ་རྣམས་ལ་མཚོན་ན། ཁོང་ཁྲོ་ཅུང་ཟད་ཙམ་ཞིག་ཡོད་པ་དེའི་ཉེས་སྐྱོན་ནི་འདོད་ཆགས་ཀྱི་ཉེས་སྐྱོན་བརྒྱ་ཕྲག་ལས་ཀྱང་རྦད་དེ་ཆེ་བ་ཡོད།
ཟམ་མ་ཆད་པའི་བརྒྱུད་པ་ཞིག་གི་གལ་གནད།
འདིར་ལྟར་ཟམ་མ་ཆད་པའི་བརྒྱུད་པ་ཞིག་གི་ཆོས་འཁྲིད་འདིར་མཇུག་རྫོགས་པ་རེད། ང་ཚོས་བརྒྱུད་པ་ཟམ་མ་ཆད་པ་དང་ལྷད་མེད་པ་འཛིན་རྒྱུ་གལ་ཆེན་པོ་རེད། འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ནས་བརྒྱུད་པའི་བྱིན་བརླབ་ཀྱི་བརྒྱུད་པ་རེད། སྔོན་བླ་མ་ཞིག་གིས་ཆོས་གསུང་པའི་སྐབས། “ང་ལ་ལུང་གི་བརྒྱུད་པ་ནམ་ཡང་ཐོབ་མྱོང་མེད། ཡིན་ནའང་། ངས་འདི་ཁྱེད་ལ་བྱིན་ཡིན་” ཞེས་ཞལ་ཤོབ་གནང་བ་ལྟ་བུ་རེད།།