ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤཱི་ལ་པཱ་ར་མི་ཏཱ།

སྒྲིག་ཁྲིམས་ཟེར་ཡོང་དུས་ཚིག་འདིས་ཁ་ཤས་ལ་ལྟ་གྲུབ་ལམ་ལུགས་ཀྱི་བཀག་བསྐྱིལ་ཞིག་གམ། ཡང་ན་གཞན་དག་ལ་ཟས་སྤྱོད་ལ་དམ་བསྒྲགས་བྱས་པའི་སྣང་བརྙན་ཞིག་བློ་ཡུལ་དུ་ཤར་སྲིད་པ་ཡིན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ངམ་ཚུལ་ཁྲིམས་ཀྱིས་དེ་འདྲ་བའི་དམ་བསྒྲགས་དང་དོ་དམ་བྱས་པའི་དོན་མ་ཡིན་པར། དེས་རང་གི་སྤྱོད་ལམ་ལ་བརྟེན་ནས་རང་དང་གཞན་ལ་ཤུགས་རྐྱེན་གང་ཞིག་ཐེབས་ཀྱི་ཡོད་པ་དེ་ཤེས་སུ་འཇུག་གི་ཡོད། བྱས་ཙང་། ཚུལ་ཁྲིམས་ལ་ཉམས་ལེན་བྱས་པ་དེས་རང་དང་རང་ཉིད་ཀྱི་མཐའ་འཁོར་དུ་གནས་པའི་མི་གཞན་དག་ལ་ཕན་ཐོགས་ཡག་ཤོས་སྒྲུབ་པའི་རང་དབང་དེ་སྟེར་གྱི་ཡོད།

ངོ་སྤྲོད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་ ༼ཕ་རོལ་ཏུ་ཕྱིན་པ་དྲུག་༽ ལས་གཉིས་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དེ་ནི་རོལ་ཆ་ཞིག་ལ་སྦྱོང་བ་དང་རྩེད་མོའི་རིགས་ལ་མཆོག་ཏུ་གྱུར་བ་ཞིག་ཆགས་པའི་ཆེད་དུ་དགོས་པའི་སྒྲིག་ཁྲིམས་ཀྱི་རིགས་ཤིག་མ་ཡིན་པར། འདི་ནི་རང་སོ་སོའི་ཚུལ་མཐུན་གྱི་སྤྱོད་ལམ་དང་འབྲེལ་བ་ཞིག་ཡིན། དེར་མ་ཟད། ཚུལ་ཁྲིམས་ནི་མི་གཞན་སྒྲིག་བཀོད་སྟངས་འཛིན་དང་། སོ་སོའི་ཁྱི་ལ་སྦྱོང་བརྡར་སྤྲོད་པ། དམག་སྒར་ནང་ཡོད་པའི་དམག་མི་ཚོར་སྟངས་འཛིན་བྱེད་པ་འདྲ་པོ་ཞིག་ཀྱང་མ་རེད། སྐབས་འདིར་སོ་སོ་རང་ལ་དགོས་པའི་ཁྲིམས་རང་སྲུང་གི་ཚུལ་ཁྲིམས་སྐོར་བཤད་ཀྱི་ཡོད། དེ་ལའང་དབྱེ་ན་གསུམ་ཡོད་པ་ནི།

མི་དགེ་བའི་ལས་སྤོང་བའི་ཚུལ་ཁྲིམས། ༼ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།༽

ཚུལ་ཁྲིམས་ཀྱི་དབྱེ་བ་དང་པོ་ནི། གནོད་བྱེད་མི་དགེ་བའི་ལས་བྱེད་རྒྱུ་སྤོང་བའམ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཟེར་བ་དེ་ཡིན། དེ་ཡང་ང་ཚོས་ལུས་ཀྱི་སྒོ་ནས་བྱ་བ་བྱེད་སྟངས་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་སྟངས། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་སྟངས་བཅས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མི་དགེ་བའམ་ཉེས་པ་ལས་སྡོམ་པ་ལ་གོ་བ་ཡིན། སྤྱིར་ཉེས་པར་སྤྱོད་པའི་མི་དགེ་བ་ལ་ཡང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། རྫུན་བཤད་པ་ལ་སོགས་པ་རིགས་བཅུ་ཡོད་ཅིང་། གལ་ཏེ་ང་ཚོས་རང་ཉིད་ཀྱི་ཆོས་ཉམས་ལེན་གོང་འཕེལ་ཏུ་འགྲོ་བར་བར་ཆད་བྱེད་པའི་སྤྱོད་ལམ་གྱི་རིགས་སྤོང་དགོས་པའི་སྡོམ་པ་བླངས་ཡོད་ན། དེ་ངེས་པར་དུ་བསྲུང་དགོས་པ་ཡིན།

སྤོང་དགོས་པའི་མི་དགེ་བའི་སྤྱོད་ལམ་ངན་པ་འགའི་སྐོར་ནས་བརྗོད་ན། དེ་ལ་རིགས་གཉིས་ཡོད། གཅིག་ནི་རང་བཞིན་གྱིས་གནོད་བྱེད་མི་དགེ་བའི་སྤྱོད་ལམ་ ༼རང་བཞིན་གྱི་ཁ་ན་མ་ཐོ་བ་༽ ཡིན་པ། དཔེར་ན། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལྟ་བུ་ནི་ང་ཚོས་ལས་སླ་པོའི་སྒོ་ནས་ཤེས་ཐུབ་པ་ཡིན། གཉིས་པ་ནི་རང་བཞིན་གྱི་སྒོ་ནས་མི་དགེ་བའམ་ཁ་ན་མ་ཐོ་བ་མིན་ཡང་། སངས་རྒྱས་ཀྱིས་གང་ཟག་བྱེ་བྲག་པ་དང་ཡུལ་དུས་གནས་སྐབས་བྱེ་བྲག་པ་འདི་དང་དེ་འདྲ་བ་ཞིག་ལ་སྤོང་དགོས་ཞེས་གཏན་འབེབས་ཀྱིས་བཟོས་གནང་པའི་མི་དགེ་བའི་སྤྱོད་ལམ་ ༼བཅས་པའི་ཁ་ན་མ་ཐོ་བ་༽ དཔེར་ན། དགེ་འདུན་པ་དང་བཙུན་མ་ཚོས་ཕྱི་དྲོའི་ཁ་ཟས་སྤོང་དགོས་པར་ཁྲིམས་བཅས་པ་ལྟ་བུ་རེད། ཡིན་ནའང་འདི་མི་ཚང་མས་ལག་བསྟར་བྱེད་མི་དགོས། དེ་ལྟ་བུའི་བཅས་ཁྲིམས་དེའི་དངོས་ཡོད་ཀྱི་འབྱུང་ཁུངས་ནི། གལ་ཏེ་སྔ་དགོང་གཉིས་སྒོམ་རྒྱག་པར་བློ་དྭངས་ཤིང་གསལ་བ་ཞིག་དགོས་ན། ཕྱི་འདྲོའི་ཁ་ཟས་མེད་པར་ཉལ་ན་ཡག་ཤོས་ཡིན། དཔེ་གཞན་ཞིག་བཞག་ན། དགེ་འདུན་པ་དང་བཙུན་མ་ཞིག་ཡིན་པའི་ཆ་ནས་སྐྲ་རིང་པོ་བཞག་མི་ཆོག་པར་སློབ་སྟོན་གནང་ཡོད། དེ་ལྟར་ལམ་སྟོན་གནང་དགོས་དོན་ནི། རང་ཉིད་ཀྱི་མཛེས་སྡུག་ལ་ཆགས་ཞེན་མིང་ཡོང་བའི་ཆེད་དང། ཉིན་ལྟར་དེ་ལ་བཟོ་ལྟ་གཏོད་རྒྱུ་སོགས་དུས་ཚོད་འཕྲོ་བརླག་ཡིན་པས་རེད། ཡིན་ནའང་དེ་ལྟ་བུའི་བསླབ་བྱ་དང་སྡོམ་པ་ནི་གྲྭ་བཙུན་ལ་ཡིན་པ་ལས་མི་ཚང་མ་ལ་མ་ཡིན་པ་དེ་གསལ་པོ་རེད།

དགེ་བའི་ལས་ལ་འཇུག་པ། ༼དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།༽

ཚུལ་ཁྲིམས་ཀྱི་དབྱེ་བ་གཉིས་པ་ནི། ལས་བཟང་པོ་དང་དགེ་བའི་ལས་ལ་འཇུག་རྒྱུ་དེ་ཡིན་ཞིང་། དེ་ལ་འཇུག་པས་བསོད་ནམས་ཀྱི་ཚོགས་རླབས་ཆེན་སྡུད་པའམ་གསོག་པ་དང། དེ་ནི་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དགོས་ཀྱི་ཡོད། འདིའི་དོན་ནི་ཆོས་ཉན་དུ་འགྲོ་བ་དང་། ཆོས་སློབ་སྦྱོང་བྱེད་པ། ཆོས་ལ་བསམ་པ་དང་སྒོམ་པ་བྱེད་དུ་འགྲོ་བ། དེ་བཞིན་ཆོས་ཀྱི་སྔོན་འགྲོར་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ ༼ཚད་མཐོ་བའི་གསང་སྔགས་ཀྱི་སྔོན་འགྲོ་ཁག༽ སོགས་མཐར་ཕྱིན་པར་བྱེད་པའི་ཚུལ་ཁྲིམས་ཤིག་ཡོད་དགོས་པའི་དོན་ཡིན།

འདིར་ཡང་ཚུལ་ཁྲིམས་ནི་ནང་སེམས་ཀྱི་གནས་བབས་ཤིང་ཡིན་པ་ལས། ཕྱིའི་སྤྱོད་ལམ་ངོ་མ་དེ་མ་རེད།  དེ་ནི་རང་ཉིད་ཀྱི་ནང་སེམས་ནས་བྱུང་བའི་ཚུལ་ཁྲིམས་ཤིག་ཡིན་པ་དང་། ཚུལ་ཁྲིམས་དེ་ལ་བརྟེན་ནས་ང་ཚོའི་ཕྱིའི་བྱ་སྤྱོད་སྤེལ་ཚུལ་ལ་བཟོ་ལྟ་བཟོ་གི་ཡོད། དེ་ཡང་གཙོ་བོ་རང་ཉིད་ཀྱིས་མི་དགེ་བ་དང་ཚུལ་མིན་གྱི་སྤྱོད་ལམ་ངན་པ་སྤོང་ཞིང་། དགེ་བའི་ལས་ལ་འཇུག་དགོས་པའི་གཟབ་ནན་དང་ངེས་བརྟན་བཟོ་གི་ཡོད། ཚུལ་ཁྲིམས་འདི་མེད་པ་ཡིན་ན། ང་ཚོ་རྩ་ནས་རང་ཚོད་ཟིན་མི་ཐུབ་པ་ཆགས་ནས་ལས་སླ་པོའི་ངང་ཉོན་མོངས་པའི་དབང་འོག་ཏུ་ཤོར་འགྲོ་བ་ཡིན།

ཚུལ་ཁྲིམས་ནི་ཆོས་རྣམས་ཀྱི་བླང་དོར་རྣམ་པར་འབྱེད་པའི་པའི་ཤེས་རབ་ལ་གཞིར་བྱས་པ་ཞིག་ཡིན། མི་དགེ་བའི་སྒོ་ནས་བྱ་བ་བྱེད་པ་དང་། བྱ་བ་དེའི་ཉེས་དམིགས་དང་གྱོང་གུན་གང་ཡོད་པའི་ཐད་ལ་རྣམ་པར་ཕྱེས་ནས་ཐག་ཆོད་པའི་ངེས་ཤེས་སླེབས་ཀྱི་ཡོད། དེ་བཞིན་དགེ་བའི་སྤྱོད་ལམ་ལ་འཇུག་ནས་ང་ཚོས་སྒོམ་གྱི་ཕན་ཡོན་དང་། སྔོན་འགྲོ་ཉམས་ལེན་གྱི་ཕན་ཡོན་སོགས་ལའང་རྣམ་པར་འབྱེད་ཐུབ། དེར་བརྟེན་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ང་ཚོས་བྱ་བ་ཇི་ལྟར་བྱེད་དགོས་པ་དང་དེ་བྱེད་པ་ལ་གདེང་ཚོད་ཡོད་པ་རང་བཞིན་གྱིས་ཤེས་ཀྱི་ཡོད།

གཞན་དོན་སྒྲུབ་པར་བརྩོན་པ། ༼སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།༽

ཚུལ་ཁྲིམས་ཀྱི་དབྱེ་བ་གསུམ་པ་ནི། གཞན་ལ་དངོས་སུ་ཕན་པའི་བྱ་བ་བསྒྲུབ་རྒྱུ་དང་རོགས་རམ་བྱ་རྒྱུ་དེ་ཡིན། འདིར་གཞན་ལ་རོགས་རམ་བྱེད་པའི་ཕན་ཡོན་དང་རོགས་རམ་མི་བྱེད་པའི་སྐྱོན་ལ་རྣམ་པར་འབྱེད་པའི་ཤེས་རབ་དེ་ང་ཚོ་ལ་ཡོད་པ་རེད། གང་ཡིན་ཞེ་ན། རང་ཉིད་མི་གང་རུང་ཞིག་ལ་ཕན་པ་སྒྲུབ་འདོད་མེད་པའམ། ཡང་ན་མི་གང་རུང་ཞིག་ལ་མི་དགའ་བ་དེ་འདྲ་ཡོད་པས་ཡིན།

གཞན་ལ་ཕན་འདོགས་པ་ལ་རྣམ་པ་མང་པོ་ཡོད་ཀྱང་། སྤྱིར་གཏང་བྱས་ན། “གཞན་རང་གི་དགེ་བའི་ཤུགས་རྐྱེན་འོག་ཏུ་བསྡུ་ཚུལ་” ༼བསྡུ་བའི་དངོས་པོ་བཞི་༽ ལ་འཇུག་པའི་ཚུལ་ཁྲིམས་ཤིག་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། རང་ཉིད་ཀྱི་བྱ་སྤྱོད་སྤེལ་ཐབས་ལ་བརྟེན་ནས་གཞན་དག་རང་ལ་གོ་ཤེས་ཅན་དང་ཡིད་ལ་འཐད་པར་བྱས་ནས་དེ་དག་ལ་མུ་མཐུད་གཏིང་ཟབ་པའི་གནད་དོན་རྣམས་བསླབ་ཐུབ་པར་བྱེད་ཀྱི་ཡོད།

ཐབས་ལམ་བཞིའམ་བསྡུ་བའི་དངོས་པོ་བཞི་ནི།

༡༽ སྦྱིན་པ་གཏོང་ཕོད་པ། ༼མཁོ་བར་སྦྱིན་པ།༽

༢༽ གཏམ་སྙན་པོ་བཤད་པ། ༼སྙན་པར་སྨྲ་བ།༽

༣༽ གཞན་དམིགས་ཡུལ་འཐོབ་པར་སྐུལ་བ། ༼དོན་སྤྱོད་པ།༽

༤༽ དམིགས་ཡུལ་འདི་དག་དང་མཐུན་པ། ༼དོན་མཐུན་པ།༽

ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་པའི་སྐབས་སུ། དམིགས་བསལ་ཕན་པ་བསྒྲུབ་དགོས་པའི་གང་ཟག་མི་འདྲ་བ་བཅུ་གཅིག་གྱི་གྲངས་ཤིག་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། དེ་དག་ང་ཚོས་འབད་བརྩོན་གྱིས་རོགས་རམ་བྱེད་དགོས་པར་གསུངས་ཡོད། ང་ཚོས་དེ་རྣམས་གྲངས་འདྲེན་ཙམ་རེད་བསམ་རྒྱུ་མེད། དེ་ལྟ་བུའི་གང་ཟག་དང་འཕྲད་སྐབས་སྣང་མེད་དུ་མི་གཏོང་བར། དངོས་གནས་རོགས་རམ་བྱེད་དགོས་པའི་གདམས་ངག་དམིགས་བསལ་ཅན་ཞིག་ཡིན་པར་བསམ་དགོས།

༡༽ སྡུག་བསྔལ་གྱིས་མནར་བཞིན་པའི་གང་ཟག

༢༽ སོ་སོ་རང་ཉིད་ལ་ཕན་པ་སྒྲུབ་སྟངས་ཐད་མགོ་འཐོམས་པའི་གང་ཟག

༣༽ ང་ཚོ་ལ་རོགས་པ་བྱས་མྱོང་ཡོད་པའི་གང་ཟག

༤༽ ཞེད་སྣང་གིས་ཁེངས་པའི་གང་ཟག

༥༽ སེམས་ཀྱི་མྱ་ངན་ལས་ཐར་བའི་གང་ཟག

༦༽ དབུལ་ཞིང་ཕོངས་བའི་གང་ཟག

༧༽ ང་ཚོ་ལ་ཆགས་པའི་གང་ཟག

༨༽ སོ་སོའི་འདོད་པ་དང་མཐུན་པར་ང་ཚོས་ཕན་འདོགས་ཐུབ་པའི་གང་ཟག

༩༽ མི་ཚེ་དྲང་པོར་སྐྱེལ་མཁན་གྱི་གང་ཟག

༡༠༽ མི་ཚེ་ཕུང་ཀྲོལ་ངང་སྐྱེལ་མཁན་གྱི་གང་ཟག

༡༡༽ རང་ལ་ཡོད་པའི་ཐུན་མིན་གྱི་ནུས་པ་སྤྱོད་དགོས་པའི་གང་ཟག

སློབ་དཔོན་ཞི་བ་ལྷའི་ཚུལ་ཁྲིམས་སྐོར།

སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་སུ་ལེའུ་གཉིས་ཀྱི་ནང་དུ་ཚུལ་ཁྲིམས་ཀྱི་སྐོར་གསུངས་ཡོད། ལེའུ་དང་པོ་ནི་ “གཅེས་སྐྱོང་གི་བསམ་ཕྱོགས་” ༼བག་ཡོད་བསྟན་པ་༽ ཞེས་པ་ནི་ཚུལ་ཁྲིལས་ཀྱི་གཞི་རྟེན་དེ་རེད། དེ་ཡང་ང་ཚོས་སོ་སོའི་སྤྱོད་ལམ་གྱིས་གཞན་ལ་ཤུགས་རྐྱེན་སྤྲོད་པ་ལ་དོ་འཁུར་གྱིས་བག་ཡོད་བྱེད་པ་དང་། ཉོན་མོངས་པའི་དབང་འོག་ཏུ་མི་ཤོར་བའི་དོ་འཁུར་གྱིས་བག་ཡོད་བྱེད་ཀྱི་ཡོད། མི་གཞན་དག་ལའང་རང་ཉིད་ལ་ཡོད་པ་ནང་བཞིན་ཚོར་བ་ཡོད་པ་སོང་ཙང་། ང་ཚོས་བྱ་སྤྱོད་ངན་པ་སྤེལ་བ་ཡིན་ན། དེས་གཞན་ལ་གནོད་ཀྱི་རེད་བསམས་ནས་དོ་གལ་གྱིས་གཟབ་གཟབ་བྱེད་དགོས།  ང་ཚོའི་སྤྱོད་ལམ་དེས་མ་འོངས་པར་སོ་སོ་རང་ཉིད་ལ་མཇུག་འབྲས་གང་འདྲ་ཞིག་ཡོང་མིན་ལ་བག་ཡོད་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་ཀྱིས་ཚུལ་ཁྲིམས་ཀྱི་གཞི་རྟེན་ཞིག་སྐྲུན་གྱི་ཡོད། གལ་ཏེ་གཞན་ལ་གནོད་པའམ། ཡང་ན་རང་ཉིད་ཀྱི་མ་འོངས་པར་གནོད་པའི་ཐོག་ལ་དངོས་གནས་བག་མེད་ཀྱིས་འབྲེལ་མེད་དུ་བཞག་ན། དེ་ནས་བཟང་སྤྱོད་ཚུལ་དང་ལྡན་པའི་སྒོ་ནས་བྱ་བ་བྱེད་དགོས་པ་མེད་པར་ཚོར་གྱི་རེད།

སྐད་ཡིག་མང་པོའི་ནང་དུ་བག་ཡོད་ཅེས་པའི་ཐ་སྙད་འདི་བསྒྱུར་ཡག་ཧ་ཅང་ཁག་པོ་འདུག དེའི་ནང་དུ་བག་ཡོད་དང་ལྡན་དགོས་ཤིང་། རང་ཉིད་ཀྱིས་བྱ་སྤྱོད་སྤེལ་སྟངས་ལ་གཟབ་ནན་བྱེད་དགོས་པའི་དོན་ཡོད། འོན་ཀྱང་ད་དུང་ཐ་སྙད་འདི་ནི། གཟབ་ནན་གྱིས་བག་ཡོད་བྱེད་པ་ལས་བྱུང་བའི་རང་གི་སྤྱོད་ལམ་དེས་རང་དང་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་ཐད་ལ་ཛ་དྲག་གིས་དོ་གལ་དུ་བརྩི་དགོས་པ་ལའང་གོ་བ་ཡིན།

སློབ་དཔོན་ཞི་བ་ལྷས་ལེའུ་གཉིས་པའི་ནང་དྲན་པ་དང་ཤེས་བཞིན་དང་འབྲེལ་བའི་བརྗོད་བྱའི་སྐོར་ལ་གསུངས་ཡོད། དྲན་པ་ནི་། ཉོན་མོངས་པའི་གཞན་དབང་དུ་མི་གྱུར་བར། ཚུལ་ཁྲིམས་ཀྱི་སྟེང་དུ་བློས་འཛིན་པའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ནི་ཚུལ་ཁྲིམས་ལ་དམ་པོར་སྦྱོར་བའི་སེམས་ཀྱི་འབྱར་རྩི་ལྟ་བུ་ཞིག་ཡིན། དཔེར་ན། རང་ཉིད་ཟས་སྤྱོད་སྡོམ་པའི་ཁྲིམས་ཤིག་ཡོད་པའི་སྐབས་སུ། བག་ཟན་མངར་མོའི་ཚོང་ཁང་གི་སྒོ་འགྲམ་ནས་འགྲོ་ཞོར་ལ། རང་གི་དགའ་མོས་ཆེ་ཤོས་ཡོད་པའི་འཁུར་ར་མངར་མོ་དེ་མཐོང་ནས་ཟ་འདོད་ལངས་ཀྱང་། རང་ཉིད་ཀྱི་ཟས་སྤྱོད་སྡོམ་པའི་ཁྲིམས་དེ་མ་ཤོར་བ་བྱེད་ཀྱི་རེད། དེའི་སྐབས་ “འདོད་རྔམས་དང་ཆགས་སེམས་ཀྱིས་གཞན་དབང་དུ་ཤོར་ནས། ངས་འཁུར་ར་དེ་ཉོ་རྒྱུ་མིན་” ཞེས་དྲན་གྱི་ཡོད། དེ་ནི་དྲན་པ་བསྟེན་པ་ལས་བྱུང་ཞིང་། ཚུལ་ཁྲིམས་ལ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། དཔེ་དེ་ག་ནང་བཞིན་ཤེས་བཞིན་གྱིས་རང་ཉིད་ཟས་སྤྱོད་སྡོམ་པའི་ཁྲིམས་ལས་གཡོལ་འགོ་བཙུགས་ནས་ “འཁུར་ར་མངར་མོ་དུམ་བུ་ཆུང་ངུ་ཞིག་ཟས་ན་” བསམ་པའི་སྐབས་སུ་རང་གི་ཤེས་བཞིན་གྱིས་ལྟ་ཞིབ་དང་བཅས་སེམས་ནང་དྲིལ་བརྡ་ཞིག་གཏོང་བས། ང་ཚོ་དེ་ཟ་རྒྱུ་སྤངས་ནས་རང་ཚུགས་ཟིན་པའི་ཕྱོགས་སུ་ལོག་ཐུབ་པར་བྱེད་ཀྱི་ཡོད། བྱས་ཙང་། འདི་དག་གི་ཐོག་ལ་དོ་སྣང་དང་ལྟ་ཞིབ་བྱེད་དགོས། དྲན་པ་དང་ཤེས་བཞིན་གཉིས་ཀྱི་ཚུལ་ཁྲིམས་ཀྱི་རྒྱབ་རྟེན་རེད། དེ་དག་ནི་ང་ཚོས་ཚུལ་ཁྲིམས་ཡང་དག་པར་བསྲུང་བའི་ལག་ཆ་རེད་ལ། རྗེས་སུ་བསམ་གཏན་སྐྱེད་པ་ལ་བེད་སྤྱོད་བྱེད་ཆོག་པ་ཡིན།

མཐར་སློབ་དཔོན་ཞི་བ་ལྷས་དྲན་པ་བསྐྱེད་པ་དང་དེ་རྒྱུན་སྲིང་བ་ལ་ཕན་པའི་ཆ་རྐྱེན་གསུམ་མཛུབ་སྟོན་གནང་ཡོད་པ་ནི།

  • རང་གི་དགེ་བའི་བཤེས་གཉེན་དང་མཉམ་དུ་གནས་དགོས། གལ་སྲིད་དགེ་བའི་བཤེས་གཉེན་དང་མཉམ་དུ་གནས་མི་ཐུབ་པ་ཡིན་ན། ང་ཚོ་ཁོང་རྣམ་པ་མཉམ་དུ་ཡོད་པའི་བསམ་བློ་གཏོང་ཆོག གལ་ཏེ་ང་ཚོ་ཁོང་རྣམ་པ་དང་ལྷན་དུ་ཡོད་ན། ཁོང་ཚོར་གུས་ཞབས་ཡོད་པའི་དབང་གིས་ང་ཚོས་བྱབ་ཆུང་དང་གནོད་བྱེད་མི་དགེ་བའི་ལས་ཀ་བྱེད་ཀྱི་མ་རེད། “ངས་རྒན་ལགས་ཀྱི་སྐུ་མདུན་དུ་སྤྱོད་པ་འདི་འདྲ་ཞིག་དང་བཀའ་མོལ་འདི་འདྲ་ཞིག་ཞུ་དགོས་སམ།” ཞེས་བསམ་བློ་གཏོང་ན་ཡག་པོ་ཡོད། གལ་ཏེ་དེ་ལྟར་བྱེད་མ་ཐུབ་ན། དེའི་སྐབས་སུ་ “ཤིང་དུམ་བུ་ནང་བཞིན་གནས་དགོས་” པར་སློབ་དཔོན་ཞི་བ་ལྷས་ལམ་སྟོན་གནང་ཡོད། གང་ཡང་མ་བྱས་པར་སྡོད་པ་དེས་རང་ཉིད་དྲན་པ་བརྟན་པོར་གནས་རྒྱུར་ཕན་ཐོགས་ཡོད། རང་ཉིད་རྒན་ལགས་དང་ལྷན་དུ་དགོང་ཟས་ཟ་བཞིན་པའི་སྐབས་སུ་འཁུར་ར་བག་མེད་ལྟོགས་རྔམ་གྱིས་ཟ་བའམ། གཞན་ལ་སྐད་ལོག་རྒྱག་པ་སོགས་ཀྱི་སྤྱོད་ངན་མི་བྱེད་པ་ནི་བཤད་མི་དགོས་པ་ཞིག་རེད།
  • རང་གི་དགེ་བའི་བཤེས་གཉེན་གྱི་བསླབ་བྱ་དང་ལམ་སྟོན་གྱི་རྗེས་སུ་འཇུག་དགོས། དགེ་བའི་བཤེས་གཉེན་གྱིས་གང་གསུངས་པ་རྣམས་དྲན་ཐབས་བྱེད་པས་རང་ཉིད་དྲན་པ་བརྟན་པོར་གནས་རྒྱུར་ཕན་ཐོགས་ཡོད།
  • དྲན་པ་མ་བསྟེན་པའི་མཇུག་འབྲས་སུ་དངངས་སྐྲག དེ་ནི་ང་ཚོ་ཞེད་སྣང་སྐྱེས་པའི་དོན་མ་རེད། འོན་ཀྱང་རང་གིས་རང་ལ་ཆེ་མཐོང་དང་རིན་ཐང་གྱི་ཚོར་བ་གཞི་རྩར་བཞག་ནས་དྲན་པ་མ་བསྟེན་པའི་མཇུག་འབྲས་མྱོང་འདོད་མེད་པ་རེད། སོ་སོ་རང་གི་དོན་དུ་བཟང་ཕྱོགས་ཀྱི་བསམ་བློ་འདང་ངེས་གཏོང་གི་ཡོད་པས། ཁོང་ཁྲོ་དང་འདོད་རྔམས་སོགས་ཀྱིས་དབང་འོག་ཏུ་ཤོར་ནས་རང་ཉིད་ཐུར་དུ་ལྷུང་འདོད་མེད།

གོང་དུ་ཞུས་པའི་གནད་དོན་དེ་དག་དང་མཉམ་དུ་རང་གི་དགེ་བའི་བཤེས་གཉེན་གྱི་ཕྱོགས་ལ་མཚེར་སྣང་གི་བསམ་པ་ཞིག་སྐྱེད་དགོས། ཨིན་སྐད་ནང་གི་ (awe) “འཚེར་སྣང་” ཞེས་པ་དེ་ཐ་སྙད་འགྲེལ་དཀའ་བ་ཞིག་རེད། དེ་ནི་རྒན་ལགས་ཀྱི་བཀའ་བཀྱོན་གནང་རྒྱུ་ཡིན་པ་ལྟ་བུའི་རྦད་དེ་ཞེད་སྣང་དང་འཇིགས་སྐྲག་བྱེད་པའི་དོན་མིན། འཚེར་སྣང་ཞེས་པ་ནི་དགེ་བའི་བཤེས་གཉེན་དང་ནང་ཆོས་ལ་གུས་ཞབས་ཧ་ཅང་ཆེན་པོ་ཡོད་པས། གལ་སྲིད་རང་ཉིད་ཀྱི་སྤྱོད་པ་ངན་པའི་ཤུགས་རྐྱེན་དེས་རང་གི་དགེ་རྒན་ལ་མཚན་ཤས་སོགས་བཟོས་ན། སོ་སོ་ཧ་ཅང་མི་བདེ་བ་ཡོང་གི་ཡོད་པའི་དོན་སྟོན་གྱི་ཡོད། ང་ཚོ་ལ་བརྟེན་ནས་མི་གཞན་གྱིས་ “ཨ་ཙི། དགེ་རྒན་དེའི་དགེ་ཕྲུག་གིས་བྱ་བ་འདི་འདྲ་བྱེད་ཀྱི་འདུག” བསམས་ན། རང་ཉིད་མ་སྐྱིད་པ་ག་ཚོད་ཡོང་གི་མ་རེད་དམ། གཞན་ཡང་། “རང་ཉིད་ནང་པ་ཞིག་ཡིན་ཁུལ་རེད། ཡིན་ནའང་ཆང་འཐུང་ནས་ར་བཟི་བ་དང་། ཁོང་ཁྲོ་ལངས་ནས་འཁྲུག་འཛིང་སོགས་ཤ་སྟག་བྱས་བསྡད་ན། མཐོང་སྣང་ལ་མི་མཛེས་པ་ཇི་ཙམ་ཡོང་གི་མ་རེད་དམ།” དེར་བརྟེན་གུས་ཞབས་དང་འཚེར་སྣང་གི་སྒོ་ནས་དྲན་པ་བསྟེན་དགོས་ཤིང་། ཚུལ་ཁྲིམས་དང་མཐུན་པའི་སྒོ་གསུམ་གྱི་བྱ་སྤྱོད་སྤེལ་དགོས་པ་ཡིན།

ཕྱོགས་བསྡོམས།

ང་ཚོ་ཚང་མར་དངོས་སུ་ཉམས་མྱོང་ཡོད་པ་ལྟར་སྒྲིག་ལམ་ནི། རང་ཉིད་ཀྱི་མི་ཚེ་ཡར་རྒྱས་གཏོང་བར་ཤིན་ཏུ་གལ་ཆེ་བའི་ཆ་རྐྱེན་ཞིག་ཡིན། ཀ་མད་ནས་ཡི་གེ་སྦྱོང་གི་ཡོད་ནའང་རེད། གཟུགས་པོའི་ལྗིད་ཚད་གཅོག་འཕྲི་བྱེད་ནའང་རེད། ཡིག་རྒྱུགས་ཆེད་སློབ་སྦྱོང་བྱེད་ནའང་རེད། ཁྲིམས་དང་སྒྲིག་ལམ་མེད་ན་དོན་དག་སྒྲུབ་རྒྱུ་དཀའ་ལས་ཁག་པོ་རེད།

ནང་ཆོས་ཀྱི་ཉམས་ལེན་བྱེད་པའི་སྐབས་སུ་ཡིན་ནའང་གཅིག་པ་གཅིག་རྐྱང་རེད། ཆོས་ཀྱི་ལམ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཆེད་དུ་ང་ཚོ་ལ་སྤྱོད་ལམ་དང་འབྲེལ་བའི་སྒྲིག་ཁྲིམས་ཤིག་དགོས་ཀྱི་ཡོད། གལ་སྲིད་ང་ཚོས་རང་གཞན་གཉིས་ཀར་དོ་འཁུར་བྱེད་ན། བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་རྒྱུན་ལྡན་དང་མི་འདྲ་བའི་བསམ་ཚུལ་ཁྱད་མཚར་པོ་ཞིག་མིན་པར། རྒྱུན་ལྡན་རང་བཞིན་དང་སྤྱིར་བཏང་གི་བསམ་ཤེས་སྤྱོད་དགོས་པའི་གནད་དོན་ཞིག་རེད། དགེ་བའི་སྤྱོད་ལམ་ལ་གཟབ་ནན་གྱིས་སྐྱེད་པར་བྱེད་པ་དང་གཞན་ལ་གནོད་མི་སྐྱེལ་བར་འབད་རྩོན་ཤུགས་ཆེར་བྱེད་པ་ཡིན་ན། དེ་རིང་དང་སང་ཉིན་འདི་དང་ཕྱི་མ་གཉིས་ཀའི་ནང་བདེ་སྐྱིད་ཀྱི་གཞི་རྟེན་དང་རྒྱུ་བསྐྲུན་གྱི་ཡོད།།

Top