སངས་རྒྱས་ཀྱི་གོ་འཕང་ཞེས་པ་དེ་ག་རེ་ཡིན་ནམ།

What is enligtment abhijeet gourav

སངས་རྒྱས་ཀྱི་གོ་འཕང་ངམ་སད་རྟོགས་ཀྱི་གོ་འཕང་ཞེས་པའི་དོན་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཟེར་ཞིང་། དེ་ནི་འགྲོ་བ་མིའི་ཡར་རྒྱས་དང་ནུས་པའི་རྩེ་ཕུད་དེ་ཡིན་པ་དང་། སངས་རྒྱས་པའི་ཆོས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡང་དེ་ཡིན། སའི་གོ་ལ་འདིའི་སྟེང་དུ་ཡོད་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ནུས་པ་དང་ལྡན་པ་ཡིན།

ད་ལྟ་ང་རང་ཚོ་སངས་རྒྱས་མ་རེད། དེ་ལས་ལྡོག་ཏེ་ང་ཚོའི་མི་ཚེའི་ནང་རྟག་པར་དཀའ་ངལ་དང་དགའ་སྡུག་གི་ཚོར་བ་གཅིག་རྗེས་གཉིས་མཐུད་ཀྱིས་མྱོང་བཞིན་ཡོད། ང་རང་ཚོ་འདི་འདྲའི་འཁར་ནས་ཡོད་པའི་རྒྱུ་མཚན་ནི། ང་རང་ཚོའི་སེམས་དེ་རང་བཞིན་གྱིས་དོན་མེད་བྱབ་ཆུང་གི་རིགས་ལ་ཚོད་དཔག་བྱེད་ནས་དེ་དངོས་པོའི་གནས་ལུགས་རེད་བསམ་ནས་ཡིད་ཆེས་བྱེད་པ་ཡིན། དེ་ལྟར་ང་ཚོས་བདེ་སྐྱིད་ངོ་མ་ཞིག་ཡོང་ས་རེད་བསམ་པ་བཞིན་ལས་ཀ་བྱེད་ནའང་། དེས་སྡུག་བསྔལ་ཁོ་ན་ལས་ཡོང་རྒྱུ་མེད།

༼ཚུལ་ཁྲིམས་ཞེས་པ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽

སྤྱིར་བཏང་ང་ཚོས། གཞན་ལ་ཤུགས་རྐྱེན་གང་འདྲ་སེ་ཐེབས་སྲིད་ཅེས་བསམ་ཞིབ་མེད་པའི་སྒོ་ནས་སོ་སོའི་འདོད་པ་ལྟར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། གལ་ཆེ་ཤོས་སུ་རྩི་བ་ནི། སོ་སོ་རང་ཉིད་འཇིག་རྟེན་ནང་གལ་ཆེ་ཤོས་དེ་ཡིན་པ་ཚོར་གྱི་ཡོད། བསམ་བློ་གཏོང་སྟངས་འདིའི་རིགས་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་མ་ཡིན་པར། དེ་ནི་རང་དོན་དོན་གཉེར་ཅན་ཞིག་ཡིན་པ་དང་། དེས་རང་གཞན་གཉིས་ཀར་མི་སྐྱིད་པ་བཟོ་བ་ཡིན། སངས་རྒྱས་པར་བྱེད་པ་ལ་ཐོག་མར།

  • ང་རང་ཚོའི་གཤིས་སྤྱོད་ལ་བརྟེན་ནས། རང་དང་གཞན་ལ་ཤུགས་རྐྱེན་གང་དང་གང་སྤྲད་ཀྱིས་ཡོད་པ་དེ་ཧ་གོ་བ་བྱས་ནས་གནོད་པའི་ལས་སྤོང་དགོས།
  • ཆོས་ཐམས་ཅད་དངོས་གནས་གང་འདྲ་སེ་ཡོད་པ་དེ་རྟོགས་པ་ལ་བརྟེན་ནས། སོ་སོའི་རྟོག་པའི་འཆར་སྣང་གིས་རང་ཉིད་ལ་ད་ནས་བཟུང་སྟེ་མགོ་སྐོར་གཏོང་བཅུག་རྒྱུ་མེད་པ་བཅས་ནས་འགོ་བཙུགས་དགོས་པ་ཡིན།

ང་རང་ཚོའི་སེམས་ཀྱི་འཆར་སྣང་ལ་ཡིད་ཆེས་བློ་གཏད་བྱེད་ཡག་དེ་མཚམས་བཞག་པའི་སྐབས་སུ་འཁྲུལ་སྣང་དེ་ལ་བརྟེན་ནས་བྱུང་བའི་ཁོང་ཁྲོ་དང་ཞེ་སྡང་། འདོད་རྔམ་དང་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་འགོག་ཐུབ་པ་ཡིན། དེ་ནས་ང་ཚོས་སླར་ཡང་། མི་དགེ་བའི་ཚོར་བའི་རིགས་ལ་ངང་ངམ་ཤུགས་ཀྱིས་འཇུག་པར་མི་བྱེད་པ་ཡིན། དེ་དག་ཐམས་ཅད་ལ་ཉེ་བར་འཁོར་བའི་ཆ་རྐྱེན་རྣམས་ནི།

  • བསམ་མེད་གླེན་རྟགས་ཀྱི་སྤྱོད་ལམ་དེ་སྤངས་པའི་ནུས་པ་དང་ལྡན་པའི་རང་སོ་སོའི་སྒྲིག་ལམ་ཚུལ་ཁྲིམས།
  • རྣམ་གཡེང་དང་ཡིད་སྨུགས་སྤང་པ་ལ་རྩེ་གཅིག་པའི་བསམ་གཏན།
  • ཕན་གནོད་བདེན་རྫུན་ལ་རྣམ་པར་འབྱེད་པའི་ཤེས་རབ།
  • བྱམས་སྙིང་རྗེ་ལྟ་བུའི་ཡོན་ཏན་བཟང་པོ་བསྐྱེད་པར་བྱེད་པ་ལས་ཆ་སྙོམས་པའི་སེམས་ཚོར་བཅས་སོ།།

དེ་དག་ལས་ང་ཚོར་སེམས་ལ་ཞི་བདེ་ཐོབ་ཀྱང་དེ་ཙམ་གྱིས་འགྲིག་མེད་པར། ད་དུང་ང་ཚོས་དངོས་པོའི་གནས་ལུགས་ལ་ཆོས་ཐམས་ཅད་གཅིག་ལ་གཅིག་ལྟོས་ཀྱི་རྟེན་འབྲེལ་ཡིན་པ་དེ་མཐོང་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་། ང་ཚོས་གཞན་ལ་ཕན་པ་བསྒྲུབ་སྟངས་ཡག་ཤོས་དེ་གང་ཡིན་ངེས་གཏན་ཞིག་ནམ་ཡང་ཡོང་གི་མེད།

དེ་འདྲ་ཞིག་ཡོང་བ་ལ་ང་ཚོའི་སེམས་དེ་ལེགས་ཉེས་རྟོག་པའི་འཆར་འགོད་ཐམས་ཅད་དང་་བྲལ་བའི་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པ་ཡིན། ང་རང་ཚོས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་གསལ་པོར་མཐོང་བ་ལ་བརྟེན་ནས་གཞན་ལ་ཕན་གང་འདྲ་སེ་བཏགས་དགོས་མིན་དེ་ཏག་ཏག་ཤེས་པ་ཡིན། ང་རང་ཚོའི་ལུས་པོ་འདི་ལ་ཚད་མེད་པའི་ནུས་པ་ཡོད་པ་ཡིན། ང་ཚོས་མི་སུ་འདྲ་ཞིག་ཡིན་རུང་ཚང་མ་དང་མཉམ་དུ་ཡང་དག་པའི་སྒོ་ནས་འབྲེལ་བ་བྱེད་ཐུབ་པ་དང་། ང་རང་ཚོའི་སེམས་ཀྱིས། ཆོས་ཐམས་ཅད་ཆ་ཚང་བ་ཞིག་རྟོགས་ཐུབ། སེམས་ཅན་རེ་རེ་བཞིན་རང་ཉིད་ཤིན་ཏུ་བརྩེ་བའི་ཕྲུ་གུ་གཅིག་པུ་བ་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་འདྲ་མཉམ་གྱི་བྱམས་པ་དང་སྙིང་རྗེ། དེ་བཞིན་སེམས་འཁུར་ཧ་ཅང་ཆེན་པོ་ཞིག་སྐྱེ་བ་ཡིན། ༼སྙིང་རྗེ་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽ ང་ཚོས་གཞན་ལ་ཕན་ཐོགས་པའི་ཆེད་དུ་ཚུར་གཅིག་རག་ཡོང་བསམ་པའི་རེ་བ་རྩ་ནས་མེད་པར་ལས་ཀ་བྱེད་པ་དང་། མཐར་ང་ཚོ་སངས་རྒྱས་པའི་སྐབས་སུ་བཟོད་སྒོམ་མེད་པའམ་ཁོང་ཁྲོ་ཟ་བ་དང་། མི་གཞན་ལ་ཞེན་ཆགས་སྐྱེ་བའམ། ཡང་ན་རང་ཉིད་ཧ་ཅང་བྲེལ་འཚུབ་ཆེ་ཞིང་ཡིད་ཐང་ཆད་པའི་རྒྱུ་མཚན་གྱིས་གཞན་དག་ལ་སྣང་མེད་གཏང་བ་སོགས་ཡོང་མི་སྲིད་པ་ཡིན།

སངས་རྒྱས་ཡིན་པའི་ཆ་ནས། ཐམས་ཅད་མཁྱེན་པ་ཞིག་ཀྱང་ཡིན། ཡིན་ནའང་། འཇིག་རྟེན་བཀོད་པ་པོ་ལྟ་བུ་ཐམས་ཅད་མཐུ་ལྡན་ཞིག་ནི་མ་ཡིན། གཞན་གྱི་སྡུག་བསྔལ་དེ་ང་ཚོས་སྤང་མི་ཐུབ་ཀྱང་ང་ཚོས་ཆོས་ཁྲིད་པ་དང་མིག་ལྟོས་འོས་པའི་སྒོ་ནས་གཞན་དག་ལ་ལམ་དེ་སྟོན་ཐུབ་པ་ཡིན། དེ་ལྟ་བུའི་ལམ་དེ་བརྒྱུད་དེ་སངས་མ་རྒྱས་ཀྱི་བར་དུ་འགྲུལ་བཞུད་བྱེད་པ་ལ་ག་རེ་དགོས་ཞེ་ན།

  • དགེ་བའི་ལས་ཀྱི་ཚོགས་དཔག་ཏུ་མེད་པ་ཞིག་གསོག་དགོས། དེ་ཡང་ང་རང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རང་དོན་བློས་བཏང་གི་སྒོ་ནས་གཞན་ལ་ཕན་བཏགས་དགོས།
  • དོན་དམ་པའམ་དངོས་པོའི་གནས་ལུགས་དེ་རྟོགས་པར་བྱེད་དགོས། དེ་ཡང་འཇིག་རྟེན་འདིའི་སྟེང་དུ་དོན་མེད་བྱབ་མེད་ཀྱི་རྟོག་འཆར་འགོད་པ་དེ་བཀག་དགོས།

ང་རང་ཚོ་ཚང་མ་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུ་དེ་གསོག་པ་ལ་ཕྱིའི་ལུས་དང་ནང་འགྲོ་བ་མིའི་བློ་གྲོས། དེ་བཞིན་དུ་ལས་དོན་བྱེད་ཐུབ་པའི་རྒྱུ་ཆ་དེ་ཚང་བསྡད་ཡོད། དཔེར་ན། ང་རང་ཚོའི་སེམས་ཀྱི་རང་བཞིན་ངོ་མ་དེ་རྣམ་པར་རྟོག་པ་དང་ཉོན་མོངས་པའི་འབགས་བཙོག་གིས་མ་གོས་པ་ནམ་མཁའ་ལྟ་བུ་ཡིན། གང་ལྟར་ང་ཚོས་ག་རེ་བྱེད་དགོས་རེད་ཅེ་ན། དེ་ནུས་པ་ཆ་ཚང་བ་ཞིག་ཏུ་འགྱུར་བ་ལ་ཡར་རྒྱས་གོང་འཕེལ་གཏང་དགོས་པ་ཡིན། སངས་རྒྱས་ཀྱི་གོ་འཕང་དེ་སླེབས་མི་སྲིད་པའི་དམིགས་ཡུལ་ལྟ་བུ་མཐོང་སྲིད་ལ། དེ་འཐོབ་པ་ལ་དཀའ་ལས་ཆེན་པོ་ཡོད། ད་བར་སུས་ཀྱང་དེ་འཐོབ་པར་ལས་སླ་པོ་ཞིག་ཡོད་ཚུལ་བརྗོད་མེད། ཡིན་ནའང་དམིགས་ཡུལ་དེ་ལྟ་བུ་ཞིག་ཟིན་པ་ལ་བརྟེན་ནས་ང་རང་ཚོའི་མིཚེ་ལ་ཧང་སང་དགོས་པའི་དོན་གོ་ཆོད་པ་ཡོང་གི་ཡོད། ང་རང་ཚོ་གཞན་ཐམས་ཅད་དང་མཉམ་དུ་རྟེན་ཅིང་འབྲེལ་བ་ཡིན་པ་དེ་ཤེས་རྟོགས་བྱུང་དུས། ང་རང་ཚོ་སོ་སོ་རང་ཉིད་ལ་ཡིད་མུག་དང་སེམས་འཚབ་མི་ཡོང་བའི་སྲུང་སྐྱོབ་བྱེད་པ་ཡིན། དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་དཀའ་ཉེན་ཆེ་ཤོས་ཀྱི་བྱ་བར་ཞུགས་པ་དང་། ང་ཚོའི་མི་ཚེ་ཆ་ཚང་བ་ཞིག་ཏུ་གྱུར་བ་ཡིན་ནོ།།

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “སངས་རྒྱས་ཀྱི་གོ་འཕང་། དེ་འཐོབ་པར་གང་དགོས་སམ།”
Top