ནང་ཆོས་ནང་སྨོན་ལམ་ཟེར་བ་དེ་གང་རེད་དམ།

Study buddhism prayer 02

དེ་ཡང་སུ་མེ་རི་ཡན་ལྷ་ཁང་ (Sumerian) གི་བསྟོད་དབྱངས་ནས་གནའ་བོའི་ཨི་ཇིཔྟ་ལུགས་ཀྱི་བྱེད་པོ་དཀོན་མཆོག་གི་གཟུངས་སྔགས་བར་དུ་འགྲོ་བ་མིའི་དཔལ་ཡོན་གྱི་རྩོམ་རིག་འཚོ་གནས་རྙིང་ཤོས་འགའ་ཞིག་ནི་སྨོན་ལམ་དང་འབྲེལ་བ་ཆགས་ཀྱི་ཡོད། དེང་སང་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ནང་སྨོན་ལམ་གྱི་གྲུབ་ཆ་འགའ་ཞིག་ཡོད་པ་རེད། ཡེ་ཤུ་དང་། ཁ་ཆེ། འཇིའུ་ཆོས་ལུགས་བཅས་ཀྱིས་བྱེད་པོ་དཀོན་མཆོག་ལ་སྨོན་ལམ་འདེབས་པ་དང་། ཧིནྡུའུ་ཆོས་ལུགས་ལྟ་བུར་མཚོན་ན་གསོལ་བ་དང་སྨོན་ལམ་འདེབས་ཡུལ་གྱི་བྱེད་པོ་དཀོན་མཆོག་སྣ་ཚོགས་པ་གདམ་ཀ་བྱེད་ཀྱི་ཡོད། ཕྱིའི་ཆ་ནས་ཞུས་ན་ནང་པ་སངས་རྒྱས་པ་ནི་དེ་དག་དང་གཅིག་མཚུངས་ལས་ཁྱད་པར་མེད་པ་ལྟ་བུ་ཞིག་ཏུ་སྣང་གི་ཡོད། ནང་པའི་རྒྱལ་ཁབ་ཕལ་ཆེར་ཚང་མའི་ནང་དགོན་པ་དང་ལྷ་ཁང་ཞིག་མཇལ་དུ་ཕྱིན་ན། མཇལ་ཁ་ཞུ་མཁན་འཚང་ཁ་ཤིག་ཤིག་ཡིན་པ་དང་ཚང་མས་ལག་གཉིས་ཐལ་མོ་སྦྱར་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་ཁ་ཏོན་རིགས་བྱེད་པ་ཁྱེད་ཀྱི་མཐོང་གི་རེད། ང་ཚོས་ཨིན་སྐད་ནང་ཕྲེང་བ་དང་། མ་ཎི་འཁོར་ལོ། རླུང་རྟ་དར་ལྕོག་བཅས་བསྒྱུར་ཡོད་པ་དེ་དག་ནི་བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་ཡོད་མཁན་ཚོས་མཁྱེན་གསལ་རེད། 

སྨོན་ལམ་འདེབས་པ་ལ་ཆ་རྐྱེན་གསུམ་ཡོད་དེ། སྨོན་ལམ་འདེབས་མཁན་གྱི་གང་ཟག་དང་། གང་ལ་སྨོན་ལམ་འདེབས་ཡུལ། གང་གི་ཆེད་དུ་སྨོན་ལམ་འདེབས་པ་བཅས་རེད། དེར་བརྟེན་ནང་ཆོས་ཀྱི་ནང་སྨོན་ལམ་ཞེས་པའི་དྲི་བ་དེ་ནི་རྙོག་འཛིངས་ཅན་ཞིག་རེད། གང་ལྟར་ཡང་། འཇིག་རྟེན་བྱེད་པོ་ཁས་མི་ལེན་པའི་ལྷ་མེད་སྨྲ་བའི་ཆོས་ལུགས་ཚོས་ནང་པའི་སྨོན་ལམ་དེ་སུ་ལ་འདེབས་ཀྱི་ཡོད་པ་དང་དེ་གང་གི་ཆེད་དུ་འདེབས་ཀྱི་ཡོད་དམ། གལ་ཏེ་ང་ཚོ་ལ་བྱིན་རླབས་གནང་མཁན་ཞིག་མེད་ན། སྨོན་ལམ་འདེབས་པའི་དགོས་དོན་གང་རེད་དམ་ཞེས་དྲི་བ་ཡོང་སྲིད། ནང་པ་ཚོ་ལ་མཚོན་ན། དྲི་བ་གནད་འགགས་ཆེན་པོ་དེ་གང་རེད་ཅེ་ན། “ང་ཚོའི་དཀའ་ངལ་དང་སྡུག་བསྔལ་རྣམས་གཞན་ཞིག་གིས་སེལ་ཐུབ་བམ་” ཞེས་པ་དེ་རེད། 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་འགྱུར་བ་འགྲོ་བའི་ཆེད་དུ་སྨོན་ལམ་འདེབས་པ་ཙམ་གྱིས་འགྲིག་ངེས་ཤིག་མིན་པར། དངོས་སུ་ལག་བསྟར་བྱེད་དགོས་ཞེས་གསུངས་ཡོད། 

སངས་རྒྱས་ཀྱི་ཞལ་ནས། ང་ཚོ་སུ་འདྲ་ཞིག་ཡིན་ནའང་འདྲ། ཐ་ན་སངས་རྒྱས་ཉིད་ཀྱིས་མཁྱེན་རྒྱ་དང་ནུས་པ་ཡོངས་སུ་རྫོགས་པས་ང་ཚོའི་དཀའ་ངལ་རྣམས་སེལ་མི་ཐུབ། དེ་ནི་མི་སྲིད་པ་ཞིག་རེད་ཅེས་གསུངས་ཡོད། ང་ཚོས་རང་གིས་རང་ལ་འགན་འཁུར་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་དཀའ་ངལ་དང་སྡུག་བསྔལ་མྱོང་འདོད་མེད་ན། ང་ཚོས་དེ་དག་གི་རྒྱུ་རྣམས་སྤོང་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་བདེ་སྐྱིད་མྱོང་འདོད་ཡོད་ན། ང་ཚོའི་ངོས་ནས་བདེ་སྐྱིད་ཀྱི་རྒྱུ་རྣམས་སྐྲུན་དགོས་ཀྱི་ཡོད། ནང་པའི་ལྟ་ཚུལ་ལྟར་བྱས་ན། ང་ཚོས་བདེ་སྐྱིད་དེ་ནི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་སྒོ་ནས་ཐོབ་ཐུབ། ང་ཚོར་ཐོབ་འདོད་ཡོད་པའི་མི་ཚེ་ཞིག་སྐྲུན་པའི་ཆེད་དུ་སོ་སོའི་སྤྱོད་ལམ་དང་བསམ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ནི་མཐའ་གཅིག་ཏུ་སོ་སོ་རང་ཉིད་ལ་རག་ལུས་ཡོད། 

ནང་པ་ཚོས་སུ་ལ་སྨོན་ལམ་འདེབས་ཀྱི་ཡོད་དམ།

ང་ཚོས་མི་རྣམས་ཀྱིས་སྐུ་འདྲའི་རིགས་ལ་ཕྱག་འཚལ་བ་དང་། ལྷ་ཁང་ནང་བདུག་སྤོས་འབུལ་བ། འདུ་ཁང་ནང་ཚིགས་བཅད་སོགས་ཁ་ཏོན་བྱེད་པ་སོགས་མཐོང་བའི་སྐབས། ཁོང་ཚོས་ག་རེ་གསོལ་བ་འདེབས་ཀྱི་ཡོད་པ་དང་ཁོང་ཚོས་སུ་ལ་སྨོན་ལམ་འདེབས་ཀྱི་ཡོད་དམ། སྨོན་ལམ་འདེབས་པའི་སྐབས་སུ་ “སངས་རྒྱས་ཤཱཀྱ་ཐུབ་པ་མཁྱེན། བདག་ལ་མོ་ཊ་མིར་སེ་ཌིས྄་ (Mercedes) གཅིག་གནང་རོགས་” ཞེས་དང་།  “སངས་རྒྱས་སྨན་གྱི་ལྷ། ཐུགས་རྗེས་གཟིགས། ངའི་ནད་འདི་དྲག་པར་གནང་རོགས་” ཞེས་བསམ་མཁན་གྱི་མི་ཡོད་སྲིད། ནང་པའི་བླ་མ་དགེ་བའི་བཤེས་གཉེན་ཕལ་མོ་ཆེས་འདི་ལྟ་བུའི་སྨོན་ལམ་ལ་ཕན་ཡོན་ཉུང་ངུ་ལས་མེད་ཅེས་གསུང་གི་རེད། 

དེ་ལས་ལྡོག་སྟེ། ནང་ཆོས་ཀྱི་ནང་ང་ཚོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རང་ཉིད་ཡར་རྒྱས་བཏང་ནས་སོ་སོའི་བདེ་སྐྱིད་ཀྱི་རྒྱུ་རྣམས་སྐྲུན་ཐུབ་པ་དང་གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་ཐུབ་པའི་ཆེད་སེམས་བསྐུལ་དང་ནུས་ཤུགས་སྤེལ་བའི་དོན་དུ་སྨོན་ལམ་འདེབས་ཀྱི་ཡོད། དེ་ནི་ཁོང་རྣམ་པས་རྫུ་འཕྲུལ་གྱི་དབྱུག་གུ་ཞིག་གཡབ་གཡུག་མཛད་ནས་གློ་བུར་དུ་ང་ཚོ་ལ་ནུས་མཐུ་དམིགས་བསལ་ཞིག་སྐྱེ་གི་ཡོད་པ་དེ་འདྲ་མིན། ཡིན་ནའང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་དཔེ་ལ་བསམ་བློ་བཏང་ནས་ཁོང་རྣམས་ང་ཚོའི་མིག་དཔེ་ལྟ་ས་ཞིག་ཡིན་པ་དང་། ང་ཚོས་ཀྱང་ “ངས་དེ་ལྟར་བྱེད་ཐུབ་” ཅེས་གདེང་ཚོད་ཆེན་པོ་ཞིག་བསླེབ་ཀྱི་ཡོད། 

དཔེར་ན། མདོ་འདོན་པ་དང་། གཟུངས་སྔགས་བསྐྱར་ཟློས་བྱེད་པ། དེ་བཞིན་ཡི་དམ་གྱི་ལྷ་རྣམས་དམིགས་རྣམ་དུ་བྱེད་པ་ལྟ་བུ་ནང་པའི་སྨོན་ལམ་གྱི་བྱེད་སྒོ་ཁག་དེ་དག་ཐམས་ཅད་ནི་སོ་སོའི་ནང་སེམས་ཀྱི་ནུས་པ་སྟེ། སྙིང་རྗེ་དང་། ཧུར་བརྩོན། བཟོད་པ་ལ་སོགས་པ་དགེ་བའི་སེམས་ཚོར་གྱི་རིགས་སྐྱེད་པར་བྱེད་པ་དང་། གཞན་ལ་ཕན་འདོགས་པའི་དགེ་བའི་ལས་ལ་འཇུག་པ་དང་འབྲེལ་བ་ཆགས་ཀྱི་ཡོད།

ཡན་ལག་བདུན་གྱི་སྨོན་ལམ།

ཡོངས་སུ་གྲགས་པའི་ཉམས་ལེན་ཞིག་ནི་ཡན་ལག་བདུན་གྱི་སྨོན་ལམ་ཡིན་པ་རེད། དེའི་ནང་དུ་ནང་པའི་ལམ་གྱི་སྙིང་པོ་རྣམས་བསྡུས་ཡོད། དེ་ལ་ཡན་ལག་གམ་ཆ་ཤས་སྡེ་ཚན་བདུན་ཡོད་པ་དང་དེ་དག་རེ་རེ་ལ་ནུས་པ་དམིགས་བསལ་རེ་ཡོད།

༡༽ དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །
༢༽ འཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །
༣༽ ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་བསྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །
༤༽ སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པ་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ། །
༥༽ ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། །
༦༽ རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་དགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །
༧༽ དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །
  • སྨོན་ལམ་འདིའི་ཡན་ལག་དང་པོ་ནི་ཕྱག་འཚལ་བ་སྟེ། ང་ཚོས་སངས་རྒྱས་རྣམས་ལ་སྙིང་རྗེ་དང་། བྱམས་པ། ཤེས་རབ་གང་མངའ་ཐམས་ཅད་ལ་གུས་པའི་རྟགས་སུ་ཕྱག་འཚལ་གྱི་ཡོད། ཕྱག་འཚལ་བའི་སྐབས་སུ་ང་ཚོས་སོ་སོའི་ལུས་ཀྱི་ཆ་ཤས་མཐོ་ཤོས་མགོ་བོ་དེ་སའི་སྟེང་དུ་འདུད་པ་དེས་ང་ཚོའི་ང་རྒྱལ་དང་བྲལ་ཞིང་སྙེམ་ཆུང་སྐྱེད་པར་ཕན་གྱི་ཡོད། 
  • དེ་ནས་མཆོད་པ་འབུལ་བ་སྟེ། ནང་པ་མང་པོས་ཡོན་ཆབ་འབུལ་གྱི་ཡོད་ནའང་། འབུལ་རྫས་དེ་ཧ་ཅང་གལ་ཆེན་པ་མིན། གལ་གནད་ཆེ་བ་དེ་གང་རེད་ཅེ་ན། སྦྱིན་པའི་ཀུན་སློང་ཟེར་བ་དེ་རེད། དཔེར་ན། ང་ཚོའི་དུས་ཚོད་དང་། རྩོལ་བ། ནུས་པ། དེ་ག་ནང་བཞིན་རྒྱུ་དངོས་ལྟ་བུ་རེད། དེས་ང་ཚོ་འདོད་ཆགས་ལས་ཐར་བར་ཕན་གྱི་ཡོད།
  • གསུམ་པ་ནི། བཤགས་པ་སྟེ་ང་ཚོས་སོ་སོའི་སྐྱོན་གྱི་ཆ་དང་ནོར་འཁྲུལ་རྣམས་ངོས་ལེན་བྱེད་ཀྱི་ཡོད། ང་ཚོ་སྐབས་རེར་ལེ་ལོ་ཅན་དང་རང་འདོད་དོན་གཉེར་ཅན་ཆགས་ཀྱི་ཡོད་སྲིད་ལ་སྐབས་འགར་ཧ་ཅང་གནོད་བྱེད་ཀྱི་མི་དགེ་བའི་ལས་བྱེད་ཀྱི་ཡོད། ང་ཚོས་དེ་དག་ངོས་ལེན་བྱེད་པའི་སྒོ་ནས་འགྱོད་པ་སྐྱེ་བ་དང་ནོར་འཁྲུལ་དེ་ག་རང་འཇགས་ཡང་བསྐྱར་མི་བྱ་རྒྱུའི་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་མུ་མཐུད་མདུན་སྐྱོད་བྱེད་དགོས། འདི་ནི་ལས་མི་དགེ་བའི་སྐུལ་སློང་གི་དབང་འོག་ཏུ་ཚུད་པ་ལས་ཐར་བའི་ཆ་ཤས་ཤིག་ཡིན་པ་རེད།
  • དེ་ནས་ང་ཚོས་རྗེས་སུ་ཡི་རང་ཐོག་དགའ་བ་བསྒོམ་དགོས། ང་ཚོས་སོ་སོ་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་གྲུབ་འབྲས་ཐོན་པའི་ལས་ཀ་བཟང་པོ་དང་གཞན་གྱིས་དགེ་བའི་ལས་ཧ་ཅང་རླབས་པོ་ཆེ་བྱས་པ་དེ་དག་ཐམས་ཅད་ལ་བསམ་བློ་གཏོང་དགོས། དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་དག་ལའང་བལྟ་དགོས། དེ་ལ་བརྟེན་ནས་ཕྲག་དོག་མི་སྐྱེ་བར་ཕན་གྱི་ཡོད།
  • དེ་ནས་ང་ཚོས་ཆོས་གསུང་བར་བསྐུལ་བ་དེ་རེད། དེ་ལ་བརྟེན་ནས་ང་ཚོའི་སེམས་ནང་གོ་ཤེས་ཅན་གྱི་སེམས་ཀྱི་གནས་བབས་ཤིག་སྐྲུན་གྱི་ཡོད། དེ་ནི་ང་ཚོས་ “སྦྱོང་འདོད་ཡོད་པ་དང་རང་གཞན་གཉིས་ཀའི་དོན་དུ་བདེ་སྐྱིད་སྐྲུན་འདོད་ཡོད་” ཅེས་བརྗོད་ཀྱིན་ཡོད། 
  • དེ་ནས་ང་ཚོས་བླ་མ་དགེ་བའི་བཤེས་གཉེན་རྣམས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དེ་རེད། འདིའི་སྔོན་གྱི་ཡན་ལག་གི་ནང་ང་ཚོ་ཆོས་ལ་གུ་ཡངས་ཀྱི་སྒོ་ནས་ཤེས་འདོད་དང་སྦྱོང་འདོད་ཡོད་པ་རེད། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་རྣམས་ང་ཚོ་དང་ཁ་མི་བྲལ་བར་ང་ཚོ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ཆོས་གསུང་རོགས་ཞེས་གསོལ་བ་འདེབས་ཀྱི་ཡོད།
  • མཐར་ང་ཚོ་ལ་རིམ་པ་གལ་ཆེ་ཤོས་དེ་ཡོད་དེ། དེ་ནི་བསྔོ་བ་རེད། ང་ཚོས་རང་གིས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གང་བསགས་པ་དེ་དག་སོ་སོ་རང་ཉིད་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བསྔོ་བ་བྱེད་ཀྱི་ཡོད། 

ང་ཚོས་སྨོན་ལམ་འདི་ལས་ཤེས་ཐུབ་པ་ལྟར། ནང་ཆོས་ནང་གི་དམིགས་ཡུལ་ནི་ཕྱི་རོལ་གྱི་གང་ཟག་ལྟ་བུ་ཞིག་ཧོབ་དེ་མར་རྒྱུག་ནས་ང་ཚོའི་དཀའ་ངལ་ཡོད་དོ་ཅོག་ལས་སྐྱོབས་པར་བྱེད་པ་ཞིག་མིན། དེ་ཡང་ “ཁྱེད་ཀྱིས་རྟ་ཆུ་ཁར་ཁྲིད་ཐུབ་ཀྱང་། ཆུ་འཐུང་དུ་འཇུག་མི་ཐུབ་” ཟེར་བའི་གཏམ་དཔེ་ནང་བཞིན་རེད། ཕྱོགས་གཞན་ཞིག་ནས་ཞུས་ན་སངས་རྒྱས་རྣམས་ཀྱིས་ང་ཚོར་ལ་ལམ་དེ་སྟོན་གྱི་ཡོད། ང་ཚོས་འབད་བརྩོན་བྱས་ནས་འདོད་ཆགས་དང་མ་རིག་པ་ལས་ཐར་བར་བྱེད་དགོས་ཤིང་། ང་ཚོ་ཚང་མ་ལ་ཡོད་པའི་འཛད་མཐའ་མེད་པའི་དགེ་བའི་ནུས་པ་སྐྱེད་པར་བྱེད་དགོས།

མཇུག་སྡོམ།

ཕྱིའི་ཆ་ནས་ནང་ཆོས་ཀྱི་ནང་ཆོ་ག་ཕྱག་ལེན་དང་འབྲེལ་བའི་སྨོན་ལམ་གྱི་རིགས་ཡོད། དེའི་བློའི་ཁྱེར་སོ་ནི་ཕྱི་རོལ་གྱི་གང་ཟག་ལྟ་བུ་ཞིག་ལ་ང་ཚོའི་ཉིན་རེའི་མི་ཚེའི་ནང་རོགས་མགོན་ཆེད་ཞུ་བ་རྒྱག་པ་ཞིག་མིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ང་ཚོའི་མིག་དཔེ་ལྟ་ས་ཡང་དག་པ་དེ་ཡིན་པ་དང་དེ་དག་གིས་ང་ཚོ་ད་ལྟ་གང་དུ་ཡོད་པ་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ལམ་དེ་སྟོན་གནང་གི་ཡོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་འདེབས་པ་ལ་བརྟེན་ནས་ང་ཚོ་ལ་སེམས་སྐུལ་ཐེབས་པ་དང་རང་རྒྱུད་ཀྱི་ཚད་མེད་པའི་སྙིང་རྗེ་དང་། བྱམས་པ། ཤེས་རབ་ལ་སོགས་པའི་ནུས་པ་དེ་དག་སད་ཀྱི་ཡོད།། 

Top