བདེ་སྐྱིད་ཅེས་པ་ནི་ཕུགས་རྒྱང་རིང་པོའི་བདེ་ཐང་གི་གནས་སྟངས་ཤིག་དང་། སེམས་ཀྱི་ཞི་བདེ་དང་། རང་ཉིད་ཀྱི་མི་ཚེ་ལ་ཚིམ་པ་ཞིག་སྟེ། ང་རང་ཚོ་ཚང་མས་དུས་རྟག་ཏུ་འཚོལ་བཞིན་པ་དེ་ཡིན། ཐ་ན་བདེ་སྐྱིད་ཀྱི་མྱོང་བའམ་བྲོ་བ་ཉུང་ཉུང་ཙམ་ཞིག་ང་ཚོ་ལ་ཡོད་པའི་སྐབས་སུ་དེ་མུ་མཐུད་དེ་ང་ཚོ་ལ་གཏན་དུ་ཡོད་པར་འདོད་ཀྱི་ཡོད།
མི་རྣམས་གནས་སྐབས་ཀྱི་དགའ་བདེ་ཙམ་དེ་བདེ་སྐྱིད་ཡིན་པར་ཡང་སེ་འཁྲུལ་བཞིན་ཡོད། ང་ཚོས་དུས་རྒྱུན་གལ་ཏེ་ཟས་ཞིམ་པོ་ཟ་བ་དང་། གོས་གོང་ཆེན་གྱོན་པ་དང་། དུས་རྟག་ཏུ་སྤྲོ་སྐྱིད་འདྲ་གཏང་ནས་བསྡད་ན་ང་ཚོ་སྐྱིད་པོ་ཡོང་གི་རེད་བསམ་གྱི་ཡོད། འོན་ཀྱང་དེ་འདྲ་ཞིག་ནམ་ཡང་ཡོང་གི་མེད། ཡང་གལ་ཏེ་ང་ཚོའི་དགོས་མཁོ་དང་འདོད་མོས་གང་ཡོད་པ་ཐམས་ཅད་ལ་ཚིམ་པར་བྱས་ན་ང་ཚོ་སྐྱིད་པོ་ཡོང་གི་རེད་ཅེས་པའི་བསམ་བློ་ཞིག་འཁོར་གྱི་ཡོད། ཡིན་ནའང་དངོས་ཡོད་གནས་སྟངས་ཐོག་ལ་རང་ཁོ་ནའི་དོན་དུ་སེམས་འཁུར་བྱེད་པ་དེས་ཁེར་རྐྱང་དང་ཡིད་སེམས་ངལ་བའི་གནས་སྟངས་ཀྱི་ཕྱོགས་སུ་འཁྲིད་ཀྱི་ཡོད།
ང་རང་ཚོ་རྣམ་རྟོག་དང་སེམས་ཚོར་མཉམ་དུ་གཅིག་པུར་ལུས་བསྡད་པ་དེ་མཚམས་མཚམས་སེམས་མི་སྐྱིད་པ་ཡོང་གི་ཡོད། དེ་འདྲ་སོང་ཙང་། གཞས་དང་ཞབས་བྲོ། གློག་ཀླད་ནང་གི་རྩེད་མོའི་རིགས། ཟས་ཞིམ་པོ་དང་འཁྲིག་སྤྱོད། སོ་སོའི་མི་ཚེའི་མདུན་ལམ་བཅས་ལ་སེམས་གཡེང་བར་བྱེད་པ་ཡིན། འོན་ཀྱང་དེ་དག་གིས་ང་རང་ཚོ་གཞན་དང་མཉམ་དུ་འབྲེལ་བ་ཡག་པོ་ཞིག་མཐུད་ཐུབ་པ་ཡོང་གི་མེད་ལ། དངོས་གནས་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཀྱང་སྤྲད་ཀྱི་མེད།
བདེ་ཞིང་སྐྱིད་པ་ཞིག་ཡོང་བ་དང་གཞན་དང་འབྲེལ་བ་མཐུད་པར་འདོད་ནས་ང་ཚོ་ཡང་སེ་སྤྱི་ཚོགས་བརྒྱུད་ལམ་གྱི་ཕྱོགས་སུ་ཁ་བསྒྱུར་གྱིན་ཡོད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤྱོད་པའི་རང་ཉིད་རང་ལ་རྒྱག་པའི་འདྲ་པར་ལ་དགའ་རྟགས་རག་པ་དང་གྲོཌ་པོས་བསམ་ཚུལ་གྱི་ཕྲིན་ཡིག་ཡག་པོ་བྲིས་པ་ལས་ང་ཚོ་ལ་གློ་བུར་གནས་སྐབས་ཙམ་གྱི་བདེ་བ་ཞིག་འཐོབ་སྲིད་ཀྱང་། དེས་ད་དུང་མང་དུ་མང་དུ་དགོས་པ་བཟོ་བ་ལས་འདོད་པ་ཚིམ་པ་ཞིག་མི་ཡོང། ང་ཚོས་རྒྱུན་ཆད་མེད་པར་ལག་ཐོགས་ཁ་པར་ལ་སྔོག་བཤེར་བྱེད་ཀྱིས་ཡོད་ལ། རེ་འདོད་ངང་ནས་མྱོས་རྫས་ཀྱི་རིགས་ལ་ངན་གོམས་ཤོར་བ་ལྟར། རྗེས་ཀྱི་ལན་དེ་ག་དུས་རག་ཡོང་བསམ་བཞིན་སྒུག་ནས་བསྡད་ཀྱི་ཡོད། ཡིན་ནའང་དགའ་རྟགས་དང་འཕྲིན་ཡིག་ག་ཚོད་འབྱོར་ཡོད་མེད་ལ་མ་ལྟོས་པར་མཐར་ང་ཚོ་གཞན་དང་འབྲེལ་བ་དེ་ཙམ་བྱུང་མེད་པའི་ཚོར་བ་ཞིག་གི་ནང་རྫོགས་འགྲོ་བ་ཡིན།
སངས་རྒྱས་ཀྱིས། བདེ་སྐྱིད་ངོ་མའི་འབྱུང་ཁུངས་གཙོ་བོ་ནི་གཞན་ལ་གཅེས་པར་འཛིན་པ་དེ་ཡིན་པར་གསུངས་ཡོད། དེ་ནི། ང་ཚོས་གཞན་ལ་ཕན་པ་དང་བདེ་བའི་ཆེད་དུ་སྙིང་ཁོང་རུས་པའི་གཏིང་ནས་སེམས་འཁུར་ཞིག་བྱེད་པའི་སྐབས་སུ་ང་རང་ཚོའི་སེམས་ནང་སྤྲོ་བ་འཕེལ་བ་དང་ངོ་ལྐོག་གཡོ་ལྷད་མེད་པའི་སྒོ་ནས་གཞན་དང་འབྲེལ་བ་མཐུད་པ་ཞིག་ཆགས་ཀྱི་ཡོད། དེ་བཞིན་དུ་སོ་སོ་རང་ཉིད་ལ་བཅོས་མིན་བདེ་ཐང་གི་ཚོར་སྣང་ཞིག་ཡོང་བ་ཡིན། དེར་མ་ཟད་ང་རང་ཚོའི་ལུས་པོའང་བདེ་ཐང་དུ་འགྲོ་བར་ཚོར་གྱི་རེད། གཞན་གྱི་བདེ་སྐྱིད་ལ་སེམས་འཁུར་བྱེད་སྐབས་ང་རང་ཚོས། ཁོ་ཚོ་ལ་རོགས་པ་གང་ཐུབ་ཅི་ཐུབ་བྱེད་ཡག་གི་ཐབས་ཤེས་བྱེད་པ་དང་། གནོད་སྲིད་པའི་ལས་གང་འདྲ་ཞིག་ཡིན་ན་དེ་མི་བྱེད་པ་ཡིན། འདི་འདྲའི་སྒོ་ནས་ཡིད་གཏད་བཅོལ་འོས་ཀྱི་གྲོགས་པོ་བསྐྲུན་པ་དང་། དེ་ལས་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་བྱེད་པ་ཡིན། སེམས་ཚོར་གྱི་དཀའ་སྡུག་ལ་སོ་སོའི་ནང་མི་དང་གྲོགས་པོའི་རྒྱབ་རྟེན་རམ་འདེགས་ལ་བརྟེན་ནས། ང་ཚོས་མི་ཚེའི་ནང་གནས་སྟངས་གང་འདྲ་ཞིག་བྱུང་ནའང་དེ་ལ་གདོང་ལེན་བྱེད་པའི་ནུས་ཤུགས་ཤིག་རྙེད་པ་ཡིན།
༼བྱམས་པ་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽
གཞན་གྱི་བདེ་སྐྱིད་ཀྱི་ཆེད་དུ་དངོས་གནས་དྲང་གནས་སེམས་འཁུར་ཞིག་མ་བྱེད་གོང་ལ་ང་རང་ཚོ་རང་ཉིད་ནས་འགོ་བཙུགས་དགོས་པ་ཡིན། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་དོན་དུ་ཡིད་སྨོན་ཞིག་བྱེད་མི་ཐུབ་པ་ཡིན་ན། མི་གཞན་དག་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བ་ལ་ང་ཚོས་ཡིད་སྨོན་གང་འདྲ་སེ་བྱེད་ཐུབ་བམ། སངས་རྒྱས་པའི་ཆོས་ཀྱི་ནང་དུ་བདེ་སྐྱིད་དང་ལྡན་པར་ཡོང་བའི་ཡིད་སྨོན་དེ་ནི་ཡོངས་སྒྲིལ་གྱི་གཅིག་མཚུངས་ཞིག་ཡིན།
དེ་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས། བདེ་སྐྱིད་ནི་ནང་སེམས་ཀྱི་ཞི་བདེ་ལ་རག་ལས་ཡོད། ནང་སེམས་ཀྱི་ཞི་བདེ་ནི་སེམས་པ་བཟང་པོ་ལ་རག་ལས་ཡོད། ཅེས་གསུངས་སོ།།
དེང་སང་འཛམ་གླིང་ནང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ནའང་། ང་རང་ཚོ་ལ་ནུས་པ་རྩ་ནས་མེད་པ་རེད་ཅེས་ལས་སླ་པོའི་ངང་ནས་ཚོར་སྣང་ཞིག་ཡོང་གི་ཡོད། བྱས་ཙང་ང་ཚོས། ག་རེ་ཡིན་ན་ཡིན། སེམས་འཁྲེལ་བྱེད་དགོས་དོན་མེད་ཅེས་བསམ་སྲིད། འོན་ཀྱང་དངོས་ཡོད་གནས་ཚུལ་ནི། དཔེར་ན། ང་ཚོས་མི་རྩ་བ་ནས་ངོ་མི་ཤེས་པ་རྣམས་ལའང་ཁོ་ཚོའི་དོན་དུ་བསམ་བློ་གཏང་བ་དང་རོགས་པ་བྱེད་ཡག་ཐབས་ཤེས་བྱེད་པ་དེས་ཁོ་ཚོ་ལ་ཕན་ནུས་སྒྲུབ་ཐུབ། དེ་བཞིན་ཡུད་ཙམ་གྱི་འཛུམ་མདངས་དང་། སྒུག་གྲལ་གྱི་ནང་ཁ་ཤས་རང་ཉིད་ཀྱི་སྔོན་ལ་འགྲོ་བཅུག་པ་ཙམ་གྱིས་ང་ཚོས་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་བསམ་པའི་ཚོར་བ་ཞིག་སྟེར་བ་ཡིན། གཞན་ལ་སྦྱིན་རྒྱུ་ཞིག་ཡོད་བསམ་པའི་སྐྱིད་སྣང་དེས། རང་ཉིད་རང་ལ་རིན་ཐང་ཡོད་པའི་ཚོར་སྣང་ཞིག་སྟེར་གྱི་ཡོད། དེ་ལྟར་སོ་སོ་རང་ཉིད་སྐྱིད་པ་ཞིག་ཡོང་བ་དང་མི་ཚེའང་སྐྱིད་པོ་ཞིག་ཡོང་བ་ཡིན།
ང་ཚོ་གཞན་དང་མཉམ་དུ་འབྲེལ་བ་མཐུད་མཁན་དེ་དངོས་གནས་ག་རེ་རེད། དེ་ནི་གཞན་གྱི་བདེ་སྐྱིད་དོན་དུ་བསམ་བློ་གཏང་བ་དང་། ཁོ་ཚོ་ལ་རོགས་པ་གང་འདྲ་སེ་བྱེད་དགོས་པ་དེ་རེད་མ་གཏོགས་རང་ཉིད་ཀྱི་རིན་ཐང་དེ་རང་བཤད་དེ་ང་ཚོ་སྐྱིད་པོ་ཡོང་བར་བྱེད་དེ་ཁོ་ཚོ་ལ་བལྟ་ནས་བསྡད་པ་དེ་མ་ཡིན། དེ་ནི་རང་ཉིད་ཁོ་ནའི་དོན་དུ་ལས་བྲེལ་དང་། དེའི་ཁ་གཏད་དུ་གྱུར་བའི་ལྷག་བསམ་རྣམ་པར་དག་པའི་གཞན་གྱི་བདེ་སྐྱིད་ལ་སེམས་འཁུར་བྱེད་པ་ཁོ་ནར་ཐུག་ཡོད།
འགྲོ་བ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཡིན། གཞན་དང་འབྲེལ་མཐུད་ཡོད་པའི་སྐབས་ཁོ་ནར་ང་ཚོ་འཕེལ་རྒྱས་སུ་འགྲོ་ཐུབ་པ་ཡིན། གཞན་གྱི་དོན་དུ་བྱམས་པ་དང་སྙིང་རྗེ། སེམས་འཁུར་བཅས་ནི། ང་ཚོའི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་འཚོ་བ་ལ། ཡར་རྒྱས་གཏོང་དགོས་པའི་དོན་གནད་གཙོ་བོ་རྣམས་ཡིན་ནོ།