རིན་པོ་ཆེའི་ཡབ་སེར་ཀོང་རྡོ་རྗེ་འཆང་མཆོག་གི་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་ནུས་པ།
སེར་ཀོང་རིན་པོ་ཆེས་ནམ་ཡང་ཁོང་རང་ཉིད་རྣལ་འབྱོར་བ་ཞིག་གམ། དམིགས་བསལ་གྱི་ནུས་པ་ཡོད་མཁན་ཞིག་ཡིན་ཚུལ་གསུངས་གནང་གི་མ་རེད། གལ་ཏེ་ང་ཚོར་གང་ཟག་གཞན་ཞིག་གི་དཔེ་མཚོན་དགོས་ཀྱི་ཡོད་ན། ཁོང་གིས་གསུངས་དོན། ང་ཚོས་དུས་ཡུན་རིང་པོར་སོང་བའི་འདས་པའི་གནད་དོན་གཅིག་པུར་བལྟ་མི་དགོས་པར། ཁོང་ཉིད་ཀྱི་ཡབ་དམ་པ་སེར་ཀོང་རྡོ་རྗེ་འཆང་མཆོག་དཔེ་མཚོན་གསལ་པོ་ཞིག་ཡིན་པར་གསུངས་ཀྱི་རེད། ཁོང་གི་ཡབ་དམ་པ་མཆོག་དགའ་ལྡན་བྱང་རྩེ་དགོན་དུ་རབ་བྱུང་བ་ཞིག་ཡིན་པའི་སྐབས་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་རྟོགས་ཐུགས་རྒྱུད་ལ་འཁྲུངས་ཡོད་པ་སྟེ། དེར་ཁོང་གིས་གསང་ཡུམ་དང་ལྷན་དུ་སེམས་གནས་ཕྲ་ཤོས་སུ་སྙེག་པའི་རྣལ་འབྱོར་གྱི་ཐབས་གནད་ཁྱད་པར་ཅན་དག་ལ་ཉམས་ལེན་གནང་ཐུབ་ཀྱི་ཡོད། དེ་འདྲའི་ཉམས་རྟོགས་ཡོངས་སུ་རྫོགས་པའི་ཚད་མཐོན་པོར་སོན་པའི་སྐབས་རླུང་སེམས་ཕྲ་མོའི་ཆ་ལག་ལ་དབང་ཡོངས་སུ་སྒྱུར་བ་དང་ཕྱི་ནང་གི་བེམ་གཟུགས་དང་ནུས་པ་གཉིས་ཀར་སྟངས་འཛིན་ཆ་ཚང་ཐུབ་པ་ཞིག་དགོས། ཁོང་གི་ཚངས་སྤྱོད་ཀྱི་སྡོམ་པས་སྤྱིར་བཏང་ཁོང་ཉིད་དེ་འདྲའི་ཉམས་ལེན་གནང་རྒྱུར་འགོག་རྐྱེན་བྱེད་ཀྱི་ཡོད་པ་རེད། ༸གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སེར་ཀོང་རྡོ་རྗེ་འཆང་ལ། ཁོང་ཉིད་ཀྱི་ཉམས་རྟོགས་ཀྱི་བདེན་རྟགས་སྐོར་བཀའ་འདྲི་གནང་བས། ཁོང་གིས་གཡག་གི་རྭ་ཅོར་མདུད་པ་བསྐྱོན་ནས་སྤྱན་འབུལ་ཞུས་པ་རེད། དེ་ལྟར་༸གོང་ས་མཆོག་ནས་ཁོང་ལ་གནས་སྐབས་འདིར་ཉམས་ལེན་གནང་བའི་རིང་ཁོང་ཉིད་ཀྱི་རབ་བྱུང་བའི་ཆ་ལུགས་འཛིན་ཆོག་པའི་བཀའ་ཁྲོལ་གནང། ཁོང་ཚོས་གཡག་གི་རྭ་ཅོ་དེ་ཁོང་ཉིད་ཀྱི་གཟིམ་ཁང་དུ་བུ་ཕྲུག་ཞིག་དང་འདྲ་བར་གཅེས་ཉར་བྱས་ཡོད། ཅེས་རིན་པོ་ཆེས་ངོན་ངོ་མའི་གནས་ཚུལ་དེ་ཐད་ཀར་གསུངས་གནང་སོང།
སེར་ཀོང་རྡོ་རྗེ་འཆང་མཆོག་ནི་ཡོངས་གྲགས་སུ་དུས་རབས་བཅུ་གཅིག་པའི་ལོ་ཙཱ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ཅིག་ཡིན་པར་ངོས་འཛིན་ཞུས་ཡོད། སེར་ཀོང་རིན་པོ་ཆེ་ཁོང་ཉིད་ཀྱང་ཡབ་དམ་པའི་བརྒྱུད་པ་འཛིན་དུ་སྐུ་འཁྲུངས་པ་དང། མར་པ་ལོ་ཙཱ་བའི་ཐུགས་ཀྱི་སྲས་དར་མ་མདོ་སྡེའི་ཡང་སྲིད་ལྟ་བུར་སྣང། འོན་ཀྱང་གནད་དོན་འདི་རིན་པོ་ཆེས་ང་ལ་ཚར་གཅིག་ཀྱང་རྩ་བ་ཉིད་ནས་གསུངས་མྱོང་མེད་ལ། ཁོང་གིས་ཡབ་དམ་པ་དང་ཁོང་ཉིད་ཀྱི་དབར་མཚུངས་བསྡུར་བ་ནམ་ཡང་གནང་གི་མེད། དེ་ལྟར་ཡིན་ནའང། རིན་པོ་ཆེས་གང་ཡང་མ་གསུངས་པར་བཞུགས་པ་ལ་མ་ལྟོས་པར། ཁོང་ཉིད་ཀྱིས་ལུས་ཀྱི་རླུང་སེམས་ཕྲ་མོར་དབང་བསྒྱུར་བ་དང། ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་ནུས་པ་དག་ལྡན་ཡོད་པ་ནི་ཁོང་དང་ཐུགས་འདྲིས་ཆེ་བ་རྣམས་ལས་གསལ་པོ་ཤེས་ཐུབ། རིན་པོ་ཆེའི་རང་དབང་དུ་གཟིམ་ཁུག་ནུས་པའི་ཚུལ་དེས་རྟགས་མཚན་ཁ་ཤས་བསྟན་པ་རེད། ཐེངས་ཤིག་ཝི་སི་ཀོན་སིན་ (Wisconsin) ནང་གི་མེ་ཌི་སིན་ (Madison) དུ་འཕྲོད་བསྟེན་བརྟག་དཔྱད་ཅིག་གི་དོནདུ་རིན་པོ་ཆེར་སྙིང་གི་འཕར་ཚད་ལ་གཟིགས་དགོས་བྱུང་བ་རེད། བརྟག་དཔྱད་ཀྱི་ཆེད་མར་གན་རྐྱལ་དུ་བཞུགས་པའི་སྐབས་ཁོང་ནུས་ཤུགས་ཅན་དང་གྲུང་ཤ་དོད་པོ་ཡོད་ནའང། སྨན་པས་རིན་པོ་ཆེར་སྐུ་ལྷོད་ལྷོད་གནང་དགོས་པའི་བཀའ་མོལ་གནང་བ་དང་སྐར་ཆ་ཁ་ཤས་ཀྱི་ནང་ཁོང་གིས་རྔུར་སྒྲ་དང་བཅས་ཏེ་གཟིམ་ཁུག་སོང།
རིན་པོ་ཆེ་ཁོང་ཉིད་ཀྱི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་ནུས་པ།
དཔེ་མཚོན་འགའ་ཞིག་གི་ཐོག་ནས་རིན་པོ་ཆེའི་མ་འོངས་མངོན་གཟིགས་ཀྱི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་ནུས་པ་རྣམས་མཐོང་ཐུབ་པ་ཡིན། རིན་པོ་ཆེ་༧གོང་ས་༸སྐྱབས་མགོན་ཆེན་པོའི་བཤེས་གཉེན་གནང་བ་ཙམ་མ་ཡིན་པར། ད་དུང་ཁོང་གིས་སྐབས་རེ་རྒྱལ་ཡུམ་ཆེན་མོ་དབུས་པའི་ཡབ་གཞིས་ཚང་གི་སྐུ་འཁོར་ཁ་ཤས་ལ་སློབ་སྟོན་གནང་གི་ཡོད། སྤྱིར་རིན་པོ་ཆེས་གདན་ཐོབ་རྗེས་འབྲེལ་གྱི་སྲོལ་རྒྱུན་གྱི་ཆ་ནས་འགྲོ་སྟངས་ལྟར་མཇལ་འཕྲད་ཀྱི་དུས་ཚོད་སྙན་སེང་སྔོན་དུ་མ་གནང་བར་ནམ་ཡང་རྒྱལ་ཡུམ་ཆེན་མོར་མཇལ་བཅར་དུ་ཕེབས་ཀྱི་མེད་པ་རེད། འོན་ཀྱང་། རྒྱལ་ཡུམ་མཆོག་སྐུ་མ་གཤེགས་པའི་སྔོན་ཙམ་ལ་རིན་པོ་ཆེས་རྒྱལ་ཡུམ་གྱི་གནས་སྟངས་གཟིགས་ནས་སྲོལ་རྒྱུན་རྩི་མེད་ཐོག་གློ་བུར་ཐོག་རྒྱག་ལ་མཐའ་མའི་མཇལ་འཕྲད་གནང་བར་ཕེབས་པ་རེད།
ཐེངས་ཤིག་རིན་པོ་ཆེ་མཆོག་ཧྥ་རན་སི་ (France) ནང་གི་ལཱ་ཝོར་ (Lavaur) དུ་རྡོ་རྗེ་རྣལ་འབྱོར་མའི་ཆོས་ཀྱི་བསྟི་གནས་ཁང་དུ་གསུང་ཆོས་གནང་བཞིན་ཡོད་པ་དང་། པེ་རི་སི་ (Paris) ལ་མ་ཐོན་གོང་ཉིན་འགའ་ཤས་བར་གསེང་རེད་འདུག །གྲོགས་པོ་ཐུགས་འཕྲད་ཆེད་ང་སྔོན་ཙམ་ལ་ཐོན་འདོད་བྱུང་བ་དང་མི་ཞིག་གིས་ང་ལ་སྣུམ་འཁོར་ནང་ཞོར་འཇུག་རོགས་པ་བྱས་སོང་། ངས་པེ་རི་སི་ལ་ཐོན་རྒྱུ་བཀའ་ཁྲོལ་ཞུས་པའི་སྐབས་རིན་པོ་ཆེས། ང་ལ་དཔེ་ཡག་པོ་རེད། ཁྱེད་རང་གཟའ་ཟླ་བར་པེ་རི་སི་ལ་ཐོན་མཁན་རེད་པཱ། ཞེས་གསུངས། ངས་རིན་པོ་ཆེར། མིན། མིན། ང་སང་ཉིན་གཟའ་ཉི་མར་འགྲོ་མཁན་ཡིན། ཞེས་ཞུས་སྐབས་རིན་པོ་ཆེས་བསྐྱར་དུ་དཔེ་ཡག་པོ་རེད། ཁྱེད་རང་གཟའ་ཟླ་བར་ཐོན་མཁན་རེད་པཱ། ཞེས་གསུངས། དེ་ནས་ངས་རིན་པོ་ཆེར། གཟའ་ཉི་མར་ཐོན་ན་མི་འགྲིག་པ་འདྲ་འདུག་གམ། དེའི་ཚབ་ཏུ་གཟའ་ཟླ་བར་ཕར་འགྱངས་ཞུས་ན། ཞེས་བཀའ་འདྲི་ཞུས་པར་རིན་པོ་ཆེས་བཞད་མོ་བཞད་དེ་མ་རེད། མ་རེད། ཁྱད་པར་ཆེན་པོ་གང་ཡང་མི་འདུག །ཅེས་གསུངས་བྱུང།
དེ་ནས་རེས་གཟའ་ཉི་མར་ངས་པེ་རི་སི་ལ་ཐོན་པ་ཡིན། ལམ་ཕྱེད་ཙམ་ལ་སྣུམ་འཁོར་འཕྲོ་བརླག་ཕྱིན་སོང། ཧྥ་རན་སི་ (France) ནང་རེས་གཟའ་ཉི་མར་སྣུམ་འཁོར་བཟོ་བཅོས་ཁང་སྒོ་རྒྱག་གི་ཡོད་པར་བརྟེན་ང་ཚོ་མཚན་གཅིག་གྲོང་གསེབ་ཆུང་ཆུང་ཞིག་ཏུ་བསྡད་དགོས་བྱུང། ང་ཚོས་རེས་གཟའ་ཟླ་བའི་ཞོགས་པ་སྣུམ་འཁོར་བཟོ་བཅོས་བརྒྱབ་ཏེ། རིན་པོ་ཆེས་མ་འོངས་སྔོན་གཟིགས་གནང་བ་བཞིན་ང་པེ་རི་སི་ལ་རེས་གཟའ་ཟླ་བར་འབྱོར་སོང།
སྐབས་རེ་རིན་པོ་ཆེས་རྒྱང་ཐག་རིང་པོར་གཟིགས་ཐུབ་པའི་ནུས་པ་མངོན་གསུམ་དུ་བསྟན་གནང་གི་རེད། ཉིན་གཅིག་དྷ་སར་ཏུ་ཤི་ཏ་སྒྲུབ་སྡེའི་འགན་འཛིན་གྱིས་རིན་པོ་ཆེ་མཆོག་ཆོ་ག་ཞིག་གི་དབུ་བཞུགས་ཏུ་གདན་འདྲེན་ཞུས་པ་རེད། སྣུམ་འཁོར་སྒྲུབ་སྡེར་འབྱོར་མ་ཐག་རིན་པོ་ཆེས། མགྱོགས་པོ་བྱས་ནས་མཆོད་ཁང་ནང་བལྟ་རུ་རྒྱུག །ཡང་ལཱ་ཞིག་མར་ཟག་འདུག །ཅེས་གསུངས་སོང། འགན་འཛིན་གྱིས་ཡར་བརྒྱུགས་ནས་བལྟས་པའི་སྐབས་མངོན་སུམ་དུ་ཡང་ལཱ་ཞིག་མར་རིལ་ནས་མེ་འབར་གྲབས་ཡོད་པ་མཐོང་འདུག །
རིན་པོ་ཆེས་མི་རྣམས་དང་ཁོང་ཉིད་ལས་ཀྱི་འབྲེལ་བ་གང་འདྲ་ཞིག་ཡོད་པ་ཚོར་ཐུབ་པ་ཙམ་མ་ཟད། ད་དུང་སྐབས་འགར་ངོ་འདྲིས་དང་ཆ་རྒྱུས་མེད་པའི་མི་རྣམས་གནས་ཚུལ་གང་ཡང་མ་ཞུས་ནའང་ཁོང་གིས་མཁྱེན་གྱི་ཡོད་པ་བསྟན་གྱི་རེད། ཐེངས་གཅིག་ཝི་སི་ཀོན་སིན་ (Wisconsin) ནང་གི་མེ་ཌི་སིན་ (Madison) དུ་ངའི་གྲོགས་པོ་རྙིང་པ་ཞིག་གིས་ཐེངས་དང་པོར་རིན་པོ་ཆེ་མཆོག་མཇལ་བར་སླེབས་པ་རེད། ངའི་གྲོགས་པོས་རྒྱུན་གཏན་གྱི་བྱེད་སྟངས་ལྟར་བྱས་ནའང། ང་གཉིས་སུས་ཀྱང་ཁོའི་སོ་མ་ར་ཙའི་མྱོས་རྫས་སྤྱོད་པའི་གོམས་གཤིས་སྙན་སྒྲོན་ཞུས་མེད་ནའང། རིན་པོ་ཆེས་ངའི་གྲོགས་པོར་མྱོས་རྫས་འཐེན་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པར་གསུངས་སོང། དེས་ཁོའི་ཡར་རྒྱས་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་རེད། རིན་པོ་ཆེས་མཇལ་འཕྲད་གནང་བའི་ནུབ་ཕྱོགས་པ་ཡོངས་ནས་སོ་མ་ར་ཙའི་སྐོར་ལ་བསླབ་བྱ་གནང་ཡུལ་གྱི་གང་ཟག་གཅིག་པུ་དེ་ངའི་གྲོགས་པོ་ཆགས་ཡོད་པ་རེད།
རང་སོ་སོའི་ཞན་ཆ་རྣམས་ངོ་རྟགས་ཆོད་ནས་བསྒྱུར་བཅོས་གཏོང་བར་གཞན་ལ་ཐབས་མཁས་པོའི་རོགས་སྐྱོར་གནང་ཚུལ།
རིན་པོ་ཆེས་མི་གཞན་མང་པོའི་རྒྱུད་ལ་གནོད་གཞི་ཅན་གྱི་གོམས་གཤིས་དང་བག་ཆགས་ཡོད་པ་གཟིགས་ནའང། ཁོང་ཚོའི་སྐྱོན་དང་ནོར་འཁྲུལ་མཛུབ་སྟོན་གནང་རྒྱུར་རིན་པོ་ཆེ་རྒྱུན་དུ་ཐབས་བྱུས་མཁས་པོ་ཞིག་ཡིན། ཐེངས་ཤིག་རིན་པོ་ཆེ་བལ་ཡུལ་ལ་ཟླ་ཤས་ཆིབས་སྒྱུར་གནང་བའི་རིང་ང་ལ་རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་སྒེར་གྱི་དཀའ་ངལ་འགའ་འཕྲད་བྱུང། ང་ཚོ་བསྐྱར་དུ་རྡོ་རྗེ་གདན་དུ་མཇལ་འཛོམས་བྱུང། དེ་དུས་ང་༸གོང་ས་མཆོག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་ལ་གསུང་སྒྱུར་ཞུས་བཞིན་ཡོད། རིན་པོ་ཆེས་ཞལ་སངས་པོའི་ཐོག་ནས་ངའི་དཀའ་ངལ་ལ་གདོང་ལེན་བྱེད་ཚུལ་དེ་ཡོངས་སུ་གླེན་རྟགས་ཅན་ཡིན་པ་དངོས་སུ་མ་གསུངས་པར། ངས་གསུང་སྒྱུར་ཞུས་བཞིན་པའི་ཕྱག་དཔེ་ཞལ་ཕྱེ་ནས་ཤོག་ལྷེ་ཨ་ལོག་མགྱོགས་པོ་བརྒྱབ་བཞིན་དུ་ཚིག་རྐང་འགའ་ཞིག་ལ་ཕྱག་མཛུབ་གཏད་ནས་དེའི་དོན་ཤེས་ཀྱི་ཡོད་མེད་བཀའ་འདྲི་གནང་བྱུང། ཚིག་དེ་དག་ནི་ཏག་ཏག་ང་རང་ལ་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག །རིན་པོ་ཆེས་ཚིག་དེ་དག་གི་དོན་ཐུན་མོང་མ་ཡིན་པ་ཡོངས་རྫོགས་འགྲེལ་པ་གནང་སྟེ། གནས་སྟངས་བསྒྱུར་བཅོས་གཏོང་ཐབས་དང་གཉེན་པོ་བསྟེན་ཚུལ་དེ་ཤུགས་ཀྱིས་བསྟན་གནང་སོང།
ངས་ཤིག་ལོ་ན་བགྲེས་པའི་སུད་སི་ཕྱུག་བདག་བུད་མེད་ཅིག་གིས་རིན་པོ་ཆེ་མཆོག་རྒྱལ་ས་ཛུ་རིག་ནང་གི་སྡེ་ཚན་ཚོང་ཁང་སྟེ། ཚོང་རྫས་རིན་གོང་ཆེ་ཤོས་དང་ཁྲ་ཁྲ་སིལ་སིལ་ཚ་ཤོས་ཞིག་ཏུ་གླ་འཁོར་ (taxi) ནང་གདན་འདྲེན་ཞུས་སོང། ཚོང་ཁང་དེ་ལས་མར་ཐོན་པའི་རྗེས་སུ་རིན་པོ་ཆེས་མི་སུ་གཅིག་ལ་དངོས་གནས་དགོས་པའི་ཅ་དངོས་གཅིག་ཀྱང་མི་འདུག་ཅེས་འགྲེལ་བཤད་བསྐྱོན་གནང་སོང། དེ་ནས་རིན་པོ་ཆེས་བུད་མེད་དེ་ལ། གལ་ཏེ་ང་ཚོས་འདྲུད་འཐེན་ཐེར་ག་བརྒྱུད་ནང་དུ་ལོག་ཐུབ་པ་ཡིན་ན། མི་མང་དཀྱུས་མ་ཚོའི་འགྲུལ་བཞུད་བྱེད་སྟངས་མཐོང་རྒྱུར་དགོད་བྲོའི་སྐྱིད་སྣང་ཞིག་ཡོང་ཞེས་བཀའ་འདྲི་གནང་སོང། བུད་མེད་དེས་སྐྱེངས་པའི་ཚུལ་གྱིས་ཁོ་མོས་མོ་རང་གི་མི་ཚེའི་ནང་འདྲུད་འཐེན་ཐེར་ག་ནང་བཞོན་མྱོང་མེད་པ་དང་། དེ་ཇི་ལྟར་བེད་སྤྱོད་བྱེད་ཚུལ་ལམ། གང་ས་ཆ་གང་དུ་འབབ་དགོས་མིན་ཤེས་ཀྱི་མེད་ཅེས་ངོས་ལེན་བྱས་སོང། བྱས་ཙང་། དེ་ལྟ་བུའི་ལམ་ནས་རིན་པོ་ཆེས་ཐུགས་གཤིས་འཇམ་པོའི་ངང་ཁོ་མོར་དཀྱུས་མའི་འཚོ་བ་ལས་རྒྱང་ཐག་རིང་པོར་ཡོད་པ་དེ་བསྟན་གནང་བ་རེད།
ཡང་དུས་ཚོད་གཞན་ཞིག་ཏུ་རིན་པོ་ཆེ་མཆོག་རྒྱལ་ས་ཛུ་རིག་ཉེ་འགྲམ་ཏུ་རྒྱན་གྱིས་སྤྲས་པའི་ཁང་བཟང་ཞིག་ཏུ་སྐུ་བཞུགས་གནང་རྒྱུར་གདན་འདྲེན་ཞུས་པ་རེད། དེའི་ནང་གི་སྦྱིན་བདག་སྐྱེས་སྨན་དེ་རྒྱས་སྤྲོས་ཀྱི་རྣམ་པ་དེ་ལྟར་ཡོད་པར་ཧ་ཅང་བདེ་པོ་མེད་པའི་ཚོར་སྣང་སྐྱེས་འདུག །མོ་རང་སྙེམ་ཆུང་དང་ཡིན་ལུགས་ཚུལ་ལྡན་ངང་གནས་རྒྱུར་དགའ་འདེམ་བྱས་པ་རེད། ཁོ་མོས་བེ་ཤིང་གི་པང་ལེབ་བསྒྲིགས་པའི་དཔེ་མཛོད་ཁང་གི་གཟིམ་ཁང་དེ་བརྗིད་ཉམས་ཆེ་ཤོས་ཀྱི་གཟིམ་ཁང་ཡིན་པར་བརྟེན། དེར་རིན་པོ་ཆེའི་གཟིམ་སར་གོ་སྒྲིག་ཞུས་པ་རེད། རིན་པོ་ཆེས་སྐྱེས་སྨན་དེར། དེ་ལས་ང་ཉི་མ་ལྡེ་སའི་བྱ་གཡབ་ཀྱི་ནང་གཟིམ་གྱི་ཡིན་ཞེས་ཨུ་ཚུགས་གནང་བ་དང་། ཁོང་གུར་གྱི་ནང་བཞུགས་རྒྱུར་ཐུགས་མཉེས་ཚུལ་དང་། ཁོ་མོའི་བྱ་གཡབ་ལས་མེ་ཏོག་ལྡུམ་རྭའི་མཛེས་སྡུག་གི་རྣམ་པ་དང་། དེའི་འོག་གི་མཚེའུ་ཡི་རྣམ་པ་གཟིགས་ཐུབ་པ་ལ་བརྟེན་ནས་གུར་ནང་བཞུགས་ཡོད་པ་དྲན་གསོ་བྱེད་ཀྱི་འདུག་ཅེས་དེའི་ནང་བཞུགས་རྒྱུའི་ཐུགས་འདོད་བྱུང་བར་གསུངས། དེ་འདྲའི་ལམ་ནས་ཁོང་གིས་སྐྱེས་སྨན་དེར་མོ་རང་གི་ཁང་བཟང་ལས་ཐོབ་པའི་བདེ་བ་སྟབས་བདེ་དེ་དག་ལ་གང་མང་ལོངས་སུ་སྤྱོད་པ་དང་རྗེས་སུ་ཡི་རངས་བྱེད་དགོས་པའི་ཕན་རོགས་གནང་སོང་།
གཞན་ཕན་གྱི་ཆེད་དུ་ཤེས་བྱའི་གནས་མང་ལ་མཁྱེན་རྒྱ་ཡངས་པ།
རིན་པོ་ཆེས་གཞན་གྱི་དགོས་མཁོ་དང་དང་གནས་སྟངས་ལ་དཔག་པའི་ཁོང་ཚོར་ཕན་པ་བསྒྲུབས་གནང་གི་ཡོད་པ་རེད། ཨི་ཊ་ལི་ (Italy) ནང་གི་པཱོ་མཱ་ཡ་ (Pomaia) དུ་ནོར་ལོངས་སྤྱོད་འཐོབ་པའི་ཡི་དམ་ལྷ་ཚོགས་སྒྲོལ་མ་སེར་པོའི་ཉམས་ལེན་གྱི་ཆེད་རྗེས་གནང་གནང་བའི་སྐབས། རིན་པོ་ཆེས་ཨི་ཊ་ལིའི་རི་མོ་བ་དབུལ་པོ་ཞིག་ལ་ཆོ་ག་དེའི་ཆེད་ལྷ་སྐུར་ཚོན་རྩི་གཏོང་དུ་བཅུག་གནང་སོང་། དེ་འདྲ་བྱས་པ་ལ་བརྟེན་ནས་རི་མོ་བ་དེར་སྒོམ་གྱི་ཉམས་ལེན་དེ་ལས་ནོར་ལོངས་སྤྱོད་ཀྱི་ཕན་ཡོན་འཐོབ་རྒྱུར་བསོད་ནམས་ཀྱི་ལས་ཤུགས་ཆེན་གསོག་ཐུབ་ངེས་རེད། ཆོས་ཚོགས་དེ་རང་ལ་སྐབས་གཞན་ཞིག་ཏུ་རིན་པོ་ཆེས་ན་སོ་གཞོན་པའི་མི། ཕ་མའི་ཁྱིམ་དུ་ཉེ་འཆར་རྐུ་འཕྲོག་ཤོར་བ་དེར་དངུལ་གྱི་འབུལ་བ་ཆུང་ངུ་ཞིག་གནང་སོང། གནང་སྦྱིན་དེས་ཁོའི་ཁྱིམ་ཚང་གི་དཔལ་འབྱོར་སླར་གསོ་ཐུབ་པའི་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཏུ་གྱུར་བ་རེད། བོད་ཡིག་སྦྱོང་རྒྱུར་དོ་དབྱིངས་དང་གདེང་ཚོད་ཀྱི་ནུས་པ་མེད་པའི་རིན་པོ་ཆེ་དང་ཐུགས་ཐག་ཉེ་བའི་སློབ་མ་དབྱིན་ཇི་ཨ་ལཱན་ཊུར་ཎེར་ (Alan Turner) ལ་རིན་པོ་ཆེས། མ་འོངས་པའི་དུས་ཚོད་ཅིག་གི་ནང་བག་ཆགས་འཇོག་པའི་ཆེད་དུ་བོད་ཡིག་གི་གསལ་བྱེད་ཀ་མད་ལ་སོགས་པའི་ལྗགས་ལུང་གནང་སོང་། དེ་ག་ནང་བཞིན་ངའི་བོད་ཡིག་སློབ་སྦྱོང་གི་ཐད་ལ་འགྱུར་བ་མ་ཕྱིན་པ་དང་ཡར་རྒྱས་ཀྱི་རྣམ་པ་མེད་པའི་དུས་རིན་པོ་ཆེས་ང་དང་ལྷན་དུ་བོད་ཡིག་ཚིག་མཛོད་ལ་གཟིགས་ཞིབ་གནང་རྒྱུའི་དབུ་འཛུགས་གནང་བ་དང་། ཚིག་རེ་རེ་བཞིན་ཚིག་སྒྲུབ་བཟོ་རུ་བཅུག་གནང་གི་རེད།
དེར་མ་ཟད། རིན་པོ་ཆེ་ནི་གཞན་དང་འབྲེལ་བ་གནང་སྟངས་ཐོག་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན། ཁོང་གིས་གཞན་གྱིས་ལྷག་བསམ་རྣམ་དག་གིས་ག་རེ་སྦྱིན་པ་ཡིན་ནའང་ལེན་དགོས་པ་དང། དམིགས་བསལ་ང་ཚོས་འབུལ་བ་མ་བླངས་པའམ་ངོས་ལེན་མ་བྱས་པ་ཡིན་ན། མི་དེའི་སེམས་ལ་ཕོག་ཐུག་འགྲོ་ཉེན་ཡོད་པ་དང་། ང་ཚོས་བླངས་པ་དེས་གཞན་ལ་གནོད་ཀྱི་མེད་ན། ངོས་ལེན་བྱེད་དགོས་ཞེས་རྟག་ཏུ་གསུངས་གནང་གི་རེད། སྤྱིར་བཏང་རིན་པོ་ཆེ་མཆོག་མངར་ཆའི་རིགས་ལ་མཉེས་པོ་མེད་ནའང། གལ་སྲིད་མི་ཞིག་གིས་ཆེད་དུ་མངགས་ནས་ཁོང་ལ་འཁུར་རའམ་ཀེག་ (cake) ཅིག་བཟོས་ཡོད་ན། ཁོང་གིས་སྤྲོ་སྣང་ལྡན་པའི་ཐོག་ནས་དེའི་དུམ་བུ་གཅིག་མཆོད་གནང་གི་རེད། དོན་ལ་གལ་ཏེ་མི་དེའི་རང་གི་ཡིད་ཆེས་དང་གདེང་ཚོད་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན། རིན་པོ་ཆེས་ཞབས་ཕྱིས་ངག་དབང་ལགས་ལ་ཁ་ཟས་བཟོ་སྟངས་ཀྱི་ལམ་སྟོན་ (recipe) རྣམས་མར་འབྲི་རུ་བཅུག་གནང་གི་ཡོད།
གོང་དུ་བརྗོད་པ་དེ་དག་ཚང་མའི་ཐོག་རིན་པོ་ཆེ་ནི་ཧ་ཅང་གིས་ཐུགས་རྒྱུད་ཡངས་པ་དང་ཤེས་བྱའི་གནས་མང་ལ་མཁྱེན་རྒྱ་ཡངས་པ་ཞིག་རེད། ཁོང་གདན་དྲངས་མཁན་གྱི་ཆོས་ཚོགས་ས་སྐྱ་དང། བཀའ་བརྒྱུད། རྙིང་མ། དགེ་ལུགས། ཛེན་ (Zen,བསམ་གཏན་པ་) ། གནས་བརྟན་སྨྲ་བ་ (Theravada) སོགས་ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་མིན་ལ་མ་ལྟོས་པར། ཁོང་གིས་ཆོས་སྲོལ་དེའི་ཐུན་མིན་གྱི་ལུགས་བཞིན་དུ་གསུང་ཆོས་གནང་གི་ཡོད། དེ་ལྟ་བུའི་བསྟུན་མཁས་ཀྱི་རང་བཞིན་དེས་ནང་ཆོས་ཀྱི་མཚམས་ལས་བརྒལ་གྱི་ཡོད་པ་རེད། ཐེངས་ཤིག་ཨི་ཊ་ལི་ (Italy) ནང་གི་མི་ལན་དུ་ཡེ་ཤུ་རྣམ་དག་ཆོས་ལུགས་ (Catholic) ཀྱི་རྒྱབ་ལྗོངས་ཡོད་པའི་བུད་མེད་ཅིག་གིས། “ད་ནས་ངས་བྱང་ཆུབ་ཀྱི་སེམས་དང་གསང་སྔགས་ཀྱི་སྡོམ་པ་ལ་སྐྱབས་སུ་འགྲོ་བ་ཡིན། ངས་ཡེ་ཤུའི་མཆོད་ཁང་དུ་འགྲོ་ན་འགྲིག་གི་ཡོད་དམ།” ཞེས་བཀའ་འདྲི་ཞུས་སོང་བས། རིན་པོ་ཆེས། “དེ་ལ་མི་འགྲིག་པ་གང་ཡང་མེད། གལ་ཏེ་ཁྱེད་རང་གིས་ཆོས་ལུགས་གཞན་གྱིས་བསྟན་པའི་བྱམས་པ་དང་སྙིང་རྗེར་བློ་རྩེ་གཏད་ཡོད་ན། ཁྱེད་རང་གིས་སོ་སོའི་སྐྱབས་འགྲོ་དང་སྡོམ་པ་ནང་བཞིན་དེ་དང་ཁ་ཕྱོགས་གཅིག་པར་འགྲོ་ཡི་ཡོད་པ་མ་ཡིན་ནམ།” ཞེས་བཀའ་ལན་གནང་སོང།།