སོ་སོའི་དགེ་བའི་བཤེས་གཉེན་ལ་བརྩི་འཇོག་དགོས་པ།
སེར་ཀོང་རིན་པོ་ཆེས་རྒྱུན་དུ་བླ་མ་ཚང་མར་བརྩི་འཇོག་དགོས་པ་དང་ཁོང་རྣམས་ཀྱི་དུས་ཚོད་འཕྲོ་བརླག་གཏོང་མི་ཉན་པའི་བཀའ་ནན་པོ་ཕེབས་ཀྱི་ཡོད། ཁོང་གིས་ཆོས་དད་ཆེ་བའི་སྤི་ཏིའི་མི་མང་གི་བྱེད་སྟངས་ལྟ་བུ་དཔེར་བཟུང་མི་ཉན་པའི་དགོངས་འཆར་གནང་གི་རེད། རིན་པོ་ཆེར་དད་གུས་ཆེ་བའི་སྤི་ཏི་མི་མང་གིས་ཁོང་ལ་མཇལ་དར་འབུལ་རྒྱུར་རུ་སྒྲིག་སྐབས། ཐད་ཀར་ཁོང་གི་སྐུ་འགྲམ་དུ་མ་སླེབས་བར་ཕྱག་འཚལ་གྱི་མེད་པས། དེ་འདྲའི་བྱེད་ལུགས་འདིས་ཆུ་ཚོད་མང་པོ་ཞིག་འགོར་གྱི་ཡོད་པ་རེད། དེར་མ་ཟད། བླ་མ་ཞིག་ལ་དྲི་བ་འབུལ་བའི་སྐབས་སུ་སྒྲུང་ཧ་ཅང་རིང་པོའམ། ངོམ་བཤད་ནམ་ཡང་བྱེད་མི་ཉན་པར་གསུངས། དོན་ལ་ཁོང་གིས་ང་ལ་དྲི་བ་དེ་འདྲའི་རིགས་ཇི་མ་ཇི་བཞིན་སྒྱུར་མི་དགོས་པར། དོན་ངོ་མ་གོ་བ་ཞིག་སྒྱུར་དགོས་པའི་སློབ་སྟོན་གནང་གི་རེད།
དེའི་ཐོག་རིན་པོ་ཆེས་མཇལ་བཅར་བ་རྣམས་ཀྱིས་རྟག་ཏུ་མཇལ་དར་འབུལ་བ་དང་སྐུ་ཉིད་ནས་ “བསུན་གཙེར་ཅན་” དུ་བརྩི་བའི་ཁ་ཟས་ཤོག་སྒམ་དེ་འདྲ་མང་པོ་འབུལ་བར་ཐུགས་མཉེས་པོ་གནང་གི་མེད། གལ་ཏེ་བླ་མར་འབུལ་བ་འབུལ་འདོད་ན། ངེས་པར་དུ་འབུལ་རྟེན་བེད་སྤྱོད་ཡོད་པའམ་། དགའ་འོས་པ་ཞིག་འབུལ་དགོས་པ་དང་། དཔེར་ན། ངས་རིན་པོ་ཆེ་ལ་ཕུལ་བ་ནང་བཞིན། ཡང་ནས་ཡང་དུ་ཁོང་མཇལ་བར་བཅར་མཁན་རིགས་ལ་འབུལ་བ་འཁྱེར་མཚམས་འཇོག་དགོས་པའི་བཀའ་གནང་གི་ཡོད། ཁོང་ལ་གང་ཡང་དགོས་ཀྱི་མེད།
གནད་དོན་ཞིག་ལམ་ལྷོང་མ་བྱུང་ན། སྤྱིར་བཏང་གི་བསམ་ཤེས་བེད་སྤྱོད་བྱས་ནས་ཐབས་ལམ་དང་གདམ་ཀ་གཞན་གྲ་སྒྲིག་ཡོད་དགོས།
རིན་པོ་ཆེས་དུས་རྟག་ཏུ་མི་རྣམས་ལ་སྤྱིར་བཏང་གི་བསམ་ཤེས་བེད་སྤྱོད་བྱེད་དགོས་པའི་བསླབ་བྱ་གནང་གི་ཡོད། དེར་བརྟེན་མི་རྣམས་ཀྱིས་ཁོང་ལ་འཇིག་རྟེན་འདི་སྣང་གི་ལས་དོན་ཐད་མོ་འདེབས་རོགས་ཞེས་ཞུ་བར་དགའ་པོ་གནང་གི་མེད། མོ་འདེབས་པ་ནི་དམིགས་བསལ་ཆོས་དོན་དང་འབྲེལ་བའི་གནས་དོན་ཐད་སྤྱིར་བཏང་གི་ཐབས་ལམ་ཐོག་ནས་ཐག་གཅོད་མ་ཐུབ་པའི་སྐབས་གཅིག་པུ་ལ་འཚམ་པོ་ཡོད། ཐེངས་གཅིག་ཁང་གླའི་ཐད་ང་ལ་དཀའ་ངལ་ཕྲད་དེ་གང་བྱེད་དགོས་མིན་རིན་པོ་ཆེ་ལ་མོ་འདེབས་རོགས་ཞེས་ཞུས་པ་ཡིན། ཁོང་གིས་ཁྲིམས་རྩོད་པ་ཞིག་འཚོལ་བར་བརྒྱུག་ཅེས་ང་ཕྱིར་ཕུད་གནང་བྱུང་།
གཞན་ཡང་ལས་དོན་གང་ཞིག་འཆར་འགོད་བྱེད་སྐབས། མ་མཐར་ཡང་ལས་དོན་གྱི་ཐབས་ལམ་གཞན་གསུམ་གྱི་ཐོག་ནས་གྲ་སྒྲིག་དགོས་ཞེས་རིན་པོ་ཆེས་རྟག་ཏུ་སློབ་སྟོན་གནང་གི་ཡོད། དེ་ལྟར་བྱས་པའི་སྐབས། གལ་སྲིད་འཆར་གཞི་གཅིག་ལམ་ལྷོང་མ་བྱུང་བ་ཡིན་ན། གདམ་ཀ་དང་ཐབས་ལམ་གཞན་ཡོད་པ་སོང་ཙང་། རེ་ཐག་ཆོད་པའི་དངངས་སྐྲག་ལས་ཟློག་པར་བྱེད་ཀྱི་ཡོད། གདམ་ཀ་དང་ཐབས་ལམ་ཁ་ཤས་ཡོད་པས་གདེང་ཚོད་དང་བཅས་ཉེན་སྲུང་ཡོད་པའི་ཚོར་སྣང་ཞིག་མཁོ་སྤྲོད་བྱེད་པ་དང་། དེ་དག་ལས་མ་མཐར་ཡང་ཐབས་ལམ་གཅིག་ལ་བརྟེན་ནས་ལས་དོན་གྲུབ་ཀྱི་རེད།
འོན་ཀྱང་སློབ་མ་རྣམས་སྐབས་རེ་ཕྱག་མོ་ལ་བརྟེན་དྲགས་ནས། རང་སྣང་གང་དྲན་བྱས་ནས་རང་རང་སོ་སོས་བསམ་བློ་གཏོང་མི་ནུས་པ་ཆགས་ཀྱི་ཡོད། མི་དེ་རིགས་ཀྱིས་རང་གི་འགན་འཁྲི་ལས་གཡོལ་ཏེ་ཐག་གཅོད་བྱེད་པོ་གཞན་ཞིག་དགོས་ཀྱི་ཡོད། མ་གཞི་ཐག་གཅོད་ཆེན་པོའི་རིགས་རྣམས་རང་གི་བླ་མའམ་དགེ་བའི་གཤེས་གཉེན་ལ་བཀའ་བསྡུར་གནང་བ་བརྒྱུད་ཕན་ཐོགས་ཆེན་པོ་ཡོད་ནའང་། རང་རང་སོ་སོའི་རྣམ་དཔྱོད་ཀྱི་རིན་ཐང་བེད་སྤྱོད་བྱས་ཏེ་བསམ་བློ་བཅོས་རྒྱུ་དེ་ཐབས་ལམ་བརྟན་ཤོས་ཡིན། གལ་སྲིད་བླ་མ་ས་གནས་ས་ཐོག་ཏུ་བཞུགས་མེད་པ་ཡིན་ནའང། དེ་ལྟ་བུའི་རྣམ་དཔྱོད་ཀྱི་རིན་ཐང་སོ་སོའི་ལག་ཏུ་ཡོད་པས། ཐག་གཅོད་ཡག་པོ་ཞིག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
ལྷག་པར་དུ་མི་རྣམས་ཀྱིས་ཁོང་ཚོར་དགོས་པའི་བཀའ་ལན་མ་ཐོབ་བར་དུ་བླ་མ་མང་པོར་གནད་དོན་གཅིག་མཚུངས་ཐོག་ཕྱག་མོ་ཞུ་བ་ལ་རིན་པོ་ཆེས་བསླབ་བྱ་བསྐྱོན་གནང་གི་རེད། ཕྱག་མོ་ཞུ་བ་ནི་བླ་མར་ཡིད་ཆེས་དང་གདེང་ཚོད་ཡོད་པ་ཤུགས་ཀྱིས་སྟོན་ཅིང་། དེའི་དོན་ནི་མི་ཚོར་བསླབ་བྱ་གང་གནང་བ་ལག་ལེན་བསྟར་དགོས་པ་ཡིན། དེར་མ་ཟད། བླ་མ་གཅིག་གི་དྲུང་དུ་བཅར་ནས་བླ་མ་གཞན་ཞིག་གིས་འདི་ལྟར་གསུངས་ཀྱི་འདུག །འོན་ཀྱང་ཁྱེད་ནས་གང་དགོངས་ཀྱི་འདུག །ངས་དེ་ལྟར་བྱེད་དགོས་སམ་ཞེས་ཞུ་མཁན་རྣམས་ལ་རིན་པོ་ཆེས་ཉེན་བརྡ་བཏང་གནང་གི་རེད། དེ་ལྟར་བླ་མ་གཞན་ཞིག་ནོར་འདུག་གསུང་བཅུག་སྟེ་བླ་མའི་གནང་སྟབས་མི་བདེ་བ་བཟོ་བ་དེས་བསམ་ཤེས་དང་ཚོར་བ་སྐྱེན་པོ་མེད་པའི་རང་བཞིན་སྟོན་གྱི་ཡོད།
དྭོགས་འདྲི་གང་ཡོད་པ་རྣམས་ཚུལ་བཞིན་དུ་ཞུ་སྟངས་སྦྱོང་བ།
དངོས་གནས་བྱས་ན། ནུབ་ཕྱོགས་པ་མང་ཆེ་བས་བླ་མར་བཀའ་འདྲི་དང་དྭོགས་འདྲི་ཚུལ་བཞིན་དུ་ཞུ་སྟངས་ཤེས་ཀྱི་མེད། ཁོང་ཚོས་རིན་པོ་ཆེའི་དྲུང་དུ་བཅར་ནས་གླེན་རྟགས་ངང་བཀའ་འདྲི་ཞུ་སྐབས། ཁོང་གིས་རྒྱུན་དུ་ནོར་བཅོས་གནང་གི་ཡོད། དཔེར་ན། མི་ཞིག་དབང་ཞིག་ལ་བཅར་དགོས་མིན་མི་ཤེས་པའི་སྐབས། “དབང་འདིར་བཅར་ན་ཡག་པོ་ཡོད་རེད་དམ་” ཞེས་འདྲི་བ་ནི་ཆོ་མེད་བྱབ་ཆུང་རང་རེད། ཡག་པོ་ཡོད་དང་ཡོད། སུ་གཅིག་གིས་དེ་སྡུག་ཅག་རེད་བརྗོད་མི་ཐུབ། གལ་སྲིད་མི་ཞིག་གིས། “ང་དབང་ཞུ་བར་བཅར་དགོས་རེད་མ་རེད་” ཅེས་དྲིས་པ་ན། དེའི་ཤུགས་ཀྱི་དོན་ནི། “ང་རང་དབང་དེ་ཞུ་དང་མ་ཞུ་ཀ་མེད་ཡིན་ནམ་” ཞེས་པའི་དོན་ཡིན། སུ་གཅིག་ལའང་ཞུ་དང་མ་ཞུ་ཀ་མེད་མ་རེད། དེ་ལྟ་བུའི་གནད་དོན་ཐད་བླ་མའི་བཀའ་སློབ་འཐོབ་ཐབས་བྱེད་སྐབས། ལེགས་ཤོས་ནི། “ངས་གང་བྱེད་པ་ལ་ཁྱེད་ཀྱིས་སློབ་སྟོན་གང་གནང་ངམ་” ཞེས་འདྲི་རྒྱུ་དེ་ཡིན།
གཞན་ཡང་དབང་ཅིག་གནང་བཞིན་པའི་སྐབས། བླ་མའི་དྲུང་དུ་བཅར་ནས། “ངས་དབང་དེ་ཞུ་ཆོག་གི་རེད་མ་རེད་” ཅེས་བཀའ་འདྲི་ཞུ་བ་ནི་ལྐུགས་པ་ཡིན། དེས་ “དབང་དེ་ཐོབ་པའི་ནུས་པ་ང་ལ་ཡོད་དམ་མེད་” ཅེས་དོན་སྟོན་གྱི་ཡོད་པས། དེ་ནི་རྩ་བ་ནས་ཁུངས་ལུང་མེད་པ་ཞིག་ཡིན། དེ་འདྲ་ཡིན་ཙང་། ཚུལ་དང་ལྡན་པའི་བཀའ་འདྲི་ཞུ་ཚུལ་ནི། “ངས་དབང་ཞུ་ཆོག་པ་མཁྱེན་” ཞེས་ཞུ་བ་དེ་ཡིན། དེ་བཞིན་ཕྱི་རྒྱལ་དུ་གནས་སྡོད་ཕྱིར་མཐོང་མཆན་དུས་འགྱངས་ཞུ་བའི་སྐབས། མི་གླེན་པ་ཁོ་ནས། “ང་ད་དུང་སྡོད་ཆོག་གི་རེད་མ་རེད་” ཅེས་སྐད་ཆ་འདྲི་ཡི་ཡོད། སྨིན་ཚད་ལྡན་པའི་རེ་འབོད་ཞུ་སྟངས་ནི། “སྐུ་ཉིད་ནས་ཐུགས་རྗེ་གཟིགས། ང་ད་དུང་འདིར་སྡོད་ཆོག་པའི་ཆོག་མཆན་གནང་རོགས་གནང་” ཞེས་ཞུ་དགོས།
ཐེངས་ཤིག་ཊུར་ཎེར་ (Turner) གྱིས་མགོན་པོ་ཕྱག་དྲུག་གི་རྗེས་གནང་བསྩལ་རོགས་ཞེས་རིན་པོ་ཆེ་ལ་ཟླ་ཤས་རིང་ཡང་ནས་ཡང་དུ་ཐུགས་སུན་བཟོས་པ་རེད། མཐར་ཁོང་གིས་ཞལ་བཞེས་གནང་བ་དང་། ཊུར་ཎེར་གྱིས་ཁས་ལེན་བྱེད་རྒྱུའི་ཉིན་རེའི་ཁ་འདོན་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པས། རིན་པོ་ཆེས་ཁས་ལེན་གང་ཡོད་ཀྱང་ངེས་པར་དུ་འདོད་པ་ཡོད་དགོས་ཞེས་ཁོ་པར་བཀའ་སྐྱོན་གནང་སྟེ་རྡུང་གྲབས་གནང་བ་ལྟ་བུ་རེད།
ཁས་ལེན་དམ་བཅའ་མ་བྱས་གོང་བརྟག་དཔྱད་བྱེད་པ།
ནུབ་ཕྱོགས་པ་ཚོས་དབང་གི་ཁ་འདོན་ཁས་ལེན་ལ་སྤོར་གཅོག་སྒྲིག་ཐབས་བྱེད་སྐབས་སྐུ་རླུང་དྲག་པོ་བཞེང་གི་རེད། ཁོང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་དབང་གི་ཉམས་ལེན་ལ་ཚུལ་བཞིན་དུ་འཇུག་རྒྱུའི་བཅོས་མིན་གྱི་བསམ་པ་ཁོ་ནའི་དབང་གིས་ཡི་དམ་བྱེ་བྲག་པ་ཞིག་གི་ཐོག་དབང་ཞུ་རྒྱུར་དུས་རྟག་ཏུ་གཙོ་འདོན་གནང་གི་ཡོད། ཤུགས་རྐྱེན་ཡག་པོ་ཞིག་གམ་མི་ཚང་མ་འགྲོ་བའི་རྒྱུ་མཚན་ལ་བརྟེན་ནས་སོ་སོ་འགྲོ་བ་ནི་ཁོང་གིས་ཁུངས་ལུང་མེད་པ་གཟིགས་པ་ཡིན། དེ་བཞིན་ཁྱུག་ཙམ་རིང་མཚམས་སྡོད་རྒྱུའི་ཀུན་སློང་དང་བཅས་དབང་ཞུ་བར་སོང་ནས་དེ་རྗེས་སྒོམ་ཉམས་ལེན་བྱ་རྒྱུ་དྲན་པ་བརྗེད་པ་དེ་ཡང་ཚུལ་མིན་གྱི་སྤྱོད་ཚུལ་ཞིག་ཡིན། སྔགས་ཀྱི་དབང་བྱེ་བྲག་པ་ཞིག་ཁས་ལེན་དམ་བཅའ་ནི་མི་ཚེ་ཧྲིལ་པོ་གཅིག་གི་ནང་མ་ཉམས་པ་བྱེད་དགོས་ཀྱི་ཡོད།
ཆོས་ཕྱོགས་ཀྱི་ཉམས་ལེན་དང་དགེ་རྒན་ཁག་ལ་སེམས་ཐག་ཉེ་པོ་མ་ཆགས་པ་དང་བློ་འགྱོད་མ་ཡོང་གོང་ནས་དེ་དག་ལ་བརྟག་ཞིབ་བྱ་རྒྱུར་རིན་པོ་ཆེས་ཐུགས་ནན་པོ་གནང་གི་ཡོད། དེ་ནི་ནུབ་ཕྱོགས་པ་རྣམས་ཀྱི་ནོར་འཁྲུལ་གཙོ་བོ་ཡིན་པ་རིན་པོ་ཆེས་གཟིགས་ཡོད། ང་ཚོས་དུས་སུ་མ་བབས་པའི་སྔོན་ནས་བྱ་བར་བྲེལ་འཚུབ་ངང་འཇུག་འདོད་བྱེད་ཀྱི་ཡོད། དེ་ལ་གླེན་པ་ཞིག་གིས་འཁྱགས་པ་ཆགས་པའི་མཚོའི་སྟེང་བརྒྱུགས་ཏེ། ད་གཟོད་འཁྱགས་རོམ་གྱིས་རང་གི་ལྗིད་ཚད་ཁྱོག་མིན་ཚོད་ལྟ་བྱེད་པ་ནང་བཞིན་བྱ་རྒྱུ་མེད་ཅེས་རིན་པོ་ཆེས་སྔོན་བརྡ་བཏང་གནང་གི་རེད།
རིན་པོ་ཆེས་གསུངས་དོན། མི་རྣམས་ཀྱིས་གུས་བརྩི་དང་བཅས་ཚང་མའི་བཀའ་ཁྲིད་ལ་བཅར་ཆོག་པ་དང་། བླ་མ་དགེ་འདུན་གྱི་ན་བཟའམ་ཁང་པའི་ནང་གི་སངས་རྒྱས་ཀྱི་སྐུ་ཐང་ལ་ཕྱག་བྱས་ཀྱང་འགྲིགས། འོན་ཀྱང་བླ་མ་དེའི་དགེ་ཕྲུག་ཆགས་མིན་གནས་ཚུལ་ཐ་དད་རེད། ད་དུང་ཁོང་གིས་ང་ལ་ངས་བླ་མ་སུའི་གསུང་སྒྱུར་བྱས་ཀྱང་འགྲིགས། འོན་ཀྱང་བླ་མ་དེའི་གསུང་སྒྱུར་བྱས་པས་རང་གི་བཤེས་གཉེན་དུ་འགྱུར་བའི་ངེས་པ་མེད་ལ། ཐ་ན་ངས་སྔགས་ཀྱི་དབང་གནང་སྐབས་གསུང་སྒྱུར་ཞུས་ཀྱང་དེ་དེ་བཞིན་དུ་རེད་ཅེས་ཁོང་གིས་བཀའ་གནང་བྱུང་། གནད་འགག་ནི་བླ་མའི་ཕྱོགས་སུ་འཛིན་པའི་རང་གི་ཀུན་སློང་ལ་ཐུག་ཡོད།
དུས་ལ་མ་བབས་སྔོན་ནས་གྲྭ་པའམ་བཙུན་མ་བྱ་རྒྱུ་མེད་པ།
ནུབ་ཕྱོགས་པ་མང་པོ་ཞིག་གིས་སོ་སོའི་མི་ཚེའི་ལྷག་མའི་ཁྲོད་དགོས་ངེས་ཅན་ཞིག་ཡིན་མིན་བརྟག་དཔྱད་ཡག་པོ་མ་བྱས་པར། བྲེལ་འཚུབ་ངང་ནང་པའི་གྲྭ་བཙུན་བྱེད་བཞིན་ཡོད་པ་རིན་པོ་ཆེས་དགོངས་ཀྱི་ཡོད། ཁོང་ཚོས་རྒྱུན་དུ་རང་ཉིད་རབ་བྱུང་གི་སྡོམ་པ་བླངས་ན་རང་གི་ཕ་མར་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་པའམ། ཡང་ན་མ་འོངས་པར་རང་ངོས་ནས་ཇི་ལྟར་རྒྱབ་སྐྱོར་རོགས་ཕན་བྱེད་ཕྱོགས་ཐད་བསམ་ཞིབ་རྩ་བ་ནས་བྱེད་ཀྱི་མེད། གལ་སྲིད་ང་རང་ཚོ་འདས་པའི་དུས་ཀྱི་སྲིད་པའི་འདོད་ཡོན་བློས་བཏང་བའི་ཚད་ལྡན་ཉམས་ལེན་པ་རྣམས་དང་འདྲ་བ་ཞིག་ཡོད་ན། ཁྱིམ་ཚང་ངམ། དངུལ་སོགས་ཀྱི་ཆ་རྐྱེན་ཁག་ལ་བསམ་བློ་གཏོང་དགོས་ཀྱི་མེད་པ་གསལ་པོ་རེད། འོན་ཀྱང་ང་ཚོ་རྗེ་བཙུན་མི་ལ་རས་པ་ཡིན་མིན་རང་སོ་སོས་གསལ་པོ་ཤེས་ཀྱི་ཡོད།
སྐབས་དོན་འདིར་རིན་པོ་ཆེས་ཡང་ནས་ཡང་དུ་གྲུབ་ཁང་དགེ་ལེགས་རྒྱ་མཚོ་མཆོག་དཔེ་མཚོན་དུ་དྲངས་ཀྱི་རེད། བོད་ཀྱི་མཁས་གྲུབ་ཆེན་པོ་ཁོང་སྐུ་ན་གཞོན་དུས་ནས་རབ་ཏུ་འབྱུང་རྒྱུའི་ཐུགས་འདོད་ཤིན་ཏུ་ཆེ་ནའང། ཁོང་གི་ནང་མིས་མོས་མཐུན་མ་གནང་བས་ཐུགས་ཤིན་ཏུ་ཕམ་པོ་བྱུང་ཡོད། དེར་བརྟེན་ཁོང་གིས་ཡབ་ཡུམ་གཉིས་འཚོ་བཞུགས་སྐབས་ཞབས་ཏོག་ཧུར་ཐག་ཞུས་པ་དང། ཁོང་གཉིས་འདས་གྲོངས་སུ་ཕྱིན་རྗེས་རྒྱུ་བཟང་པོ་སྐྲུན་པའི་ཆེད་ཕ་གཞིས་མ་ལུས་པ་ཞལ་འདེབས་སུ་ཕུལ་བ་དང་། དེ་རྗེས་གཞི་ནས་རབ་དུ་བྱུང་བ་རེད།
རིན་པོ་ཆེས་རྒྱུན་དུ་རང་རེའི་ཕ་མ་རྣམས་ལ་བརྩི་བཀུར་དང་ཞབས་ཏོག་ཞུ་རྒྱུར་ཐུགས་ནན་གནང་། ནུབ་ཕྱོགས་པའི་ནང་པ་ཡིན་པའི་ཆ་ནས་ང་ཚོས་སྐྱེ་བ་སྔོན་མ་རྣམས་སུ་སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱས་མ་མྱོང་བ་མེད་པས། དེ་དག་གི་དྲིན་ལན་འཇལ་དགོས་པར་ངོས་འཛིན་དགོས་སྐོར་ཞལ་བདེ་པོས་ཤོད་ཀྱི་ཡོད། འོན་ཀྱང་མི་སྒེར་གྱི་ངོས་ནས། ང་ཚོ་མང་པོ་ཞིག་གིས་ཚེ་འདིའི་ཕ་མར་ཡང་དེ་ཙམ་ཡག་པོ་བྱེད་ཀྱི་མེད། དྲིན་ཆེན་གྱི་ཕ་མར་བསྙེན་བཀུར་ཞབས་ཏོག་བསྒྲུབ་རྒྱུ་ནི་ནང་པའི་ཆོས་ཀྱི་ཉམས་ལེན་གལ་ཆེན་པོ་ཞིག་ཡིན་པ་རིན་པོ་ཆེས་སློབ་སྟོན་གནང་ཡོད།
གལ་ཏེ་མི་ཞིག་གིས་སྔོན་འཚུད་ནས་བརྟག་དཔྱད་ནན་པོ་བྱས་ཏེ་རབ་ཏུ་བྱུང་བའམ། སྔ་ས་ནས་རབ་བྱུང་གི་སྡོམ་པ་ཐོབ་ཟིན་པ་ཡིན་ན། ཡིན་ལ་མིན་ལ་བྱ་ཕ་ཝང་ནང་བཞིན་བྱ་རྒྱུ་མེད། ཅེས་རིན་པོ་ཆེས་བཀའ་སློབ་གནང་གི་རེད། ཕ་ཝང་བྱིའུ་ལྟ་བུར་མཚོན་ན། གཞན་དང་མཉམ་དུ་ཡོད་སྐབས། བྱིའུས་གང་བྱེད་པ་དེའི་རྗེས་སུ་འབྲང་འདོད་མེད་པར། “ཨོ། ངས་དེ་འདྲ་བྱས་ན་འགྲིག་གི་མ་རེད། ང་ལ་སོ་ཡོད།” ཅེས་ཟེར་བ་དང་། གལ་སྲིད་ཙི་ཙིའི་ཁྲོད་དུ་ཡོད་ན། “ཨོ། ངས་དེ་འདྲ་བྱས་ན་འགྲིག་གི་མ་རེད། ང་ལ་གཤོག་པ་ཡོད།” ཅེས་ཟེར་གྱི་ཡོད། དཔེ་དེ་ནང་བཞིན་བྱེད་པ་ནི་གྲྭ་ཆས་སྟབས་ཇི་བདེའི་མཁོ་སྤྱད་ཙམ་དུ་བེད་སྤྱོད་བྱེད་པ་ཡིན། དེ་འདྲའི་མི་ཚོས། དཔེར་ན། གྲྭ་ཆས་ལ་སྙད་བཏགས་ཏེ། སོ་སོའི་དཔལ་འབྱོར་སོ་སོས་མཁོ་སྒྲུབ་བྱེད་པ་ལྟ་བུའི་མི་སྐྱའི་ལས་དོན་འགའ་ཞིག་ལ་དགའ་པོ་བྱེད་ཀྱི་མེད། ཡང་དཔེར་ན། ཚོགས་རྒྱུན་རིང་པོའམ། གྲྭ་ཆས་གྱོན་ཏེ་འགྲུལ་བཞུད་བྱེད་དགོས་པ་ལ་སོགས་པའི་རབ་བྱུང་བའི་བྱ་བ་དང་ཁྲིམས་ལ་བརྩི་བཀུར་མ་ཞུས་པར། རང་ཉིད་ནུབ་ཕྱོགས་པ་ཡིན་པར་ཁག་དཀྲི་བཏགས་ཀྱི་ཡོད། དེར་བརྟེན་རིན་པོ་ཆེས། “ཁྱེད་རང་སུ་ལ་མགོ་སྐོར་གཏོང་གི་ཡོད་དམ།” ཞེས་གསུངས་ངེས་རེད།
ཆོས་ཉམས་ལེན་ལ་འཇུག་པ་དེ་ལས་ཀ་མི་རག་པའི་སྙད་འདོག་ས་མ་རེད།
དེས་ནང་པའི་ཉམས་ལེན་པ་ཚོས་ལས་ཀ་བྱེད་མི་དགོས་པའི་དོན་སྟོན་གྱི་མེད་པ་རིན་པོ་ཆེས་འགྲེལ་བརྗོད་གནང་སྟེ། སྐྱ་སེར་སུ་ཡིན་ཀྱང་། ཚང་མས་དོན་དངོས་དང་མཐུན་པ་དང་སྙེམ་ཆུང་བྱེད་དགོས། ང་ཚོས་སོ་སོའི་ཡིད་དང་ངག་གི་ཀུན་སྤྱོད་ལ་ཚོད་འཛིན་བྱ་རྒྱུ་ནི་ལུས་ཀྱི་ཀུན་སྤྱོད་ལ་ཚོད་འཛིན་བྱེད་པ་ལས་གལ་འགངས་ཆེ་བ་ཡིན་པར་གསུངས་ཀྱི་ཡོད། དེར་བརྟེན་ཁོང་གིས་རང་ལ་རང་གིས་ལྟ་རྟོག་དགོས་པའི་ཉམས་ལེན་གཟབ་ནན་གནང་མཁན་ཚོས་འཚོ་ལས་གང་རུང་བྱེད་དགོས་པའི་བསླབ་བྱ་གནང་ཡོད། ང་ཚོས་ལས་ཀ་བྱེད་བཞིན་པའི་སྐབས། གཟུང་སྔགས་བཟླ་བ་དང་སེམས་པ་བཟང་པོ་བྱེད་ཐུབ། གལ་སྲིད་ལས་ཀའི་སྐབས་ཆོས་ལ་བསམ་བློ་གཏོང་བ་ནི་ཧ་ཅང་ཁག་པོ་ཡིན་པ་དང་། ང་ཚོས་སྔགས་ཀྱི་དབང་ཐོབ་ཟིན་པ་ཡིན་ན། ང་ཚོས་མ་མཐར་རང་སྣང་ངན་པ་ཡོད་པ་རྣམས་འགྱུར་བ་གཏོང་ཐུབ། ང་ཚོས་ཉིན་གང་པོར་སོ་སོ་རང་ཉིད་ཡི་དམ་གྱི་ལྷའི་ངོ་བོར་འཆར་བ་དང་། གནས་ཁང་ཁོར་ཡུག་རྣམས་དག་པའི་ཞིང་ལྟ་བུར་ཆོས་ཉམས་ལེན་གོང་ནས་གོང་དུ་སྤེལ་བར་ཡང་དག་པར་མཐུན་པའི་ཆ་རྐྱེན་དུ་ཡིད་ལ་འཆར་ཐབས་བྱེད་ཆོག །དེ་རྗེས་ཞོགས་པ་སྔ་པོ་དང་མཚན་མོ་ང་ཚོས་སྒོམ་གྱི་དམིགས་རྣམ་ཞིབ་ཚགས་པོ་ཉམས་ལེན་བྱེད་ན་འགྲིགས་པ་ཡིན། རིན་པོ་ཆེས་རྟག་ཏུ་ནང་ཆོས་ནི་རང་གི་མི་ཚེ་ལས་ལོགས་སུ་ཡོད་པ་ཞིག་ཏུ་བརྩི་རྒྱུ་མེད་ཅེས་དོ་ནན་གནང་གི་ཡོད།
ལོ་མང་རིང་། ཊུར་ཎེར་་ཁོང་རང་གི་ཆུང་མ་དང་བུ་ཕྲུག་གཉིས་དང་ལྷན་དུ་དབྱིན་ཡུལ་དུ་གནས་སྡོད་ཀྱིས་སྤྱི་ཚོགས་བདེ་དོན་ཐོག་ལས་མེད་དུ་གནས་པ་རེད། ཁོ་པས་ཧ་ལམ་རང་གི་དུས་ཚོད་ཆ་ཚང་གཟབ་ནན་གྱི་བསྙེན་མཚམས་ཐོག་ལ་བཏང་སྟེ། ང་ལ་ཆོས་བྱེད་པའི་གོ་སྐབས་ཡོད་དུས། ག་རེ་བྱས་ནས་ལས་ཀ་བྱས་ཏེ་དུས་ཚོད་འཕྲོག་བརླག་གཏོང་དགོས་རེད་ཅེས་ཚོར་གྱི་ཡོད། དེ་སྔོན་ཁོ་པར་རིན་པོ་ཆེའི་དྲུང་ནས་རྒྱུ་ནོར་ལོངས་སྤྱོད་དང་འབྲེལ་བའི་སྲུང་མ་མགོན་དཀར་གྱི་རྗེས་གནང་ཐོབ་པ་དང་། ཁོ་པའི་དཔལ་འབྱོར་གྱི་དཀའ་ངལ་སེལ་བའི་ཆེད་ཉིན་ལྟར་སྨོན་ལམ་བཏབ་ཀྱི་ཡོད། དེ་ལ་རིན་པོ་ཆེས་ཐུགས་མཉེས་པོ་རྩ་བ་ནས་མ་གནང་བར། དེ་ནི་ནད་པ་ཞིག་གིས་སྨན་རྩ་བ་ནས་མ་བཟས་པར་ན་ཚ་དྲག་སྐྱེད་ཡོང་ཕྱིར་སངས་རྒྱས་སྨན་ལྷ་ལ་གསོལ་བ་བཏབ་པ་དང་འདྲ་བ་རེད་ཅེས་གསུངས། ཁོ་པར་ལས་ཀ་བྱེད་དགོས་པ་དང་སྒོམ་སྒྲུབ་ཀྱི་ཉམས་ལེན་ཞོགས་པ་དང་མཚན་མོ་དུས་ཡུན་ཐུང་ཙམ་རེ་བྱས་རྗེས། ཆོས་སྐྱོང་མགོན་དཀར་ལ་གསོལ་བ་བཏབ་པ་ཡིན་ན་རང་གི་ལས་ཀ་དེ་དཔལ་འབྱོར་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིང་ཡོང་བར་ཕན་ངེས་ཡིན་ཞེས་གསུངས་གནང་ཡོད།
རྟག་ཏུ་ཚིག་ཐོག་དོན་འཁྱོལ་དང་དོན་གོ་ཆོད་པ་དགོས།
སྟོང་ལྷང་ལྷང་གི་རྣམ་གཡེང་དབང་དུ་མ་ཤོར་བར་ཚིག་ཐོག་དོན་འཁྲོལ་དང་དོན་གོ་ཆོད་པ་བྱེད་མཁན་གྱི་མི་རྣམས་ལ་རིན་པོ་ཆེ་ཐུགས་མཉེས་ཀྱི་ཡོད་པས། ཁོང་གིས་དུས་རྟག་ཏུ་ཉམས་ལེན་དང་ཁ་འདོན་དགེ་སྦྱོར་རྣམས་ཀྱི་ཆེད་དུས་ཚོད་མང་པོ་མི་བཏང་བར་མགྱོགས་པོ་ཚར་བ་གནང་གི་ཡོད། ཐེངས་གཅིག་ཨི་ཊ་ལིར་ (Italy) མི་ལན་ (Milan) དུ་དགེ་འཕེལ་གླིང་ཆོས་ཚོགས་ཀྱི་སློབ་ཕྲུག་ཚོས་རིན་པོ་ཆེ་ལ་ལམ་རིམ་དང་སྤྱན་རས་གཟིགས་ཉམས་ལེན་གྱི་སློབ་ཚན་མཇུག་སྡོམ་གནང་སྟེ། སྒོམ་གྱི་ཐུན་ཞིག་དབུ་འཛུགས་གནང་རོགས་ཞུས་པ་དང་། རིན་པོ་ཆེས་ཞལ་བཞེས་གནང་སྟེ། ལྷ་དྲུག་གི་སྒོ་ནས་རང་ཉིད་སྤྱན་རས་གཟིགས་ཀྱི་ངོ་བོར་བསྐྱེད་དེ་ལམ་རིམ་གྱི་གནད་བཅུ་ཕྲག་ཁ་ཤས་ཀྱི་ཐོག་སྒོམ་རྒྱག་དགོས་པའི་ལམ་སྟོན་གནང་བ་དང་། དེ་ཡང་ཚང་མ་སྐར་མ་གཉིས་ནང་ཚར་བ་དགོས་ཞེས་གསུངས་སོང། སློབ་ཕྲུག་རྣམས་ཀྱིས་དེ་ལ་ཡིད་ཆེས་མེད་ཅེས་བརྗོད་པ་དང་སྐར་མ་གཉིས་ཀྱི་དུས་ཡུན་ཐུང་དྲགས་པའི་རྒོལ་གཏམ་བསྒྲགས་པར། རིན་པོ་ཆེ་སྐུ་ལྷོད་ལྷོད་གནང་ནས། “འགྲིག་གི་རེད། བྱས་ན་སྐར་མ་གསུམ་ནང་གྱིས་ཤིག” །ཅེས་གསུངས། དེ་རྗེས་ཁོང་གིས་ཉམས་ལེན་པ་ཡག་པོ་ཞིག་གིས་ལམ་རིམ་གྱི་གནད་ཆ་ཚང་མི་ཞིག་གིས་རྟ་བཞོན་པའི་སྐབས་རྐང་པ་རྟ་སྒའི་སྟེང་སྤོ་བའི་དུས་ཡུན་ནང་ཡིད་ལ་བྱེད་ཐུབ་སྐོར་དང་། འཆི་བ་ཐོག་ཏུ་བབས་པའི་ཚེ། ལྷོད་ལྷོད་ངང་བསྡད་ནས་ག་ལེར་དམིགས་རྣམ་སྦྱོང་བའི་དུས་ཚོད་མེད་ཅེས་འགྲེལ་བརྗོད་གནང་སོང།
ནང་ཆོས་ཉམས་ལེན་སྐབས་དངོས་པོའི་གནས་ལུགས་དང་མཐུན་པ་དགོས།
རིན་པོ་ཆེས་ནང་ཆོས་ཉམས་ལེན་གྱི་རིགས་ཚང་མའི་ཁྲོད་དུས་དང་རྣམ་པ་ཀུན་དུ་དོན་དངོས་དང་མཐུན་པ་བྱེད་དགོས་ཞེས་ཐུགས་ནན་པོ་གནང་ཞིང་། གལ་སྲིད་གཞན་དོན་སྒྲུབ་ཐབས་ཆེད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སྙེག་བཞིན་པ་ཚོར་དེ་དམིགས་བསལ་གནད་འགག་ཆེན་པོ་ཆགས་ཡོད། མ་གཞི་ང་ཚོར་གཞན་ལ་རོགས་རམ་བྱེད་རྒྱུའི་འདུན་པ་རྟག་ཏུ་དགོས་ཀྱང་། ང་ཚོས་རོགས་རམ་བྱས་པར་གཞན་གྱིས་དང་ལེན་བྱེད་མིན་ལ་བལྟ་དགོས། མཐར་ང་ཚོའི་འབད་རྩོལ་གྱི་གྲུབ་འབྲས་ནི་ལས་འབྲས་ལ་བརྟེན་ཡོད་པ་རེད། དེར་བརྟེན་སོ་སོར་སེམས་འཁུར་མེད་པའི་གནད་དོན་ནམ་གཞན་གྱི་རོགས་རམ་ལེན་འདོད་མེད་མཁན་ཚོར་རོགས་རམ་བྱེད་སྐབས་གཟབ་གཟབ་བྱེད་དགོས་པར་རིན་པོ་ཆེས་བཀའ་སློབ་གནང་གི་ཡོད། གནས་སྟངས་དེ་ལྟ་བུའི་སྐབས་ང་ཚོའི་ཐེ་བྱུས་ཀྱིས་འཁོན་འཛིན་འབའ་ཞིག་གི་རྒྱུ་བྱེད་པ་དང་། གལ་སྲིད་རོགས་རམ་བྱས་པ་ལམ་ལྷོང་མ་བྱུང་བ་ཡིན་ན། ང་ཚོར་སྙད་འདོག་ངེས་རེད།
སོ་སོའི་ནུས་ཚད་ལས་བརྒལ་བའི་ཁས་ལེན་མི་བྱེད་པ།
ཡག་ཤོས་ནི་ཁུ་སིམ་པོའི་གནས་བབས་ནང་སྡོད་རྒྱུ་དེ་ཡིན། ང་ཚོས་གཞན་ལ་རོགས་རམ་བྱེད་རྒྱུའི་འདོད་པ་ཡོད་པ་ཤེས་རྟོགས་ཡོང་བར་བྱེད་ཆོག །གལ་སྲིད་ཁོང་ཚོས་རེ་སྐུལ་བྱས་ན། ཏན་ཏན་ང་ཚོ་ཁོང་ཚོའི་བྱ་གཞག་ལ་ཐེ་གཏོགས་བྱེད་ངེས་ཡིན། འོན་ཀྱང་ང་རང་ཚོ་སོ་སོ་གླར་གཏོང་ཆེད་ཀྱི་བྱང་ཆུབ་སེམས་དཔའ་ལྟ་བུར་ཁྱབ་བསྒྲགས་བྱ་རྒྱུ་སྤོང་དགོས། ལེགས་ཤོས་ནི་ཉིན་རེའི་སྒོམ་ཉམས་ལེན་བྱས་ཏེ་དམའ་ས་བཟུང་ནས་སྡོད་རྒྱུ་དེ་ཡིན། ལྷག་པར་དུ་སོ་སོའི་ནུས་ཚད་ལས་བརྒལ་ཏེ་སྒྲུབ་ཐུབ་པར་དམ་བཅའ་བའམ། ལས་དོན་གང་ཡང་རུང་བ་ཞིག་མ་འོངས་པར་མཇུག་སྐྱེལ་གྱི་ཡིན་ཞེས་དྲིལ་སྒྲོག་བྱེད་མཁན་རྣམས་ལ་རིན་པོ་ཆེས་སྔོན་བརྡ་གཏོང་གནང་གི་ཡོད། དེས་འགོག་རྐྱེན་བར་ཆད་་ཁོ་ན་བཟོ་བ་དང་། མཐར་ཁྱབ་བསྒྲགས་བྱས་པ་ནང་བཞིན་མ་སྒྲུབ་པ་ཡིན་ན། ང་ཚོས་སོ་སོ་ལྐུགས་པ་བཟོ་བ་དང་གཞན་གྱི་ཡིད་ཆེས་ཚང་མ་བརླག་འགྲོ་ཉེན་ཡོད།
སོ་སོའི་ནུས་ཚད་ལས་བརྒལ་བའམ་སོ་སོའི་ངོས་ནས་སྒྲུབ་མི་ཐུབ་པ་ལ་དམ་བཅའ་བྱ་རྒྱུ་མེད་པའི་གནད་དོན་དེ་དམིགས་བསལ་གྱི་དགེ་བའི་བཤེས་གཉེན་དང་སོ་སོ་རང་ཉིད་དབར་གྱི་འབྲེལ་ལམ་དང་འབྲེལ་བ་ཡོད་པ་ཞིག་ཡིན། རིན་པོ་ཆེས་ཉིན་ལྟར་སྐུ་ཉིད་ཀྱི་སྒོམ་ཉམས་ལེན་གྱི་ཆ་ཤས་སུ་ལྗགས་ཀློག་གནང་བཞིན་པའི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བླ་མ་ལྔ་བཅུ་པ་རྒྱུན་དུ་ཉམས་སུ་ལེན་དགོས་ཞེས་གསུངས་ཀྱི་ཡོད། གལ་ཏེ་དགེ་རྒན་གྱིས་ང་ཚོར་ལས་དོན་གང་ཡང་རུང་བ་ཞིག་ལྷུར་ལེན་དགོས་ཞེས་བཀའ་ཕེབས་པའི་སྐབས། རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ང་ཚོས་སྒྲུབ་ཐུབ་ཀྱི་མེད་ཚེ། ང་ཚོས་སྙེམ་ཆུང་དང་གུས་ཞབས་ངང་དེ་དེ་བཞིན་དུ་སྒྲུབ་མི་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་དགོས། དགེ་བའི་བཤེས་གཉེན་ཞིག་ལ་ལྷག་བསམ་ཟོལ་མེད་ཀྱི་ཁས་ལེན་ཞུ་བའི་དོན་ནི་རང་ཉིད་བྲན་གཡོག་ཅིག་གམ། མི་གཟུགས་འཕྲུལ་ཆས་ལྟ་བུར་བཀོལ་སྤྱོད་བྱ་ཕྱིར་མིན་པར། སོ་སོའི་རྐང་པའི་སྟེང་ལང་ཐུབ་པ་དང་། སོ་སོའི་དོན་དུ་བསམ་བློ་གཏོང་ཐུབ་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡིན། གལ་ཏེ་ང་ཚོས་དགེ་རྒན་གྱི་བཀའ་ཚུལ་བཞིན་དུ་སྒྲུབ་མ་ཐུབ་ན། ང་ཚོས་སོ་སོའི་དགེ་རྒན་ཐུགས་ཕམ་འཇུག་པ་དང་། སོ་སོ་དགེ་ཕྲུག་སྡུག་ཅག་ཅིག་རེད་ཅེས་བསམས་ནས་ནག་ཉེས་ཅན་དུ་ཚོར་བ་ནི་ཕྱོགས་གང་ཐད་ནས་མི་འོས་པ་ཞིག་ཡིན། ཚུལ་ལྡན་གྱི་དགེ་བའི་བཤེས་གཉེན་ཞིག་ནི་ཁུངས་ལུང་མེད་པའི་གདུག་རྩུབ་ཅན་གྱི་རྒྱལ་པོ་ཞིག་དང་འདྲ་བ་མ་ཡིན།
གལ་སྲིད་སོ་སོའི་དགེ་རྒན་ནམ། གཞན་སུ་ལའང་། ང་ཚོས་བྱ་བ་ཞིག་བསྒྲུབ་རྒྱུར་མོས་མཐུན་བྱས་པ་ན། ཚང་མ་འགོ་ནས་གསལ་པོ་བཟོ་དགོས་པར་རིན་པོ་ཆེས་བསླབ་བྱ་གནང་གི་ཡོད། གལ་སྲིད་ང་ཚོས་བྱིས་བློའི་སྒོ་ནས་གཞན་ལ་ཕན་གནོད་གང་ཡོང་མི་ཤེས་པའི་རོགས་རམ་བྱེད་མཁན་ནང་བཞིན་མོས་མཐུན་བྱས་པ་ན། དེས་རྗེས་འབྲས་ངན་པ་ཡོང་བའི་ཉེན་ཁ་བཟོ་གི་ཡོད། དངོས་སུ་བྱ་བར་འཇུག་པའི་སྐབས་སམ་བྱ་བ་བསྒྲུབས་ཚར་བའི་རྗེས། གཞི་ནས་ཚུར་གཅིག་རག་པའི་རེ་བ་རྒྱག་གི་ཡོད་སྐོར་གསལ་བསྒྲགས་བྱེད་ཀྱི་ཡོད། རིན་པོ་ཆེས་གལ་ཏེ་ང་ཚོ་ཚིག་ཐོག་དོན་འཁྱོལ་དང་། ཁ་ཡོད་ལག་ཡོད། དངོས་པོའི་གནས་ལུགས་དང་མཐུན་པའི་ཐོག་སྔོན་འཚུད་ནས་བསམ་བློ་ཞིབ་མོར་གཏོང་བ་ཡིན་ན། དེ་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་བྱ་བ་ལམ་ལྷོང་ཡོང་ཐུབ་ཅེས་དང་། དེ་ལས་ལྡོག་ཏེ། གལ་སྲིད་ང་ཚོ་ཁ་ཞེ་མི་མཐུན་པ་དང་། དོན་དངོས་དང་མི་མཐུན་པའི་ཐོག་ནས་ཀླད་མེད་ཀྱིས་བྲེལ་འཚུབ་ངང་བྱ་བར་ཞུགས་པ་ཡིན་ན། ཆོས་དང་འཇིག་རྟེན་གཉིས་ཀའི་བྱ་བཞག་ལམ་ལྷོང་ཡོང་གི་མ་རེད་ཅེས་གསུངས།
ནང་པའི་ཆོས་ཚོགས་ཁག་ལ་བསླབ་བྱ།
རིན་པོ་ཆེས་ནུབ་ཕྱོགས་ཀྱི་ནང་པའི་ཆོས་ཚོགས་ཁག་ལའང་བསླབ་བྱ་གཅིག་མཚུངས་གནང་ཡོད། ཁོང་གིས་ཆོས་ཚོགས་དེ་དག་ལ་གསུང་དོན། སོ་སོ་བུ་ལོན་ནང་ལྷུང་བ་དང་ཁས་ལེན་བྱས་པའི་ལས་འཆར་ལག་བསྟར་རམ། མཇུག་སྐྱོང་མི་ཐུབ་པའི་གཞི་རྒྱ་ཆེན་པོ་བྱེད་རྒྱུར་སྤོང་དགོས། ཞེས་དང་། གཡོ་ཟོལ་དང་རློམ་སེམས་མེད་པར་འགོ་ཆུང་ས་ནས་བཙུགས་ཏེ། ལུང་ཁུག་དང་ས་ཆ་དབེན་ས་ལ་གནས་འཆའ་རྒྱུའི་ཞེ་འདོད་ལ་འགོག་རྒོལ་བྱེད་དགོས་པར་གསུངས་ཡོད། ནང་པའི་ཆོས་ཚོགས་ནི་གྲོང་ཁྱེར་ནང་གནས་སྡོད་མི་རྣམས་སླེབས་བདེ་བ་དང་གནས་འཁོད་གྲོང་མི་ཚོར་ཉེ་འཁོར་དུ་ལས་ཀ་འཐོབ་སླ་བ་ཞིག་དགོས། ཁོང་ཚོས་དུས་ལ་བབས་པ་དང་དགོས་མཁོ་ཡོད་ན། ཆོས་ཚོགས་ཕར་བཙོང་ནས་དེ་ལས་གཞི་རྒྱ་ཆེ་ཙམ་གྱི་ཆོས་ཚོགས་ཤིག་དུས་རན་ཚོད་ཅིག་གི་ནང་ཉོ་ཆོག་པ་ཡིན།
ནང་པའི་ཆོས་ཚོགས་ཀྱི་དམིགས་ཡུལ་ནི་སྒྱུ་རྩལ་འཁྲབ་སྟོན་ཁང་ནང་བཞིན་གཡོ་ཟོལ་དང་རློམ་སེམས་ངང་དྲིལ་བསྒྲགས་བྱས་ཏེ་མི་མང་པོ་འདུ་རྒྱུ་དེ་མིན། རིན་པོ་ཆེས་རྟག་ཏུ་ལྷག་བསམ་རྣམ་དག་གི་སློབ་ཕྲུག་གི་ཚན་པ་ཉུང་ཤས་ལ་ཐུགས་མཉེས་པོ་གནང་གི་ཡོད། དེར་མ་ཟད། དགེ་བའི་བཤེས་གཉེན་འཚོལ་བའི་སྐབས། གནད་དོན་གཙོ་བོ་ནི་མི་དེས་སྤྲོ་སྣང་ག་འདྲ་སྟེར་གྱི་ཡོད་པ་དང་། གང་ཟག་དེས་བཤད་པའི་སྒྲུང་དེ་སྙན་པོ་དང་དགོད་བྲོ་པོ་ག་ཚོད་ཡོད་མེད་ལ་བལྟ་རྒྱུ་དེ་གནད་འགགས་གཙོ་བོ་མ་རེད། གལ་སྲིད་ང་ཚོ་གད་མོ་དགོད་འདོད་པའམ། ཡ་མཚན་ཅན་ཞིག་མཐོང་འདོད་ཡོད་ན། ང་ཚོས་སྒྱུ་རྩལ་འཁྲབ་སྟོན་ཁང་གི་གད་མོ་སློང་མཁན་ནམ། ཡང་ན་ཞར་བྱུང་ལྟད་མོ་བལྟ་བར་འགྲོ་ན་འགྲིག་གི་ཡོད།།