ནང་པ་ཚོར་ཆ་བཞག་ན། ཆོས་ཞེས་པའི་ཚིག་དེ་སངས་རྒྱས་ཀྱི་ཆོས་ལ་གོ་བ་དང་ཆོས་ཀྱིས་ང་ཚོ་ད་ལྟའི་གནས་སྐབས་ཀྱི་རྨོངས་པ་དང་མི་སྐྱིད་པ་ལས་ཐར་བར་བྱས་ནས་རིག་པ་ཡེ་ཤེས་དང་བདེ་བའི་གནས་སྐབས་སུ་ཁྲིད་པར་བྱེད་ཀྱི་ཡོད། ཇི་ལྟར་ཨིན་ཇིའི་སྐད་དུ་ཆོས་ལུགས་སམ་ (religion) ཞེས་པ་དེ་ནི་ལེ་ཊིན་གྱི་ཚིག་མཉམ་དུ་སྡེབ་པའམ་མཉམ་དུ་བསྡམ་པའི་ (to bind together) དོན་ལས་བྱུང་ཞིང་། ཆོས་སམ་དྷརྨ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ནས་བྱུང་བ་དང་“དྷར་”ཞེས་པ་ནི་བརྟན་པོར་འཛིན་པ་དང་རྒྱབ་རྟེན་བྱེད་པ་ལ་གོ་བ་ཡིན། གཞི་རྩའི་ཆ་ནས་ཆོས་ཀྱིས་ང་ཚོ་བཟོད་པར་དཀའ་བ་དང་སྡུག་བསྔལ་ཡུན་རིང་མྱོང་བར་འགྱུར་བའི་ངན་སོང་གི་གནས་སུ་ལྷུང་དུ་མི་འཇུག་པར་བརྟན་པོར་འཛིན་གྱི་ཡོད།
What is dharma

སངས་རྒྱས་ཀྱི་ཆོས་ཚུལ་དང་པོ། 

ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་ལ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་ནས་ཐོག་མར་ཁོང་གིས་ཆོས་གསུང་བར་ཐེ་ཚོམ་སྐྱེས་ཏེ། ཁོང་གིས་གང་གསུང་བར་འགྱུར་བའི་ཆོས་ཚུལ་དེ་དག་ཧ་ཅང་ཟབ་མོ་དང་གོ་དཀའ་བའམ། ཡང་ན་འཇིག་རྟེན་གྱི་འདོད་ཡོན་ལོངས་སྤྱོད་ལ་རྨོངས་པའི་མི་རྣམས་དོ་སྣང་ཡང་བྱེད་མདོག་མ་རེད་ཅེས་དགོངས་པ་རེད། དེ་ལྟར་འཇིག་རྟེན་གྱི་བྱེད་པོ་བྲམ་ཟེའམ་བྲཱཧྨ་སངས་རྒྱས་ཀྱི་སྐུ་མདུན་དུ་བྱོན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་མཁན་གྱི་གང་ཟག་ཡོད་ངེས་པས། ཁྱེད་ནས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཆོས་གསུང་རོགས་ཞེས་འབོད་སྐུལ་ཞུས་པའི་སྐོར་གནའ་བོའི་གཞུང་ལུགས་དག་གི་ནང་གསལ་ཡོད། དེ་ལ་བརྟེན་ནས་སངས་རྒྱས་ཀྱིས་ཁོང་གི་ཆོས་ཚུལ་ཐོག་མ་དེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཕགས་པའི་བདེན་པ་བཞིའི་སྐོར་གསུངས་པ་རེད། དེ་ནི་ནང་པའི་ལམ་གྱི་སྒྲོམ་གཞི་ཡོངས་སུ་རྫོགས་པ་དེ་གྱུར་བ་དང་དེང་སང་འཛམ་གླིང་ནང་། འཕགས་པའི་བདེན་པ་བཞི་ནི་ནང་པའི་ཆོས་སྲོལ་གྱི་རྨང་གཞིར་གྱུར་ཡོད་པ་རེད། 

སངས་རྒྱས་ཀྱིས་གསུངས་པའི་བདེན་པ་དང་པོ་ནི། ང་ཚོའི་མི་ཚེ་ནི་དུས་རྟག་ཏུ་ཚིམ་པ་མེད་པ་དང་སྡུག་བསྔལ་གྱི་རང་བཞིན་དེ་ཡིན་པ་རེད། དུས་དང་གནས་སྐབས་གང་ཞིག་ལའང་ང་ཚོས་ཇི་ཙམ་གྱིས་སྐྱིད་པོ་ཚོར་ནའང་སྐྱིད་པོ་དེ་ནི་ཡུན་དུ་མི་གནས་པའི་གནས་སྐབས་ཙམ་ཡིན། འདི་ནི་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་ཡིན་པ་རེད། ང་ཚོ་ཚང་མས་སོ་སོའི་མི་ཚེའི་ནང་འདི་ལྟར་ཉམས་སུ་མྱོང་གི་ཡོད། ང་ཚོ་ལ་བདེ་སྐྱིད་ག་ཚོད་ཡོད་ནའང་དེ་ནི་བརྟན་པོ་མེད་ལ་ཡུན་རིང་མི་གནས་ཤིང་དུས་ངེས་མེད་ཀྱི་ནང་སྡུག་བསྔལ་ལ་འགྱུར་གྱི་ཡོད། བདེན་པ་གཉིས་པ་ནི། ང་ཚོའི་སྡུག་བསྔལ་ནི་དོན་ངོ་མར་ཕྱི་ལོགས་ཤིག་ནས་ཡོང་གི་མེད་པར། དེ་ནི་སོ་སོ་རང་ཉིད་ལ་གང་འདོད་པ་དེ་ཐོབ་པའི་འདོད་ཆགས་དང་དེའི་སྒང་ལ་ཆོས་རྣམས་དོན་ངོ་མར་ཇི་ལྟར་ཡོད་པའི་ཚུལ་ལ་རྨོངས་པའི་མ་རིག་པ་ལ་བརྟེན་ནས་ཡོང་གི་ཡོད། བདེན་པ་གསུམ་པའི་སྐབས་སུ་ང་ཚོ་སྡུག་བསྔལ་དང་དཀའ་ངལ་དེ་དག་ལས་ཐར་རྒྱུ་ཡོད་པ་ཞིག་སྟོན་གྱི་ཡོད། བདེན་པ་བཞི་པ་ནི་ལམ་སྟེ། ལམ་དེའི་རྗེས་སུ་ང་ཚོ་འཇུག་དགོས་ཤིང་། དེ་ལྟར་ལམ་གྱི་བདེན་པ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ཐར་བ་ཞིག་ཡོང་གི་ཡོད་པ་བཅས་སོ།།

སངས་རྒྱས་ཀྱི་ཆོས་ཚུལ་རྣམས་ནི་སྡུག་བསྔལ་སྤོང་བར་དམིགས་པ་ཞིག་ཡིན།

སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཆོས་ཚུལ་ཐམས་ཅད་ངག་ཐོག་ནས་གསུངས་པ་དང་དེ་དག་རང་སོ་སོའི་བློ་འཛིན་བྱེད་དགོས་ཀྱི་ཡོད། དེར་བརྟེན་དེ་དག་ཡིག་ཐོག་ཏུ་ཕབ་ནས་ཕྱོགས་བསྡུས་མ་བྱེད་གོང་ངག་ཐོག་ནས་མི་རབས་འགའི་རིང་གཅིག་ནས་གཅིག་བརྒྱུད་པ་ཞིག་ཡིན། དེང་སང་སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཀྱི་རྗེས་འབྲང་རབ་ཏུ་བྱུང་བ་རྣམས་ཀྱི་ཆེད་དུ་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་གཞུང་ལུགས། དེ་བཞིན་ལྟ་གྲུབ་དང་འབྲེལ་བའི་མངོན་པའི་གཞུང་ལུགས་བཅས་ང་ཚོའི་ལག་ཏུ་བཞག་ཡོད་པ་དེ་དག་གཅིག་ཏུ་སྒྲིལ་བ་ལ་སྡེ་སྣོད་གསུམ་ཞེས་སུ་གྲགས་པ་ཡིན། སྤྱིར་བཏང་སངས་རྒྱས་ཀྱིས་ཁྱོན་བསྡོམས་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་ཅེས་ཤོད་སྲོལ་ཡོད་པ་དང་། དེ་དག་ནི་ང་ཚོའི་རྒྱུད་ཀྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཡིན་པ་རེད། དེ་དག་གི་གྲངས་ནི་མཐོང་ཚུལ་ཙམ་ཡིན་སྲིད་ནའང་། དེ་དག་ནི་ང་ཚོས་དཀའ་ངལ་དང་། ཡིད་བསུན། སྔུག་བསྔལ་གྱི་རིགས་ག་ཚོད་ལ་བཟོད་དགོས་ཀྱི་ཡོད་པ་སྟོན་སྟངས་ཙམ་ཞིག་ཡིན། སངས་རྒྱས་ཀྱིས་ཆོས་ཚུལ་དེ་དག་མང་པོ་ཞིག་ནི་ཉོན་མོངས་རྣམས་ཀྱི་གཉེན་པོར་གསུངས་ཡོད། 

དོན་ངོ་མར་སངས་རྒྱས་ཀྱི་ཆོས་ཚུལ་ཐམས་ཅད་ནི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་ཡིན་པ་རེད། སངས་རྒྱས་ནི་དོན་མེད་གཟུགས་འདས་ཀྱི་རྟོག་འཆར་ལ་ཐུགས་སྣང་མེད་པ་མ་ཟད། ཐ་ན་བདག་དང་འཇིག་རྟེན་སྐོར་གྱི་དྲི་བ་ཁ་ཤས་ལ་བཀའ་ལན་མ་གནང་བ་དེ་འདྲ་བྱུང་ཡོད། གང་ཡིན་ཞེ་ན། གནད་དོན་དེ་དག་གི་ཐད་ལ་དགོངས་པ་བཞེས་ན། དེས་ང་ཚོ་ཐར་པའི་གོ་འཕང་དང་ཉེ་རུ་གཏོང་གི་མེད། སངས་རྒྱས་ཀྱིས་འགྲོ་བ་མིའི་གནས་སྟངས་ལ་གཟིགས་ནས་ང་ཚོ་ཚང་མ་སྡུག་བསྔལ་གྱིས་མནར་གྱི་ཡོད་པ་དེ་ལ་ཐབས་ལམ་ཞིག་བཙལ་ནས་རྙེད་པ་རེད། རྒྱུ་མཚན་དེ་ལྟ་བས་ན་སངས་རྒྱས་ནི་ནམ་རྒྱུན་སྨན་པ་ལྟ་བུ་དང་ཆོས་ནི་སྨན་ལྟ་བུར་ངོ་སྤྲོད་བྱེད་ཀྱི་ཡོད། ཆོས་ཀྱི་སྨན་འདིས་ང་ཚོའི་དཀའ་ངལ་ཡོད་དོ་ཅོག་གཏན་དུ་སེལ་བར་ཕན་གྱི་ཡོད། 

སངས་རྒྱས་དང་། ཆོས། དགེ་འདུན་བཅས་སྐྱབས་གནས་ཀྱི་དཀོན་མཆོག་གསུམ་ཡོད་པ་ལས། ཆོས་ནི་ང་ཚོའི་སྐྱབས་དངོས་དེ་ཡིན་པ་རེད། སངས་རྒྱས་ཀྱིས་ཆོས་གསུང་པའི་སྐབས་སུ་སེ་གོལ་གཏོགས་པ་ཙམ་གྱིས་རྫུ་འཕྲུལ་དང་བཅས་ང་ཚོའི་སྡུག་བསྔལ་སེལ་ཐུབ་ཀྱི་མེད། དེ་བཞིན་དགེ་འདུན་གྱིས་ང་ཚོ་ལ་རྒྱབ་སྐྱོར་དང་སེམས་སྐུལ་བྱེད་ཐུབ་ནའང་། དེ་དག་གིས་ང་ཚོ་ལ་ཆོས་ཉམས་ལེན་བྱེད་དགོས་ཞེས་བཙན་དབང་བྱེད་མི་ཐུབ། ང་ཚོས་སོ་སོ་རང་ཉིད་ཀྱི་ངོས་ནས་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་དགོས་ཀྱི་ཡོད། དེ་ནི་སྡུག་བསྔལ་ལས་ཐར་བའི་ཐབས་ལམ་ཁོ་ན་དེ་ཡིན། དོན་ངོ་མར་ང་ཚོ་ནི་སོ་སོ་རང་ཉིད་ཀྱི་མགོན་ཡིན། 

ཆོས་ཀྱི་ཡོན་ཏན།

ཆོས་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་ནའང་། དེ་དག་ལས་ཡོན་ཏན་གཙོ་བོ་རྣམས་ནི། 

༡། ཆོས་ནི་སེམས་ཅན་ཁམས་དང་བསམ་པ་མི་འདྲ་བ་མང་པོ་ལ་རན་ཞིང་འཚམས་པ་ཡོད། ནང་ཆོས་དེ་ཐཡེ་ལེནྜ་དང་། བོད། ཤྲཱི་ལངྐ། ཉི་ཧོང་སོགས་རྒྱལ་ཁབ་མང་པོའི་ནང་རྣམ་པ་མི་འདྲ་བར་ཁྱབ་སྤེལ་བྱུང་ཡོད་ནའང་། ནང་པའི་ཆོས་ཀྱི་གནད་སྙིང་དེ་དག་ནི་སྲོལ་རྒྱུན་གྱི་རྣམ་པ་དེ་དག་ཚང་མའི་ནང་ཡོད་པ་དང་དེ་དག་ནི་ཐར་པའི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད།

༢། ཆོས་ནི་རྒྱུ་མཚན་རིགས་པ་ལ་གཞི་བྱས་ཡོད། ཆོས་ཀྱིས་ང་ཚོ་ལ། སོ་སོའི་སེམས་དང་དོན་ངོ་མར་ང་ཚོས་གང་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་ལ་ལྟོས་ཞེས་བརྗོད་ཀྱི་ཡོད། དེ་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་གཅིག་གམ་མང་པོ་ལ་ཡིད་ཆེས་བྱེད་དགོས་པའི་ལྟ་བའི་རྣམ་གཞག་ཅིག་མིན་པར། གནས་ཚུལ་གང་འདྲ་ཞིག་ཡིན་ནའང་དེ་ལ་རྒྱུ་མཚན་རིགས་པའི་ལམ་ནས་དྲི་བ་གཏོང་དགོས་ཞེས་བརྗོད་ཀྱི་ཡོད། ཤེས་པ་དང་སེམས་ལྟ་བུ་ནང་པའི་ལྟ་ཚུལ་གཙོ་གནད་ཁག་ལ་དཔྱད་པའི་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་མང་རིང་ཚན་རིག་པ་དང་ལྷན་དུ་ཕྱག་ལས་གནང་ཡོད་པ་དང་། ནང་པ་དང་ཚན་རིག་པ་གཉིས་ཕན་ཚུན་ལེགས་སྐྱེས་ལེན་རེས་བྱེད་བཞིན་ཡོད། 

༣། ཆོས་ནི་དཀའ་ངལ་གཅིག་ཁོ་ན་ཙམ་ལ་དམིགས་ཀྱི་མེད་པར། དཀའ་ངལ་ཐམས་ཅད་ཀྱི་རྩ་བ་ལ་དམིགས་ཀྱི་ཡོད། གལ་ཏེ་ཉིན་ལྟར་རྒྱུན་མ་ཆད་པར་ང་ཚོ་ཧ་ཅང་མགོ་ན་བ་ཡིན་ན། ང་ཚོས་སྨན་བཟའ་ངེས་རེད། སྨན་དེས་ང་ཚོ་ལ་དུས་ཡུན་ཏོག་ཙམ་གྱི་རིང་ཕན་སྲིད། ཡིན་ནའང་མགོ་ན་རྒྱུ་དེ་ཡང་བསྐྱར་ཡོང་གི་རེད། གལ་ཏེ་མགོ་ན་རྒྱུ་ལས་གཏན་དུ་དྲག་སྐྱེད་ཐུབ་པའི་སྨན་ཞིག་ཡོད་ན། དེ་ང་ཚོས་བཟའ་ངེས་རེད། ཆོས་ནི་དེ་དང་འདྲ་བ་རེད། ཆོས་ཀྱིས་མགོ་ན་བ་ཙམ་མིན་པར་དཀའ་ངལ་དང་སྡུག་བསྔལ་ཐམས་ཅད་གཏན་དུ་སེལ་གྱི་ཡོད། 

ཕྱོགས་བསྡོམས།

སངས་རྒྱས་ནི་སྨན་པ་ཧ་ཅང་མཁས་པ་ཞིག་དང་འདྲ་སྟེ། དེས་ང་ཚོའི་སྡུག་བསྔལ་ལ་བརྟག་དཔྱད་མཛད་ནས་ང་ཚོ་ལ་སྨན་ཡག་ཤོས་ཆོས་མཁོ་སྤྲོད་གནང་གི་ཡོད། འོན་ཀྱང་། སྨན་དེ་བཟའ་དང་མི་བཟའ་ལ་རག་ལུས་ཡོད། དེ་ནི་ཆོས་དེ་སོ་སོའི་ངོས་ནས་ཉམས་ལེན་བྱེད་དང་མི་བྱེད་ལ་ཐུག་ཡོད་པ་དེ་རེད། སུས་ཀྱང་ང་ཚོ་ལ་ཆོས་ཉམས་ལེན་བྱེད་དགོས་པའི་བཙན་དབང་བྱེད་མི་ཐུབ། ཡིན་ནའང་ང་ཚོས་ཆོས་ཟེར་བ་དེས་ང་ཚོའི་སེམས་ཀྱི་ཞི་བདེ་སྐྲུན་པ་དང་ང་ཚོའི་དཀའ་ངལ་དང་། ཡིད་བསུན། སྡུག་བསྔལ་ཡོད་དོ་ཅོག་སྤོང་བར་དངོས་གནས་རོགས་ཇི་ལྟར་བྱེད་ཀྱི་ཡོད་པའི་ཕན་ཡོན་རྣམས་དངོས་སུ་མཐོང་བའི་སྐབས། ང་ཚོས་རང་གཞན་གཉིས་ཀར་ཕན་པའི་ཆོས་ལ་དགའ་སྤྲོའི་ངང་ནས་ཉམས་ལེན་བྱེད་ཀྱི་རེད།།

Top