དགེ་འདུན་ནམ་སཾགྷ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་པ་དང་དེའི་དོན་ནི་སྡེའམ་ཚོགས་སྡེ་ལ་ཟེར། དེ་ཡང་གཙོ་བོ་སངས་རྒྱས་ཀྱི་རྗེས་སུ་འབྲང་བའི་རབ་ཏུ་བྱུང་བའི་དགེ་འདུན་རྣམས་ལ་གོ་བ་ཡིན། དེ་དག་ཀྱང་དགེ་སློང་དང་། དགེ་སློང་མ། གྲྭ་པ། བཙུན་མ་བཅས་རེད། དེང་སང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གང་སར་ནང་ཆོས་དར་ཁྱབ་བྱུང་ཡོད་པས། ནང་པའི་ཚོགས་སྡེ་ཡོངས་རྫོགས་སམ་ཡང་ན་ཆོས་ཚོགས་ཞིག་གི་ཁྱིམ་པའི་ཚོགས་སྡེ་ཆུང་ཆུང་ཞིག་ལ་སཾགྷ་ཞེས་འབོད་པ་ནི་གང་འཚམས་ཀྱི་ཡོངས་གྲགས་ཆགས་ཡོད།
What is sangha 1

དགེ་འདུན་གྱི་སྡེའི་འབྱུང་ཁུངས།

བདག་ཅག་གི་སྟོན་པ་སངས་རྒྱས་པའི་རྗེས་སུ་ཁོང་གི་ཆོས་ཀྱི་ཐོག་མ་འཕགས་པའི་བདེན་པ་བཞིའི་ཆོས་ཚུལ་དེ་སྔོན་ཁོང་དང་མཉམ་དུ་ལོ་འགའི་རིང་དཀའ་ཐུབ་ཀྱི་ཉམས་ལེན་བྱེད་མྱོང་མཁན་འཁོར་གྱི་ཐོག་མ་འཁོར་ལྔ་སྡེ་བཟང་པོ་ལ་གསུངས་ཞེས་ཆོས་ཀྱི་འཁོར་ལོའི་མདོའི་ནང་གསལ། སངས་རྒྱས་ཀྱིས་ཆོས་གསུང་པའི་སྐབས་སུ་འཁོར་ལྔ་སྡེ་བཟང་པོ་ཁོང་གི་སློབ་མ་དང་པོར་གྱུར་ཞིང་། དེ་དག་ལས་ཀུན་ཤེས་ཀཽཎྜི་ནྱ་དགྲ་བཅོམ་པའི་གོ་འཕང་ཐོབ། ཉིན་ཁ་ཤས་རྗེས་སུ་སངས་རྒྱས་ཀྱིས་བདག་སྟོང་པའམ་ཡིན་པ་མི་སྲིད་པའི་ཚུལ་དུ་བདག་ཇི་ལྟར་མེད་པའི་སྐོར་གསུང་བཞིན་པའི་སྐབས་དེར་འཁོར་གྱི་ཐོག་མ་གཞན་རྣམས་ཀྱང་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེ་ལྟར་འཁོར་ལྔ་སྡེ་བཟང་པོ་ནི་དགེ་འདུན་གྱི་ཐོག་མའམ་ནང་པའི་གྲྭ་པ་དང་པོར་གྱུར་བ་རེད། 

དེ་ལྟར་སངས་རྒྱས་ཀྱི་སྐུ་ཚེ་ལྷག་མ་ཁྱོན་བསྡོམས་ནས་ལོ་བཞི་བཅུ་ཞེ་ལྔ་ཙམ་གྱི་རིང་ཁོང་གིས་རྟོགས་པའི་ཆོས་གསུང་པའི་མཛད་པ་བསྐྱངས་ཤིང་། ཁོང་གི་སློབ་མ་ཚོའི་ངོས་ནས་ཀྱང་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་གང་སར་གྲོང་དང་གྲོང་ཁྱེར་ཁག་ལ་བསྐྱོད་དེ་སངས་རྒྱས་ཀྱི་ཆོས་ཁྱབ་སྤེལ་གནང་ཡོད། དེ་ནས་སངས་རྒྱས་ཀྱིས་སློབ་མ་དུ་མ་ཞིག་ཡིད་མགུ་བར་མཛད་པ་དང་། དེ་ཡང་སྤྱི་ཚོགས་ཀྱི་རྣམ་པ་སྣ་ཚོགས་པ་དང་། ཆོས་ལུགས་གཞན་གྱི་དགེ་བའི་བཤེས་གཉེན། རྒྱལ་པོ་དང་བཙུན་མོ། ཞིང་པ་དང་ཤན་པ་སོགས་སྤྱི་ཚོགས་སྣ་ཚོགས་པ་ནས་མི་མང་པོ་སངས་རྒྱས་ཀྱི་སློབ་མར་གྱུར། ཁོང་གི་སློབ་མ་མང་ཆེ་བས་འཁོར་བའི་བྱ་བ་སྤོང་འདོད་མེད་པའི་སྐབས། རང་ཉིད་ཁྱིམ་པའི་མི་ཚེ་བཞག་ནས་དགེ་འདུན་གྱི་སྡེ་རུ་ཞུགས་འདོད་ཡོད་མཁན་རྣམས་ཀྱང་ཞུགས་ཆོག་ཆོག་ཡིན། ཁྱིམ་པ་རྣམས་རང་གི་འཚོ་བ་མུ་མཐུད་སྐྱེལ་བ་དང་བཟའ་ཚང་བཟུང་ནས་དགེ་འདུན་རྣམས་ལ་ཟས་གོས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད། 

དེ་ལྟར་རིམ་པས་མི་མང་པོ་ཞིག་སངས་རྒྱས་ཀྱི་རྗེས་སུ་འབྲངས་ནས་འགྲོ་ལུགས་ལྟར་དགེ་འདུན་གྱི་སྡེར་བཞུགས་པར་བརྟེན་ཞི་མཐུན་དང་འཆམ་མཐུན་གྱི་སྡེ་ཞིག་སྐྲུན་ཕྱིར་སློབ་མ་རྣམས་ལ་སྒྲིག་ཁྲིམས་གཏན་འབེབས་བྱ་རྒྱུ་དེ་གལ་ཆེན་པོ་དང་དགོས་ངེས་ཤིག་ཆགས་པ་རེད། ཚོད་ལྟ་དང་ནོར་འཁྲུལ་ལ་བརྟེན་ནས་གང་ལ་གང་འོས་དང་དགོས་ངེས་ཅན་སྐབས་དགེ་འདུན་གྱི་སྡེའི་ནང་ཁུལ་ལ་མི་འོས་པ་དང་བཀག་འགོག་བྱེད་དགོས་པའི་དོན་རྐྱེན་རིགས་བྱུང་བའི་ཡ་ལན་དུ་སྒྲིག་ཁྲིམས་རྣམས་གཏན་ལ་ཕབ་ཡོད། སངས་རྒྱས་ཀྱི་སྐུ་ཚེའི་མཇུག་ཙམ་ལ་དགེ་འདུན་དང་བཙུན་མའི་ཆེད་དུ་བསླབ་ཁྲིམས་བརྒྱ་སྐོར་ཁ་ཤས་ཡོད་པ་རེད།

བུད་མེད་ཀྱི་སྡོམ་པ།

ཐོག་མར་སངས་རྒྱས་ཀྱིས་སྐྱེས་པ་ཁོ་ན་ནང་པའི་དགེ་འདུན་གྱི་གྲལ་དུ་འཛུལ་བཞུགས་ཀྱི་གོ་སྐབས་གནང་ཡོད། དེ་ནས་དགེ་འདུན་གྱི་སྡེ་འགོ་བཙུགས་ནས་ལོ་ལྔའི་རྗེས་སུ་སངས་རྒྱས་ཀྱི་ཨ་སྲུ་སྐྱེ་རྒུ་བདག་མོ་གཽ་ཏ་མིས་ཁོང་ཉིད་བཙུན་མའི་སྡོམ་པར་གནང་རོགས་ཞེས་སངས་རྒྱས་ལ་ཞུས་ཀྱང་། སངས་རྒྱས་ཀྱིས་དེ་ལ་ངོས་བཞེས་གནང་མེད། ད་དུང་སྐྱེ་རྒུ་བདག་མོ་འཇིགས་ཞུམ་མེད་པའི་སྒོ་ནས་བུད་མེད་གཞན་ལྔ་བརྒྱ་དང་བཅས་རང་སོ་སོའི་སྐྲ་བྲེག་པ་དང་གོས་སེར་པོ་གྱོན་ནས་སངས་རྒྱས་ཀྱི་རྗེས་སུ་འཇུག་རྒྱུ་ཐག་བཅད་པ་རེད། 

སྐྱེ་རྒུ་བདག་མོས་སངས་རྒྱས་ལ་ད་དུང་འབོད་སྐུལ་ཐེངས་གཉིས་ཞུས་ཀྱང་། སངས་རྒྱས་ཀྱིས་བཙུན་མའི་སྡོམ་པ་གནང་རྒྱུར་ངོས་བཞེས་གནང་མེད། སྐབས་བཞི་པ་ལ་སངས་རྒྱས་ཀྱི་ཚ་བོ་ཀུན་དགའ་བོས་རྐྱེ་རྒུ་བདག་མོའི་ངོ་ཚབ་གནང་སྟེ་སངས་རྒྱས་ལ། ཆོས་ཕྱོགས་ཀྱི་ལམ་ལ་མུ་མཐུད་ནས་འཇུག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ནུས་པ་དེ་སྐྱེས་པ་ནང་བཞིན་བུད་མེད་རྣམས་ལ་ཡོད་མེད་ཀྱི་བཀའ་འདྲི་ཞུས་པར། དེ་ལ་སངས་རྒྱས་ཀྱིས་སྒྲུབ་ཕྱོགས་ནས་བཀའ་ལན་གནང་བ་རེད། དེ་ནས་ཀུན་དགའ་བོས་བུད་མེད་རྣམས་རབ་ཏུ་བྱུང་ན་ཡག་པོ་ཡོད་པའི་དགོངས་ཚུལ་གསུངས་པ་ལ་བརྟེན་ནས་སངས་རྒྱས་ཀྱིས་བུད་མེད་སློབ་མ་རྣམས་ལ་རབ་བྱུང་གི་སྡོམ་པ་ཞུ་ཆོག་པ་བཟོས་གནང་བ་རེད། 

སོ་སོའི་སྐྱེ་བོའི་དགེ་འདུན་དང་འཕགས་པའི་དགེ་འདུན།

ནམ་རྒྱུན་སཾགྷ་ཞེས་པའི་ཐ་སྙད་འདི་དགེ་སློང་དང་དགེ་སློང་མའི་སྡེ་གཉིས་ལ་གོ་བར་བྱེད་ཀྱི་ཡོད། དེ་དག་ནི་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་གྱི་གྲྭ་པ་དང་བཙུན་མ་རྣམས་ཡིན་པ་རེད། དགེ་སློང་ངམ་བྷིཀྵུ་ཞེས་པའི་ཚིག་དེའི་དོན་ནི་སློང་མཁན་ལ་གོ་བ་དང་དེ་ལྟར་ཚིག་བེད་སྤྱོད་བྱས་པའི་རྒྱུ་མཚན་ནི། རབ་བྱུང་གི་སྡེ་ཞེས་པ་ནི་ཕྱིའི་རྒྱུ་དངོས་ཕལ་ཆེ་བ་སྤངས་ཏེ། ཉིན་རེའི་ཞལ་ལག་གཞན་ནས་སློང་དགོས་པ་དང་ས་ཆ་གཅིག་ནས་གཞན་དུ་མྱུལ་དགོས་ཀྱི་ཡོད་པས་རེད། རང་རྒྱུད་ཀྱི་མཁྱེན་པ་དང་རྟོགས་པའི་ཡོན་ཏན་གང་ཡིན་ལ་མ་ལྟོས་པར་དགེ་འདུན་གྱི་སྡེ་ཞིག་སྒྲུབ་པར་ཉུང་མཐར་ཡང་དགེ་ཚུལ་སློང་བཞི་ཡན་ཆད་དགོས་ཀྱི་ཡོད། ང་ཚོས་དེ་ལ་སོ་སྐྱེའི་དགེ་འདུན་ཞེས་བརྗོད་ཀྱི་ཡོད། གཞན་ཡང་འཕགས་པའི་དགེ་འདུན་ཞེས་ཀྱང་ཡོད་དེ། དེ་དག་ནི་རབ་ཏུ་བྱུང་ཡོད་མེད་གང་ལྟར་ཡང་གང་ཟག་སྒེར་གྱི་ངོས་ནས་ཆོས་ཉམས་ལེན་གྱི་རྟོགས་པ་དངོས་སུ་ཐོབ་མཁན་རྣམས་ཡིན་པ་རེད། 

སོ་སོའི་སྐྱེ་བོའི་དགེ་འདུན་དང་འཕགས་པའི་དགེ་འདུན་གྱི་བར་ཁྱད་པར་འབྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། སོ་སོའི་སྐྱེ་བོའི་དགེ་འདུན་དང་བཙུན་མ་ཧ་ཅང་ཁྱད་པར་དུ་འཕགས་པ་མང་པོ་ཡོད་པ་དང་དེ་དག་ཀྱང་ང་ཚོ་ནང་བཞིན་རང་རྒྱུད་ཉོན་མོངས་པས་གོས་པ་དེ་འདྲ་ཡིན་སྲིད། དེ་ལ་བརྟེན་ནས་ང་ཚོས་དེ་དག་ལ་སྐྱབས་སུ་ཅིའི་ཕྱིར་འགྲོ་དགོས་སམ་ཞེས་པའི་དྲི་བ་ཞིག་བསླེབ་སྲིད་པ་རེད། དེར་བརྟེན་དཀོན་མཆོག་གསུམ་གྱི་ནང་ནས་འཕགས་པའི་དགེ་འདུན་དེ་ང་ཚོས་སྐྱབས་སུ་འགྲོ་དགོས་པའི་དཀོན་མཆོག་དེ་ཡིན་པ་རེད། དེ་དག་གིས་ང་ཚོ་ཡང་དག་པའི་ལམ་དུ་བགྲོད་པར་དངོས་གནས་རོགས་བྱེད་ཐུབ་ཀྱི་རེད།

དགེ་འདུན་གྱི་ཡོན་ཏན།

འོ་ན་ང་ཚོའི་ངོས་ནས་གོང་འཕེལ་གཏོང་དགོས་པའི་དགེ་འདུན་ལ་ཡོན་ཏན་གང་དག་ཡོད་དམ།

༡། དགེ་འདུན་རྣམས་ཀྱིས་ཆོས་གསུང་པའི་སྐབས། དེ་དག་གིས་དཔེ་ཆའི་ནང་ནས་གང་སྦྱངས་པ་དེ་བསྐྱར་ཟློས་བྱེད་པ་ཙམ་མིན་པར། ཁོང་ཚོས་སོ་སོའི་ཡང་དག་པའི་ཉམས་མྱོང་ལ་གཞི་བཞག་ནས་ཆོས་གསུང་གི་ཡོད་པས། འདི་ནི་དངོས་གནས་བློ་སྤོབས་སྐྱེད་དགོས་པ་ཞིག་རེད། 

༢། ཁོང་ཚོའི་རེ་འདུན་གཅིག་རང་ཡོད་པ་ནི་གཞན་དོན་སྒྲུབ་རྒྱུ་དེ་ཡིན་པ་དང་ཁོང་ཚོས་གང་གསུང་པ་དེ་ཉམས་སུ་ལེན་གྱི་ཡོད། ཐ་མག་འཐེན་མཁན་གྱི་མི་ཞིག་གིས་ང་ཚོ་ལ་ཐ་མག་འཐེན་པའི་སྐྱོན་དང་ཉེན་ཁའི་སྐོར་བཤད་ནས་གཤེ་གཤེ་གཏོང་བ་ལྟ་བུར་བསམ་བློ་ཐོངས་དང་། ང་ཚོས་མི་དེའི་བསླབ་བྱ་ལ་ཅིའི་ཕྱིར་ཉན་དགོས་སམ་ཞེས་དེ་ལྟར་དངོས་གནས་བསམ་བློ་འཁོར་གྱི་རེད། དགེ་འདུན་ནི་རྟག་ཏུ་ཁོང་ཚོས་གང་བྱེད་ནའང་ལྷག་བསམ་རྣམ་དག་ཡིན་པས། ང་ཚོས་དེ་དག་ལ་དངོས་གནས་ཡིད་ཆེས་བྱེད་ཆོག 

༣། ང་ཚོས་རོགས་པ་ངན་པ་དང་མཉམ་དུ་འགྲོགས་ནས་དུས་ཚོད་སྐྱེལ་བའི་སྐབས། ཐ་ན་རོགས་པ་དེའི་སྤྱོད་པ་ངན་པ་ག་ཚོད་ཙམ་ཞིག་སོ་སོ་རང་ཉིད་ལ་ཞུགས་ཡོད་པ་དེ་ནམ་རྒྱུན་ཤེས་རྟོགས་ཡོང་གི་མེད། དེ་བཞིན་དུ་གལ་ཏེ་ང་ཚོས་གྲོགས་བཟང་པོ་དང་མཉམ་དུ་འགྲོགས་པ་ན། འབད་བརྩོན་དེ་ཙམ་མི་དགོས་པའི་ཐོག་ནས་ང་ཚོར་ཡོན་ཏན་བཟང་པོ་དེ་དག་ཐོབ་ཀྱི་རེད། དེར་བརྟེན་དགེ་འདུན་ནི་ང་ཚོའི་ཆོས་ཉམས་ལེན་གོང་ནས་གོང་དུ་འཕེལ་བར་ཤུགས་རྐྱེན་བཟང་པོ་སྤྲོད་མཁན་ཞིག་ཡིན། 

དགེ་འདུན་གྱི་གལ་གནད།

བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གིས་གསུངས་པའི་ཆོས་དེ་ང་ཚོས་ཉམས་ལེན་བྱེད་ཆེད་བཞག་ནས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཙམ་ཕྱིན་ཟིན་པ་རེད། དེ་ནི་ནང་ཆོས་ཟེར་བ་དེ་ཡིན་པ་རེད། འོན་ཀྱང་། ང་ཚོས་ཉམས་ལེན་ཡང་དག་པ་ཞིག་བྱེད་པར་ཡིད་རྟོན་རུང་བའི་མིག་དཔེ་བཟང་པོ་དེ་འདྲ་དགོས་ཀྱི་ཡོད། དེ་ཡང་ང་ཚོ་ལ་རོགས་དང་ལམ་སྟོན་བྱེད་མཁན་དེ་དག་ནི་སངས་རྒྱས་ཀྱི་ཆོས་ལ་དངོས་གནས་དྲང་གནས་བསླབ་པ་སློབ་གཉེར་དང་ཉམས་ལེན་བྱས་ཤིང་། དེའི་དམིགས་ཡུལ་དང་འབྲས་བུ་གང་ཙམ་ཞིག་ཐོབ་མཁན་དགོས་ཀྱི་ཡོད། དེ་ལྟ་བུའི་ཚོགས་སྡེ་ནི་རབ་བྱུང་ངམ་དགེ་འདུན་གྱི་སྡེ་ཡིན་པ་རེད། 

དེང་སང་གི་དུས་སུ་ང་ཚོས་གྲགས་ཅན་གྱི་མི་སྣ་ཚོ་སོ་སོའི་མིག་དཔེ་བལྟ་སར་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། གློག་བརྙན་འཁྲབ་མཁན་གྱི་རིགས་དང་། དཔེ་སྟོན་པ། གཞས་པ་དང་གཞས་མ། དེ་བཞིན་རྩེ་མོ་བ་ལྟ་བུ་རེད། ཡིན་ནའང་མི་སྣ་དེ་དག་ལའང་རང་སོ་སོའི་དཀའ་ངལ་རེ་ཡོད་པ་རེད། ཁོང་ཚོའི་སོ་སོའི་སྒེར་གྱི་མི་ཚེའི་ནང་རྙོག་དྲ་ལུང་པ་གང་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ཙམ་དུ་མ་ཟད། གྲགས་ཅན་གྱི་མི་སྣ་དེ་དག་དང་ཁོང་ཚོའི་མི་ཚེ་ལ་ང་ཚོ་སེམས་ཡོངས་སུ་ཞེན་ཆགས་སྐྱེ་བའི་སྐབས། དེ་ལ་བརྟེན་ནས་སོ་སོའི་གྲོགས་པོ་ཚོ་དང་མཉམ་དུ་དོན་མེད་ངག་འཁྱལ་གྱི་སྐད་ཆ་བཤད་པ་དང་ཕྱི་དངོས་པོ་ལ་ནམ་རྒྱུན་ལས་ལྷག་པའི་ཞེན་ཆགས་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད། བྱ་རྩོལ་དེ་དག་གིས་སོ་སོ་རང་ཉིད་དང་གཞན་སུ་ལའང་དོན་ངོ་མའི་ཕན་ཐོགས་དང་བདེ་སྐྱིད་ཞིག་སྐྲུན་གྱི་མེད། དེ་ལས་ལྡོག་སྟེ། དགེ་འདུན་ནི་སོ་སོའི་དཀའ་ངལ་གྱི་རིགས་གང་འཚམས་ཤིག་སྤངས་ཟིན་པ་དང་དཀའ་ངལ་ལྷག་མ་རྣམས་ཀྱང་སྤོང་བའི་ཆེད་འབད་བརྩོན་བྱེད་མཁན་རྣམས་ཡིན་པས། དེ་ནི་ཧ་ཅང་ཡག་པོ་མིན་ནམ། གལ་ཏེ་སོ་སོ་རང་ཉིད་ཀྱང་དཀའ་ངལ་རྣམས་སེལ་འདོད་ཡོད་ན། མིག་དཔེར་འོས་པའི་དགེ་འདུན་གྱི་རྗེས་སུ་འབྲང་བ་དེ་དོན་ལྡན་ཞིག་མ་ཡིན་ནམ། 

དེང་གི་དུས་རབས་ནང་མི་རབས་ནས་མི་རབས་བརྒྱུད་ཅིང་ཡང་དག་པར་རྒྱུན་འཛིན་བྱས་པའི་སངས་རྒྱས་ཀྱི་ཆོས་དེ་ང་ཚོར་ཡོད་པ་ནི་དགེ་འདུན་ཁོ་ན་ལ་བཀའ་དྲིན་ཆེ་ཞུ་དགོས་པ་ཞིག་རེད། དགེ་འདུན་གྱིས་ང་ཚོས་གློ་བུར་གྱི་དཀའ་ངལ་རྣམས་ལས་བརྒལ་ཏེ་ང་ཚོ་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བྲལ་བར་བྱེད་པའི་ལམ་ཞིག་ཡོད་པ་དེར་བལྟ་དགོས་པའི་སེམས་སྐུལ་བྱེད་ཀྱི་ཡོད། ཁོང་ཚོས་ང་ཚོ་ལ་སེམས་སྐུལ་བྱེད་པ་ཙམ་དུ་མ་ཟད། ལམ་དུ་འགྲིམ་པའི་རྒྱུད་རིམ་ཡོངས་སུ་རྫོགས་པའི་ནང་ཁོང་ཚོས་ལམ་སྟོན་དང་། སྐུལ་མ། རྒྱབ་སྐྱོར་བཅས་གནང་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྐབས་རེར་དགེ་འདུན་གྱི་སྡེ་མེད་ན་ནང་ཆོས་མེད་ཅེས་བརྗོད་སྲོལ་ཡོད། 

ཕྱོགས་བསྡོམས།

ང་ཚོས་མི་ཚེའི་ནང་མིག་དཔེ་ལྟ་འོས་པ་ཡག་པོ་ཞིག་ཇི་ལྟར་འདམ་ག་བྱེད་ཐུབ་བམ། ང་ཚོ་ལ་རྟོགས་པ་དང་ལྡན་པའི་འཕགས་པའི་དགེ་འདུན་གྱི་སྡེ་ངོ་མའི་ཁོངས་ནས་ཡིན་པའི་མི་ཞིག་མ་མཇལ་བ་ཡིན་ནའང་། ད་དུང་ཆོས་ཕྱོགས་ཀྱི་ཉམས་མྱོང་ལྡན་པའི་མི་དང་མཇལ་ནས་དེ་དག་ལས་སེམས་སྐུལ་ཐོབ་སྲིད་པ་རེད། ཁོང་ཚོའི་མིག་དཔེ་བཟང་པོ་རྣམས་མཐོང་བའི་སྒོ་ནས་དེ་དག་གི་རྗེས་སུ་འཇུག་པའི་བློ་སྤོབས་སྐྱེད་ཀྱི་རེད། སོ་སོའི་སྐྱེ་བོའི་དགེ་འདུན་ནི་ནང་པའི་གྲྭ་བཙུན་རྣམས་ཡིན་ཞིང་། དེ་དག་གིས་ཐག་ཆོད་པོའི་དམིགས་འདུན་བཟང་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་དེ་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་བྱུང་ཡོད། ཇི་ལྟར་སངས་རྒྱས་ནི་སྨན་པ་དང་འདྲ་ཞིང་ཆོས་ནི་སྨན་དང་འདྲ་བ་ལྟར། ང་ཚོས་དཀའ་ངལ་ཐམས་ཅད་ལས་གཏན་དུ་ཐར་བར་འབད་བརྩོན་བྱེད་པའི་སྐབས། དགེ་འདུན་གྱི་སྡེ་ནི་ང་ཚོར་ལམ་དུ་སེམས་སྐུལ་དང་ལམ་སྟོན་གནང་མཁན་གྱི་སྨན་ཞབས་པ་དང་མཚུངས་པ་ཡིན་ནོ།།

Top