སྐྱབས་འགྲོ་ཟེར་བ་དེ་གང་རེད་དམ།

What ias refuge%20article

ང་ཚོ་ཚང་མས་སོ་སོའི་མི་ཚེའི་ནང་དོན་སྙིང་འཚོལ་གྱི་ཡོད། མི་འགའ་ཤས་ཀྱི་དོན་སྙིང་དེ་སོ་སོའི་མི་ཚེའི་མདུན་ལམ་གྱི་ནང་འཚོལ་བ་དང་། འགའ་ཤས་ཀྱིས་ལམ་དང་ལུགས་སྲོལ་ཐོན་གསར་ཤོས་དང་མཉམ་དུ་ཕྱིན་ནས་འཚོལ་གྱི་ཡོད། ཡང་གཞན་དག་ནི་རྒྱག་ཐག་རིང་པོའི་འགྲོ་ཡུལ་ཏུ་འགྲིམ་འགྲུལ་བྱས་ནས་དོན་སྙིང་འཚོལ་གྱི་ཡོད། འོན་ཀྱང་མཐར་ཐུག་མི་ཚེའི་མདུན་ལམ་དེ་རྒས་ཡོལ་དང་བཅས་མཇུག་རྫོགས་པ་དང་། ལམ་དང་ལུགས་སྲོལ་ནི་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་གི་ཡོད། དེ་ག་ནང་བཞིན་གུང་སེང་གི་སྐབས་དེའང་ལམ་སེང་རྫོགས་འགྲོ་གི་ཡོད། དེ་དག་གང་གིས་ཀྱང་ང་ཚོར་གཏན་གྱི་བདེ་བ་དང་འདོད་བློ་ཚིམས་པ་ཞིག་ཡོང་གི་མེད། དེང་དུས་འཛམ་གླིང་ནང་ཐོབ་རུང་གི་ཕྱི་དངོས་པོ་དང་སེམས་དོན་གྱི་གདམ་ཀ་གྲངས་མེད་པ་ལ་བརྟེན་ནས་སོ་སོའི་མི་ཚེའི་ནང་ག་རེ་བྱེད་དགོས་མིན་མི་ཤེས་པའི་མགོ་རྙོག་ཧ་ཅང་ཆེན་པོ་ཡོད།

ནང་ཆོས་ཀྱི་ནང་། སྐྱབས་འགྲོ་ནི་ང་ཚོའི་མི་ཚེའི་ནང་དོན་སྙིང་ལྡན་པའི་ཁ་ཕྱོགས་ཤིག་བསྟེན་རྒྱུ་དེ་རེད། ཁ་ཕྱོགས་དེ་ནི། ང་ཚོའི་སྐྱོན་གྱི་ཆ་ཡོངས་སུ་རྫོགས་པ་ལས་ཐར་ཆེད་རང་ངོས་ནས་འབད་བརྩོན་བྱེད་པ་དང་། རང་དང་གཞན་ཐམས་ཅད་ལ་ཕན་ཐོགས་ཡག་ཤོས་བསྒྲུབ་པའི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པ་དེ་རེད། ནང་པའི་སྐྱབས་འགྲོས་ང་ཚོར་གནས་སྐབས་ཙམ་གྱི་ཉོབ་སྣང་དང་། ལྟོགས་སྐོམ། སེམས་ངལ་ལས་ཐར་བར་བྱེད་པ་ཙམ་ལས་ལྷག་པའི་སྐྱབས་གནས་ལྟ་བུའི་བྱ་བ་བྱེད་ཀྱི་ཡོད། དེ་ནི་ཕྱི་རོལ་ནས་འགྱུར་བ་གཏོང་བ་དེ་འདྲ་མིན་པར། ང་ཚོས་གྱོན་གོས་དམིགས་བསལ་དེ་འདྲ་གྱོན་མི་དགོས་ཤིང་། ང་ཚོའི་སྐྲ་བཟོ་སྟངས་འགྱུར་བ་གཏོང་མི་དགོས། ནང་ཆོས་ནང་གི་སྐྱབས་འགྲོ་ནི་རང་སོ་སོའི་སེམས་ཀྱི་གནས་བབས་དེ་འགྱུར་བ་གཏོང་རྒྱུ་དེ་རེད། དེའི་དོན་ནི་མི་ཚེའི་དགོས་དོན་གང་གིས་སྟེར་གྱི་ཡོད་པ་དང་ད་ལྟ་དང་མ་འོངས་པའི་ནང་ང་ཚོར་བདེ་སྐྱིད་གང་གིས་སྤྲོད་ཀྱི་ཡོད་པའི་ཐད་ལ་གོ་རྟོགས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དེ་རེད། མདོར་བསྡུས་ན། ནང་པའི་སྐྱབས་འགྲོས་ང་ཚོ་སྡུག་བསྔལ་ལས་སྐྱོབ་པར་བྱེད་ཀྱི་ཡོད།

ནང་པས་སྤྱིར་བཏང་ “སྐྱབས་སུ་འགྲོ་བ་” ཞེས་པའི་བརྗོད་པ་འདི་བེད་སྤྱོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། སྐྱབས་འགྲོ་ནི་ཧུར་བརྩོན་དང་ལྡན་པའི་རྒྱུད་རིམ་ཞིག་རེད། འདི་ནི་ང་ཚོས་ནང་པའི་ལམ་ལ་འཇུག་རྒྱུར་བློ་ཐག་གཅོད་པའི་རྩ་བའི་རིམ་པ་ཞིག་རེད། འོན་ཀྱང་ང་ཚོས་སྐྱབས་འགྲོ་འདི་ཅིའི་ཕྱིར་ཉམས་ལེན་བྱེད་ཀྱི་ཡོད་དམ། ང་ཚོས་འགྲོ་བ་མིའི་རང་བཞིན་དེ་རྟོགས་པའི་སྐབས། ང་ཚོ་ཚང་མས་བདེ་སྐྱིད་དང་ཡིད་ཚིམ་པའི་གནས་བབས་ཤིག་འཚོལ་བཞིན་ཡོད་པ་ལས། ང་ཚོ་སུ་གཅིག་ཀྱང་སྡུག་བསྔལ་འདོད་ཀྱི་མེད། ང་ཚོས་ང་ཚོར་ཕན་པ་ཞིག་འཚོལ་དགོས་ཀྱི་ཡོད། བྱས་ཙང་། ནང་ཆོས་ཀྱི་ནང་ང་ཚོས་དཀོན་མཆོག་གསུམ་པོར་སྐྱབས་སུ་འགྲོ་གི་ཡོད། 

དཀོན་མཆོག་གསུམ་པོ་དེ་དག་ནི། སངས་རྒྱས་དང་། ཆོས། དགེ་འདུན་བཅས་རེད།

ང་ཚོས་སངས་རྒྱས་ལ་སྐྱབས་སུ་འགྲོ་གི་ཡོད། གང་ཡིན་ཞེ་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྟོན་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་ང་ཚོ་དོན་མེད་ཀྱི་སྲིད་པ་འཁོར་བ་ལས་ཐར་བའི་ལམ་སྟོན་གྱི་ཡོད་པ་མ་ཟད། སྡུག་བསྔལ་ལས་ཡོངས་སུ་ཐར་བའི་ལམ་སྟོན་གནང་གི་ཡོད། སངས་རྒྱས་ཀྱིས་ང་ཚོའི་སེམས་འདི་གཞི་རྩའི་ཆ་ནས་དག་པ་ཞིག་ཡིན་པ་དང་། བྱམས་པ་དང་ཤེས་རབ་ལ་བརྟེན་ནས་ང་ཚོར་ཡོད་པའི་རྨོངས་པ་དང་ཉོན་མོངས་པ་གང་ཡོད་པ་རྣམས་སླར་མི་འབྱུང་བའི་ཚུལ་དུ་སྤོང་ཐུབ་ཅེས་གསུངས་ཡོད། ཆོས་ནི་སངས་རྒྱས་ཀྱི་གསུངས་པའི་ཆོས་ཏེ། ཉོན་མོངས་ལས་ཇི་ལྟར་ཐར་ཚུལ་དང་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་འཐོབ་པའི་ཚུལ་དེ་རེད། ང་ཚོས་སྐྱབས་སུ་འགྲོ་བའི་སྐབས། མི་ཚེའི་ནང་གི་དཀའ་ངལ་ཚང་མར་གདོང་ལེན་བྱེད་ཆེད་ནང་པའི་ཐབས་ལམ་སྣ་ཚོགས་པའི་ཕྱོགས་སུ་ཁ་བསྒྱུར་ནས་མོས་འདེམས་བྱེད་ཀྱི་ཡོད། དགེ་འདུན་ནི་རབ་ཏུ་བྱུང་བའི་གྲྭ་པ་དང་བཙུན་པ་རྣམས་དང་ནང་པའི་ཟླ་གྲོགས་རྣམས་རེད། དེ་དག་གི་ཁྲོད་ནས་སངས་རྒྱས་ཀྱི་ཆོས་དངོས་གནས་ཉམས་ལེན་གནང་མཁན་ཚོས་མིག་དཔེ་ལྟ་འོས་ཀྱི་འགན་འཁུར་བ་དང་། ང་ཚོར་ནང་པའི་ལམ་དེར་མུ་མཐུད་ནས་འཇུག་དགོས་པའི་སེམས་སྐུལ་གནང་གི་ཡོད།

ང་ཚོའི་ཁས་ལེན་ནི་སོ་སོ་རང་ཉིད་གྲོགས་པོ་དང་སྤྱི་ཚོགས་ལས་ལོགས་སུ་གནས་དགོས་པའི་དོན་མིན། དོན་ངོ་མར་ང་ཚོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐབས། སོ་སོ་རང་ཉིད་ཀྱི་ཆེད་དུ་དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྲུན་གྱི་ཡོད་པ་ཙམ་དུ་མ་ཟད། ང་ཚོས་གཞན་རྣམས་ལ་བློ་སྒོ་ཕྱེས་ནས་སོ་སོའི་ཉེ་འཁོར་དུ་ཡོད་པ་རྣམས་དང་འཛམ་གླིང་ཁྱོན་ཡོངས་ལ་མཐུན་རྐྱེན་ཇི་ལྟར་སྦྱོར་ཐུབ་མིན་བལྟ་འགོ་བཙུག་གི་ཡོད། 

ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བའི་སྐབས། མགོ་རྨོངས་དགོས་པ་རྩ་ནས་མེད། ང་ཚོས་ཆོས་ཕྱོགས་ཀྱི་སྒོ་ནས་གང་སར་ལེགས་ཉེས་ཀྱི་ལྟ་ཞིབ་བྱེད་དགོས་པ་མེད། ང་ཚོར་ད་དུང་ཡང་ཕྱི་དངོས་པོའི་བདེ་ཐང་དང་འབྱོར་བ་འདང་ངེས་དགོས་ངེས་ཡིན་ནའང་། དེས་གཏན་གྱི་བདེ་བ་ཞིག་སྟེར་གྱི་རེད་ཅེས་བསམས་ནས་ང་ཚོས་དེ་ལ་བརྟེན་ནས་སྡོད་ཀྱི་མ་རེད། ང་ཚོས་ནང་པའི་རྩ་དོན་ཁག་ལ་ཁས་ལེན་དམ་བཅའ་བཞག་པ་དེས་དོན་ངོ་མར་ང་ཚོ་སེམས་ངལ་གནོན་ཤུགས་ལས་ཐར་བར་བྱེད་པ་དང་། གལ་ཆེན་པོ་གང་ཡིན་པ་དེའི་ཆེད་དུ་ཡར་རྒྱས་གཏོང་བར་དུས་ཚོད་མང་བ་སྤྲོད་ཀྱི་ཡོད། སོ་སོ་རང་ཉིད་ཀྱང་སེམས་ཚོར་གྱི་སྒོ་ནས་སྐྱིད་པ་དང་བདེ་ཐང་ཆེ་བ་བཟོ་གི་ཡོད། 

དེར་བརྟེན་སྐྱབས་འགྲོ་ནི་འགྲོ་བཞིན་པའི་ཧུར་བརྩོན་གྱི་རྒྱུད་རིམ་ཞིག་རེད། དེ་ནི་ང་ཚོས་རྒྱུན་མ་ཆད་པར་འབད་བརྩོན་བྱེད་དགོས་པའི་གནད་དོན་ཞིག་རེད། དེ་ནི་སངས་རྒྱས་ལྟ་བུ་བྱེད་པོ་དཀོན་མཆོག་ཡིན་པ་ནང་བཞིན་ང་ཚོས་ཡིད་ཆེས་པ་དང་སྨོན་ལམ་འདེབས་པ་ཙམ་མིན། དེ་ག་ནང་བཞིན་ང་ཚོ་ནང་པའི་ཆོས་གྲོགས་ཚོས་ང་ཚོའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པའི་དོན་ཡང་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སྐྱབས་འགྲོ་མཆོག་ཏུ་གྱུར་བ་ནི་སངས་རྒྱས་ཀྱི་ཆོས་དེ་ཡིན་ཞེས་གསུངས་ཡོད། ང་ཚོར་སངས་རྒྱས་ལ་དད་པ་ཤུགས་ཆེན་ཡོད་པ་དང་རང་ཉིད་ལ་ནང་པའི་ཆོས་གྲོགས་བློ་གྲོས་དང་སྙིང་རྗེ་ལྡན་པ་ཧ་ཅང་མང་པོ་ཡོད་ནའང་། ང་ཚོ་སོ་སོ་རང་ཉིད་ཀྱིས་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེའི་རྗེས་སུ་འཇུག་པ་དང་ཉམས་སུ་མ་བླངས་ན། སྐྱབས་འགྲོའི་ཕན་ཡོན་དེ་ང་ཚོར་མི་འབྱུང་བ་ཡིན།  ང་ཚོས་གཞན་ལ་གནོད་འཚེ་མི་བྱེད་པ་དང་། ཕན་ཐོགས་ཅན་གྱི་བྱེད་སྒོ་ཁག་གི་ནང་མཉམ་བཞུགས་བྱེད་པ། དེ་བཞིན་སོ་སོའི་སེམས་འདུལ་བའི་བསླབ་བྱ་གཙོ་བོ་དེ་དག་གི་རྗེས་སུ་འཇུག་པའི་སྐབས། ང་ཚོའི་མི་ཚེ་འདི་དོན་སྙིང་ཆེ་བ་ཞིག་ཆགས་རྒྱུ་ངེས་པ་རེད། 

ང་ཚོས་འགྲོ་ལུགས་ལྟར་ནང་པའི་ལམ་ལ་འགྲིམ་འགོ་བཙུག་ཆོག་པའི་ཆོ་ག་དམིགས་བསལ་དེ་འདྲ་ཡོད་ནའང་། ཁས་ལེན་དམ་བཅའ་ངོ་མ་ནི་རང་གི་སེམས་ཁོང་ནས་ཡོང་དགོས་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་དངོས་གནས་ཡར་རྒྱས་གཏོང་འགོ་བཙུགས་པའི་སྐབས། དེ་ནི་ང་ཚོས་དོན་དམ་གྱི་སྐྱབས་སུ་ཕྱིན་པ་རེད།།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “སྐྱབས་སུ་འགྲོ་བའི་ཕན་ཡོན།”
Top