ནང་པ་སངས་རྒྱས་པའི་ཆོས་ཀྱི་དམིགས་ས་གཙོ་བོ་ནི། རང་ཉིད་ཀྱི་སྐྱོན་ཆ་རྣམས་མེད་པ་བཟོས་ནས། བཟང་པོའི་ནུས་པ་རྣམས་ཧ་གོ་བའི་ཆེད་དུ་ཡིན། སྐྱོན་གྱི་རིགས་སུ་རིག་པ་མི་གསལ་བ་དང་སེམས་ཚོར་ཆ་མ་སྙོམས་པ་བཅས་ཀྱིས། ང་རང་ཚོའི་མི་ཚེའི་ཁ་ཕྱོགས་ཐད་ལ་མགོ་རྨོངས་སུ་འཇུག་པ་ཡིན་པས། དེ་ཡི་མཇུག་འབྲས་སུ། ང་རང་ཚོ་ཁོང་ཁྲོ་དང་། འདོད་རྔམས་དང་། རྨོངས་པ་ལ་སོགས་པའི་ཉོན་མོངས་པས་དབང་དུ་སྒྱུར་ནས། རང་དབང་མེད་པར་རང་ཉིད་ཀྱི་སྤྱོད་ཚུལ་དེ་སྟོན་ཤོར་གྱི་ཡོད། ང་ཚོའི་བཟང་པོའི་ནུས་པ་ལ་མཚོན་ན། བདེན་པའི་དོན་ཤེས་ཐུབ་པ། འབྲེལ་བ་གསལ་པོ་བྱེད་ཐུབ་པ། གཞན་གྱི་སྡུག་བསྔལ་ཚོར་ཐུབ་པ། སོ་སོ་རང་ཉིད་ཡར་རྒྱས་གཏོང་ཐུབ་པ་བཅས་ཡོད།
ནང་པའི་ཉམས་ལེན་འགོ་བཙུགས་ས་ནི། རང་གི་སེམས་དྲན་ཤེས་ཅན་དང་ཞི་བའི་ངང་སྡོད་པ་ནས་འགོ་ཚུགས་པ་ཡིན། དེ་ནི་ནམ་རྒྱུན་མི་གཞན་དང་མཉམ་དུ་སྡོད་སྐབས། རང་གིས་སྤྱོད་པ་འཁྱེར་སྟངས་དང་སྐད་ཆ་ཤོད་སྟངས། དེ་བཞིན་སོ་སོ་གཅིག་པུར་སྡོད་སྐབས་བསམ་བློ་ག་འདྲ་སེ་གཏོང་གི་ཡོད་མིན་ལ་དོ་སྣང་དང་དྲན་གསོ་གཏོང་དགོས་པ་ཡིན། ང་ཚོས་དེ་རྣམས་ལ་རྟོག་ཞིབ་ཙམ་བྱས་ནས་གཡུགས་མ་བཞག་པར། ང་ཚོ་དྲན་ཤེས་དང་ལྡན་པའི་སྐབས་སུ་དགེ་བའི་སེམས་ག་རེ་ཡིན་པ་དང་མི་དགེ་བའི་སེམས་ག་རེ་ཡིན་པ་སོ་སོར་འབྱེད་ཐུབ་པ་ཡིན། དེ་ནི་རང་དོན་ལས་བྲེལ་ཞིག་མ་ཡིན་པར། ང་ཚོ་དངོས་གནས་དྲང་གནས་སྔར་ལས་ལྷག་པའི་གཞན་དག་ལ་གཅེས་སྐྱོང་དང་གུ་ཡངས་པོ་ཆགས་པ་བྱ་རྒྱུ་དེ་ཡིན།
ང་རང་ཚོ་ལ་ཡོད་པའི་ཤེས་བཞིན་དང་སོ་སོ་རང་ཉིད་ཀྱི་སྐོར་ལ་ཡག་པོ་ཤེས་པའམ་རང་རིག་པའི་དགོས་པ་ནི། ང་ཚོའི་དཀའ་ངལ་དེ་རྣམས་ཀྱི་རྒྱུ་དེ་གང་ཡིན་པ་འཚོལ་བའི་ཆེད་དུ་ཡིན། ང་ཚོའི་དཀའ་ངལ་རྣམས་ཕྱིའི་མི་དང་ཁོར་ཡུག་གི་རྐྱེན་པས་ཏན་ཏན་ཡོང་ཆོག་ཀྱང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐབས་ལམ་གྱིས་གཏིང་ཟབ་པའི་རྒྱུ་ཕྲ་མོ་ངོས་འཛིན་བྱེད་པས། དེའི་ཆེད་དུ་ང་ཚོས་རང་གི་སེམས་ལ་བརྟག་ཞིབ་བྱེད་དགོས། ང་ཚོའི་བློའི་གོམས་གཤིས་ཙམ་མ་ཟད། དགེ་བ་དང་མི་དགེ་བའི་སེམས་ཚོར་རྣམས་ཀྱིས། ང་ཚོའི་མི་ཚེའི་སྐྱིད་སྡུག་གི་མྱོང་ཚོར་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
ང་ཚོས་ལས་ཀའི་གནོན་ཤུགས་ཀྱི་དབང་ལས་སེམས་ངལ་གྱི་ཚོར་བ་མྱོང་བ་དང་། སེམས་འཚབ་དང་སེམས་ཞུམ་པ། ཁེར་རྐྱང་དང་སྲུང་ཆ་དང་བརྟན་ཆ་མེད་པའི་ཚོར་སྣང་བྱུང་བའི་སྐབས་སུ། དེ་དག་ལ་གདོང་ལེན་དང་ཁ་གཏད་གཅོག་པ་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དེ་ནི། རང་ཉིད་ཀྱི་བློ་དང་སེམས་ཚོར་གྱི་གནས་འབབ་ལས་བྱུང་བ་ཞིང་ཡིན་པ་མ་གཏོགས་དཀའ་ངལ་ཁོ་རང་གི་སྟེང་ནས་བྱུང་བ་ཞིག་མིན། འཚོ་བའི་ནང་རྒྱུན་ཆད་མེད་པར་བྱུང་བའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི། རང་ཉིད་ཀྱི་སེམས་ཞི་བར་འཇོག་ཅིང་། སེམས་ཚོར་ཆ་སྙོམ་པོ་དང་བློ་རིག་དྭངས་གསལ་ཡོང་བ་བྱ་རྒྱུ་དེ་ཡིན།
ང་ཚོས་རང་གི་སེམས་ཚོར་དང་། ལྟ་བའི་འཁྱེར་སོ། སྤྱོད་ལམ་བཅས་རང་ལ་གནོན་ཤུགས་དང་དཀའ་ངལ་བཟོ་མཁན་རྣམས་ལ་དྲན་ཤེས་བརྟེན་ཐུབ་མཁན་ཆགས་པ་ནས་བཟུང་། དེ་རྣམས་བཅོས་ཐབས་སུ་གཉེན་པོ་བརྟེན་ནུས་པ་ཡིན།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། དངོས་པོའི་གནས་ལུགས་གོ་བ་གསལ་དུ་ཕྱིན་པ་དང་། སེམས་ཀྱི་ལས་ཀ་བྱེད་སྟངས་རྨང་གཞིར་བྱས་པའི་ཐོག ང་ཚོར་སེམས་ཚོར་གྱི་འཕྲོད་བསྟེན་གྱི་རིགས་ཤིག་ཀྱང་བསྟེན་དགོས་ཀྱི་འདུག ཅེས་གསུངས་སོ།།
ང་ཚོ་ཚང་མས་སོ་སོའི་ལུས་པོའི་འཕྲོད་བསྟེན་ལ་དང་དོད་དང་གཅེས་སྐྱོང་བྱེད་པ་ནང་བཞིན་རང་ཉིད་ཀྱི་སེམས་ལའང་དེ་བཞིན་བདག་གཅེས་བྱེད་དགོས་པ་གལ་ཆེན་པོ་རེད། སེམས་ཚོར་གྱི་འཕྲོད་བསྟེན་གོང་འཕེལ་དུ་གཏོང་བར། ང་ཚོས་གནད་དོན་གསུམ་ལ་དྲན་ཤེས་བརྟེན་དགོས། དེ་ཡང། ང་ཚོས་ཟང་ཟིང་ལྡན་པའམ་མི་དགེ་བའི་བསམ་བློའི་གནས་སྟངས་ལ་གཉེན་པོ་དྲན་དགོས་པ་དང་གཅིག དེ་དག་ལ་གཉེན་པོ་ཉེ་བར་མཁོ་བའི་སྐབས་སུ་གཉེན་པོ་བརྟེན་རྒྱུ་དྲན་དགོས་པ་དང་གཉིས། དེ་རྣམས་རྒྱུན་མཐུད་ནས་བརྟེན་རྒྱུ་དྲན་དགོས་པ་བཅས་གསུམ་ཡིན།
གཉེན་པོ་དེ་དག་ཚང་མ་སེམས་ལ་དྲན་པར་བྱེད་པ་ལ། ང་ཚོས་ངེས་པར་བསྒྲུབ་དགོས་པ་ནི།
- གཉེན་པོ་དེ་རྣམས་ག་རེ་ཡིན་མིན་སློབ་སྦྱོང་བྱེད་དགོས།
- ང་ཚོས་དེ་རྣམས་ཀྱི་དོན་ཡག་པོ་བྱས་ནས་མ་ཤེས་བར་དུ་བསམ་བློ་ཞིབ་ཚགས་གཏོང་དགོས་ལ། གཉེན་པོ་ག་འདྲ་བྱས་ནས་བརྟེན་དགོས་མིན་དང་། དེ་དག་གིས་གཉེན་པོ་བྱེད་མིན་ར་འཕྲོད་དགོས།
- དེ་རྣམས་ལ་གོམས་འདྲིས་ཐོབ་པའི་ཆེད་དུ་སྒོམ་བརྒྱབ་ནས་ཉམས་ལེན་བྱེད་དགོས།
རང་ཉིད་སོ་སོའི་སྨན་པ་ཡིན་པ་ནང་བཞིན་བརྩིས་ནས། རང་གི་ནད་ལ་བརྟག་དཔྱད་གཏོང་དགོས། ནད་ཀྱི་རྒྱུ་དེ་ཤེས་དགོས། དེ་དག་ལ་བཅོས་ཐབས་ཀྱི་གཉེན་པོ་ག་རེ་ཡོད་མིན་དང་གཉེན་པོ་དེ་རྣམས་གང་འདྲས་སེ་བརྟེན་དགོས་མིན་བལྟ་བའི་སྒོ་ནས། དངོས་སུ་གཉེན་པོ་བརྟེན་དགོས་པ་ཡིན།
ང་ཚོ་ཡུན་རིང་ནད་ཀྱིས་མནར་བའི་སྐབས་སུ། དོན་དངོས་ང་ཚོས་འགྱུར་བ་གང་ཡང་རུང་བ་ཞིག་མ་གཏང་གོང་དུ། རང་གི་འཚོ་བ་སྐྱེལ་སྟངས་ཡོངས་རྫོགས་ལ་བསྐྱར་བཅོས་བྱས་པར་ཁེ་ཕན་ཡོད་མིན་ངེས་པར་དུ་ར་འཕྲོད་པ་ཞིག་བྱེད་དགོས། མི་མང་ཆེས་བས་ཟས་སྤྱོད་དང་བདེ་ཐང་ལུས་སྦྱོང་བྱེད་ཚུལ་སོགས་ལ་བརྟག་དཔྱད་མཐར་ཕྱིན་པ་མི་བྱེད་པར། དང་པོ་རང་ནས་ཟས་སྤྱོད་དང་ལུས་རྩལ་སྦྱོང་བརྡར་བྱེད་ཀྱི་ཡོད། ངོ་མ་བྱས་ན། ལས་ཀ་ག་འདྲ་ཞིག་ཡིན་ནའང་། དེ་འགོ་མ་བཙུག་སྔོན་ནས་ལམ་སྟོན་སློབ་འཁྲིད་དགོས་པ་ཡིན། འོན་ཀྱང་ལས་ཀ་དེ་ནས་རང་ལ་ཉམས་མྱོང་དང་ཁེ་བཟང་དང་ཕན་ཐོགས་ཡོད་ན། དེ་མུ་མཐུད་ནས་རྒྱུན་སྐྱོངས་བྱ་བའི་སེམས་ཤུགས་བསྐྱེད་སྲིད་པ་ཡིན།
དེ་ག་ནང་བཞིན་སེམས་ཚོར་གྱི་འཕྲོད་བསྟེན་གོང་འཕེལ་ཆེད་དུའང་། གོང་གི་ལག་ལེན་གྱི་བརྒྱུད་རིམ་དེ་དང་གཅིག་པ་གཅིག་རྐྱང་ཡོང་གི་ཡོད། ང་ཚོས་སེམས་ལ་དྲན་ཤེས་བརྟེན་པའི་སྦྱོང་བརྡར་བྱེད་པ་དེ་ཕན་ཐོགས་ཡོད་པ་ཤེས་པའི་མཚམས་ནས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་དག་ལ་སློབ་སྦྱོང་མང་ཙམ་བྱ་རྒྱུའི་ཀུན་སློང་དང་དོ་སྣང་གོང་འཕེལ་གཏོང་བར་ལས་སླ་བ་ཡོད། དེ་ཡང་། རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་སྤུས་ཀ་ཡར་རྒྱས་སུ་གཏོང་ཞིང་གཞན་དག་ལ་རོགས་རམ་རྒྱ་ཆེན་པོ་བྱ་རྒྱུའི་ཆེད་དུ་ཡིན།
སྔོན་མ་སངས་རྒྱས་སྐུ་དངོས་ཀྱང་ང་ཚོ་དང་གཅིག་མཚུངས་མི་དཀྱུས་མ་ཞིག་རེད། ཁོང་གི་སྐུ་ཚེའི་ནང་དཀའ་ངལ་མང་པོ་ཞིག་མྱངས་མྱོང་ཡོད། ཁོང་ཡང་རང་ཉིད་དང་རང་གི་ཉེ་འཁོར་དུ་གནས་པའི་མི་གཞན་དག་གི་མི་ཚེ་ལ་ཡར་རྒྱས་གཏོང་བའི་འདོད་པ་བྱུང་ཞིང་། སོ་སོའི་སེམས་ལ་སོ་སོས་ཞིབ་འཇུག་གནང་བས། རང་གི་ཉེ་འཁོར་དུ་གང་ཞིག་བྱུང་མིན་ལ་མ་ལྟོས་པར། རང་སེམས་ཞི་བར་གནས་ཤིང་དྲན་ཤེས་བརྟེན་ན། རང་གི་སེམས་ཚོར་ལ་དབང་བསྒྱུར་ཐུབ་པའི་ནུས་པ་རང་ལ་ཡོད་པ་མཁྱེན་རྟོགས་བྱུང།
དེ་འདྲའི་ཉམས་ལེན་དང་སྦྱོང་བརྡར་བྱེད་སྟངས་འདི་ལ། ་༸གོང་ས་༸་མཆོག་གིས་ནང་སེམས་ཚོར་གྱི་འཕྲོད་བསྟེན་ཞེས་འབོད་གནང་ཞིང་། འདི་ནི་ཆོས་ལུགས་དང་རིག་གཞུང་གི་ས་མཚམས་ཐམས་ཅད་ལས་འདས་པ་ཞིག་ཡིན། གང་ཡིན་ཞེ་ན། དེ་ནི་སྐྱེ་འགྲོ་ཡོད་དོ་ཅོག་ལ་གཅིག་མཚུངས་སུ་འདོད་པའི་དཀའ་ངལ་རྩ་ནས་མེད་པའི་མི་ཚེ་བདེ་སྐྱིད་དང་ཞི་བདེ་ལྡན་པ་དེ་ཡིན་ནོ།།