དབུགས་ལ་དམིགས་པ་གཏད་པ་དང་དབུགས་ཀྱི་གྲངས་ཀ་བརྩི་བཞིན་པའི་སྐབས། ང་ཚོས་བཟང་ཕྱོགས་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་པའི་དོན་དུ་རང་གིས་རང་ཞི་ལྷིང་ངང་གནས་དགོས།
Meditation calming down cesar couto unsplash

འགྲེལ་བཤད། 

སྒོམ་ནི་བསྐྱར་ལྡབ་ཡང་ལྡབ་ཀྱི་སྒོ་ནས་དགེ་བའི་སྤྱོད་ལམ་གོང་འཕེལ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་རེད། དཔེར་ན། དེ་ནི་དབང་རྩའི་བགྲོད་ལམ་གསར་པ་ཞིག་བཟོ་སྐྲུན་བྱེད་པ་དང་དབང་རྩའི་བགྲོད་ལམ་རྙིང་པ་དེ་ཞན་དུ་གཏོང་བ་ལྟ་བུ་ཞིག་རེད། དེ་ཇི་ལྟར་ཞེ་ན། དེ་ཡང་ཕན་ཐོགས་ཆེ་བའི་གོ་རྟོགས་དང་ཀུན་སློང་གསར་པ་ཞིག་སྐྱེད་པའི་ཆེད་དུ་གུ་ཡངས་ཀྱི་བར་སྟོང་ཞིག་སྐྲུན་པར་ཐོག་མར་ཧ་ཅང་མྱུར་པོ་རྒྱུ་བའི་ང་ཚོའི་སེམས་འདི་ཞི་འཇམ་བཟོ་དགོས་ངེས་ཤིག་རེད། སེམས་ཞི་འཇམ་བཟོ་བའི་ནུས་པ་དེ་ག་རང་ཕན་ཐོགས་ཅན་གྱི་གོམས་གཤིས་ཤིག་ཡིན་ནའང་། དེ་ནི་དགེ་མི་དགེ་གང་རུང་གི་ཀུན་སློང་སྐྱེད་པར་བྱེད་པའི་གཞི་རྩར་གྱུར་སྲིད་པའི་བཏང་སྙོམས་ཀྱི་སེམས་ཤིག་རེད། ང་ཚོས་ཞི་འཇམ་གྱི་གནས་བབས་འདི་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་པའི་ཆེད་དུ་གུ་ཡངས་ཀྱི་སྟོང་ཆ་ལྟ་བུ་ཞིག་ལ་བེད་སྤྱོད་བྱེད་དགོས་པ་དང་དེའི་ཆེད་དུ་འདི་ནི་སྔོན་འགྲོའི་ཐབས་ཚུལ་མེད་དུ་མི་རུང་བ་ཞིག་ཡིན། 

སེམས་ཞི་འཇམ་བཟོ་བ་དེས་ང་ཚོའི་མི་ཚེའི་ནང་འབྱུང་བའི་དཀའ་ངལ་གྱི་རིགས་རྣམས་ལ་གདོང་ལེན་བྱེད་པར་ཕན་གྱི་ཡོད། དེ་དག་ལ་ཡང་དག་པར་གདོང་ལེན་བྱེད་པར་ང་ཚོ་ལ་གང་གིས་འགོག་རྐྱེན་བྱེད་ཀྱི་ཡོད་དམ་ཞེ་ན། ང་ཚོའི་སེམས་གསལ་པོ་མེད་པ་དང་ཐང་ཆད་པ་དེ་བཞིན་སེམས་ངལ་གནོན་ཤུགས་དབང་གིས་སེམས་ཡོངས་སུ་ཁེངས་ནས་ཡོད། དཔེར་ན། ལས་ཀ་བྱེད་པའི་སྐབས་སུ་ཉིན་རིང་པོ་དང་དཀའ་ལས་ཁག་པོ་བྱུང་བ་དང་། ལས་ཀ་གྲོལ་བར་ད་དུང་ཆུ་ཚོད་གཅིག་ལྷག་ཡོད་པ། ལས་ཀ་བྱ་རྒྱུ་ད་དུང་མང་པོ་ལྷག་ཡོད་པ་ལྟ་བུ་རེད། དབུགས་ལ་དམིགས་པ་གཏད་པ་དེས་སེམས་ཞི་འཇམ་བཟོ་བར་ཕན་པ་དང་དེ་ལ་བརྟེན་ནས་ང་ཚོས་སེམས་ཀྱི་གནས་བབས་གསལ་པོ་ཞིག་ལ་བརྟེན་ནས་གནས་སྟངས་ཁག་པོ་འདི་ལ་གདོང་ལེན་བྱེད་ཐུབ། 

སྒོམ་ཚུལ།

  • ལུས་དྲང་པོར་ཙོར་པུར་སྡོད་དགོས་པ་དང་། ལག་གཉིས་པང་སྟེང་དུ་འཇོག་དགོས་པ། མིག་ཕྱེད་ཀ་ལྡང་བ། ཞ་ལའི་སྟེང་དུ་མར་བལྟ་བ། སོ་དམ་པོར་མི་འཛིན་པ་བཅས་དགོས།
  • རང་གི་ལུས་པོའི་ནང་གི་ཐང་ཤ་ལྷོད་པོར་འཇོག་དགོས་པ་དང་། དམིགས་བསལ་དཔུང་པ་དང་། ཁ། དཔྲལ་བ་བཅས་ལྷོད་པོར་འཇོག་དགོས། ལུས་པོའི་ནང་ཡོད་པའི་ཐང་ཤ་དེ་མ་གྲོལ་གྱི་བར་དུ་སེམས་ཞི་འཇམ་བཟོ་མི་ཐུབ། 
  • སྣ་བུག་ནས་རྒྱུན་ལྡན་ལྟར་དབུགས་གཏོང་དགོས།
  • སེམས་ནང་ཡང་ནས་ཡང་དུ་དབུགས་སྐོར་བཅུ་གཅིག་གྲངས་ཀ་བརྩི་བ་དང་། སྣ་བུག་བརྒྱུད་ནས་དབུགས་དབྱུང་རྔུབ་ཀྱི་མྱོང་ཚོར་ལ་དམིགས་པ་གཏད་དགོས།
  • དབུགས་ཀྱི་མྱོང་ཚོར་དང་གྲངས་ལ་དྲན་པ་ཉེ་བར་འཇོག་དགོས། (སེམས་ཀྱི་སྦྱར་རྩི་ལྟ་བུ་འཛིན་ཆ་དེས་འཛིན་དགོས།)
  • སེམས་བྱིང་བ་དང་རྒོད་པའི་དབང་དུ་ཤོར་ནས་རྩེ་གཅིག་པའི་དམིགས་གཏད་བརླགས་པའི་སྐབས་དེ་རྟོགས་པའི་ཆེད་ཤེས་བཞིན་རྒྱུན་སྐྱོང་དགོས།  
  • ཁྱེད་ཀྱི་རྩེ་གཅིག་པའི་དམིགས་གཏད་དེ་བརླག་གི་ཡོད་པ་ཤེས་པའི་སྐབས། དབུགས་དང་དབུགས་ཀྱི་གྲངས་ལ་དམིགས་གཏད་དེ་སླར་ཡང་འཇོག་དགོས།
  • གལ་ཏེ་ཁྱེད་ཀྱིས་སེམས་ཀྱི་རྒོད་པ་དེ་རྟོགས་ན། དལ་བུའི་ངང་ནས་བསམ་བློ་གློད་ནས་དེ་ཁྱེད་ཀྱིས་དབུགས་ཕྱིར་དབྱུང་བ་དང་དེ་ཡང་སེམས་ནས་ཕྱིར་འཐོན་འགྲོ་ཡི་ཡོད་པར་བསམ་བློ་གཏོང་བའི་སྒོ་ནས་རང་གི་དམིགས་གཏད་སླར་ཡང་དབུགས་དང་དབུགས་ཀྱི་གྲངས་ལ་ཚུར་འཇོག་དགོས།
  • གལ་ཏེ་ཁྱེད་ཀྱི་དཔུང་པ་དང་གདོང་པ་ཡང་བསྐྱར་དམ་དུ་ཕྱིན་ན། ལྷོད་པར་འཇོག་དགོས།
  • མཐར་སྒོམ་ལ་བརྟེན་ནས་འཕོ་འགྱུར་གྱི་གནས་སྐབས་སུ་སླར་ཡང་སེམས་ཞི་འཇམ་ངང་ལྷིང་འཇགས་སུ་གནས་དགོས།

ཕྱོགས་བསྡོམས།

ང་ཚོས་དཀའ་ངལ་ཅན་གྱི་གནས་སྟངས་ལ་གདོང་ལེན་བྱེད་པར་ཐང་ཆད་པ་དང་སེམས་ངལ་གནོན་ཤུགས་ཡོད་པ། དེ་བཞིན་སེམས་ཀྱི་གསལ་ཆ་ཆེ་བ་དང་སེམས་ཚོར་གྱི་ཆ་སྙོམས་ཤིག་དགོས་པའི་སྐབས། ང་ཚོ་ཞི་འཇམ་ངང་གནས་ཏེ་སེམས་དང་སེམས་ཚོར་གྱི་ཞི་ལྷིང་དེ་སླར་ཡང་རྙེད་པར་བྱེད་དགོས། ཇི་ལྟར་གློག་ཀླད་ནང་བཞིན་ང་ཚོས་སོ་སོའི་སེམས་ལ་བསྐྱར་བཅོས་དང་བཟོ་བཅོས་གང་འོས་གཏོང་དགོས་ཀྱི་ཡོད། དེ་ལྟར་བྱེད་པར། ང་ཚོས་དབུགས་གྲངས་བརྩི་བཞིན་པའི་སྐབས་སུ་སོ་སོའི་ལུས་པོ་ལྷོད་པར་འཇོག་དགོས་པ་དང་དབུགས་ལ་དམིགས་པ་གཏད་དགོས། ཐབས་ལམ་འདི་སོ་སོའི་ནང་དུ་སྒོམ་ཉམས་ལེན་བྱེད་པ་དེས་དབང་རྩའི་བགྲོད་ལམ་ཞིག་དང་གོམས་གཤིས་ཤིག་སྐྱེད་པར་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོའི་ཉིན་རེའི་མི་ཚེའི་ནང་དགོས་པའི་དུས་སུ་ཐབས་ལམ་དེ་ལག་བསྟར་བྱ་རྒྱུ་དྲན་པ་དང་། དེ་ལག་བསྟར་བྱེད་བདེ་བ་དང་རྒྱུན་སྐྱོང་སླ་བ་ཆགས་ཀྱི་ཡོད།།

Top