གཅེས་སྐྱོང་གི་བསམ་བློ་སྐྱེད་པ།

ང་ཚོ་ལ་ཚོར་བ་ཡོད་པ་ནང་བཞིན་གཞན་རྣམས་ཀྱང་ཚོར་བ་དང་ལྡན་པའི་འགྲོ་བ་མི་ཡིན་པར་བསམ་བློ་བཏང་ནས་ང་ཚོའི་བྱ་སྤྱོད་སྤེལ་སྟངས་དང་སྐད་ཆ་ཤོད་སྟངས་ཀྱིས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཆེད་དུ་གཅེས་སྐྱོང་དང་སེམས་ཁུར་སྐྱེད་དགོས།
Meditation generating care matheus ferrero

འགྲེལ་བཤད།

དབུགས་ལ་དམིགས་པ་གཏད་པའི་སྒོ་ནས་རང་གི་སེམས་ཞི་འཇམ་བཟོ་བ་ནི་སྒོམ་གྱི་རིགས་གང་འདྲ་ཞིག་ཡིན་ནའང་དེ་དག་གི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་དང་། གཞི་ནས་ང་ཚོ་ཕན་བྱེད་དགེ་བའི་སེམས་ཀྱི་གནས་བབས་ཤིག་སྐྱེད་པར་གྲ་སྒྲིག་ཡོད། གཞན་དང་མཉམ་དུ་འབྲེལ་བ་བྱེད་པར། གལ་ཆེ་ཤོས་ནི་ཕ་རོལ་པོ་ལ་བཅོས་མིན་གྱི་གཅེས་སྐྱོང་དང་སེམས་ཁུར་ཞིག་ཡོད་དགོས། དེ་ནི་ཕ་རོལ་པོ་དེ་འགྲོ་བ་མི་ཞིག་ཡིན་པ་ལ་དོ་གལ་ཆེན་པོའི་སྒོ་ནས་ངོས་འཛིན་བྱེད་པ་དང་ང་ཚོ་ལ་ཡོད་པ་ནང་བཞིན་དེ་དག་ལའང་ཚོར་བ་ཡོད་པ་ངོས་འཛིན་བྱེད་དགོས། བདེན་དོན་འདི་ནི་ལས་སླ་པོའི་སྒོ་ནས་མི་མཐོང་ཆགས་པ་དང་ང་ཚོ་བྲེལ་ཟིང་དང་སེམསའཚབ་ཡང་ན་རང་གིས་རང་སྔོན་ཚུད་ལས་བྲེལ་ཡོད་པའི་སྐབས་ཚོར་བ་སྐྱེན་པོ་མེད་པ་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོས་སོ་སོ་རང་ཉིད་དང་རང་གི་དཀའ་ངལ་དེ་བཞིན་ཚོར་བ་རྣམས་ལ་བསམ་བློ་གུ་དོག་པོའི་སྒོ་ནས་ཇི་ཙམ་གྱིས་དམིགས་པ་དེའི་ཚོད་ཀྱིས་ང་ཚོ་མི་སྐྱིད་པ་ཆགས་ཀྱི་ཡོད། ང་ཚོའི་ཉེ་འཁོར་དུ་ཡོད་པའི་དངོས་པོའི་གནས་ལུགས་རྒྱ་ཆེ་ས་དང་འབྲེལ་བ་མེད་པ་ཆགས་ཀྱི་ཡོད། 

འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པ་དང་ང་ཚོ་ཚང་མ་སོ་སོའི་དོན་དུ་དང་སོ་སོའི་བདེ་ཐབས་ཀྱི་ཆེད་དུ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་གནས་ཀྱི་ཡོད། ང་ཚོས་གཞན་དང་མཉམ་དུ་འབྲེལ་བ་བྱེད་དགོས་ཀྱི་ཡོད། དེར་བརྟེན་གཞན་དག་དང་མཉམ་དུ་རྒྱུ་མཚན་དང་ལྡན་ལ་དགེ་མཚན་ལྡན་པའི་སྤྱོད་ལམ་བརྒྱུད་འབྲེལ་བ་བྱེད་པར། ང་ཚོས་གཞན་གྱི་བདེ་སྡུག་དང་བདེ་ཐབས་ལ་བཅོས་མིན་གྱི་སེམས་ཁུར་དགོས་ཀྱི་ཡོད། ལྷག་པར་དུ་ང་ཚོས་གཞན་གྱི་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་དང་ཚོར་བ་རྣམས་ལ་ཚོར་བ་སྐྱེན་པོ་བྱེད་དགོས་པ་དང་། དམིགས་བསལ་ང་ཚོའི་ཕ་རོལ་པོ་དང་འབྲེལ་བ་བྱེད་སྟངས་ལ་ཡ་ལན་གྱི་ཚུལ་དུ་སེམས་ཚོར་སྐྱེན་པོ་དགོས། 

ང་ཚོས་མི་ཞིག་དང་ཐུག་པའི་སྐབས་སུ་ཉིན་དེའི་སྔ་དྲོར་གང་ཉམས་སུ་མྱོང་བ་དེས་ད་ལྟའི་སེམས་ཁམས་ཀྱི་ཉམས་འགྱུར་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ནང་བཞིན་ཁོང་ལ་དེ་དང་གཅིག་མཚུངས་རེད། ང་ཚོས་མི་དེ་དང་ཐུག་པའི་སྐབས་སུ་མི་དེ་གློ་བུར་ཐོག་རྒྱག་ཏུ་བྱུང་བ་ཞིག་མིན། ཇི་ལྟར་ང་ཚོ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ནང་བཞིན་དེའི་སྐབས་ཀྱི་ཁོང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་གྱིས་ཕན་ཚུན་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་སྤྲོད་ཀྱི་རེད། གལ་ཏེ་ང་ཚོ་འདིའི་དངོས་པོའི་གནས་ལུགས་དང་བདེན་དོན་ལ་སོ་སོ་རང་ཉིད་དང་གཞན་གཉིས་ཀ་ལ་ལྟོས་ནས་ཚོར་བ་སྐྱེན་པོ་མེད་པ་ཡིན་ན། ང་ཚོའི་འབྲེལ་ལམ་དེ་སོ་སོའི་འདོད་པ་ལས་གང་འཚམས་ཀྱི་མི་འདྲ་བ་ཞིག་ཏུ་འགྱུར་སྲིད་པ་རེད། དེའི་སྟེང་ལ་ཁོང་ཚོའི་ང་ཚོ་དང་མཉམ་དུ་སྐད་ཆ་ཤོད་སྟངས་དང་ང་ཚོ་ལ་ལྟ་ཚུལ་འཛིན་སྟངས་ཀྱིས་ང་ཚོ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ནང་བཞིན་ང་ཚོས་དེ་དག་ལ་སྐད་ཆ་ཇི་ལྟར་བཤད་པ་དང་ལྟ་ཚུལ་ཇི་ལྟར་འཛིན་པ་དེས་ཀྱང་ཁོང་ཚོའི་ཚོར་བ་ལ་ཤུགས་རྐྱེན་སྤྲོད་ཀྱི་རེད། 

ང་ཚོ་གཞན་དང་མཉམ་དུ་ག་དུས་ཡོད་པ་ཡིན་ནའང་། བདེན་དོན་དེ་དག་རང་གིས་རང་ལ་དྲན་གསོ་གཏོང་བ་དང་དེ་དག་ལ་དྲན་པ་བསྟེན་པའི་སྐབས། རང་གི་གྲོགས་པོ་དང་ཆ་རྒྱུས་མེད་པའི་མི་དང་ཐ་ན་རང་ཉིད་མི་དགའ་སའི་མི་སུ་འདྲ་ཞིག་ཡིན་ནའང་། ང་ཚོའི་འབྲེལ་བ་དེ་སོ་སོ་རང་ཉིད་དང་གཞན་གཉིས་ཀ་ལ་དོན་དང་ལྡན་པ་དང་འདོད་བློ་ཡོངས་སུ་ཁེངས་པ་ཆགས་ཀྱི་རེད།

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • སེམས་ཞི་འཇམ་དང་ཚད་བརྒལ་གྱི་ཚོད་དཔག་མི་བྱེད་པའི་སྒོ་ནས་སོ་སོ་རང་ཉིད་དང་བློ་ཐག་ཉེ་བ་དང་དེ་དང་མཉམ་དུ་འགྲོགས་འདོད་པ་ཞིག་ལ་བསམ་བློ་གཏོང་དགོས། 
  • དེ་དག་འགྲོ་བ་མི་ཡིན་པ་དང་ཚོར་བ་ཡོད་པ་རྟོགས་པའི་སྒོ་ནས་བརྩི་མཐོང་བྱེད་དགོས།
  • དེ་ཡང་སོ་སོ་རང་ཉིད་ལ་ཚོར་བ་ཡོད་པ་ནང་བཞིན་རེད།
  • ཁྱེད་རང་སེམས་ཁམས་ཀྱི་ཉམས་འགྱུར་གང་གི་ནང་ཡོད་པ་དེས་ང་ཚོའི་འབྲེལ་ལམ་ལ་ཤུགས་རྐྱེན་སྤྲོད་ཀྱི་རེད། 
  • ཇི་ལྟར་ངའི་སེམས་ཁམས་ཀྱི་ཉམས་འགྱུར་གྱིས་དེ་ལ་ཤུགས་རྐྱེན་སྤྲོད་པ་ནང་བཞིན་རེད།
  • ངས་ཁྱེད་ལ་ལྟ་ཚུལ་ཇི་ལྟར་འཛིན་པ་དང་ངས་གང་བཤད་པ་དེས་ཁྱེད་ཀྱི་ཚོར་བ་ལ་ད་དུང་ཤུགས་རྐྱེན་སྤྲོད་ཀྱི་རེད།
  • དེར་བརྟེན་ངའི་རེ་བ་བྱེད་པ་ནང་བཞིན་ཇི་ལྟར་ཁྱེད་ཀྱིས་ང་ཚོའི་འབྲེལ་བའི་ནང་ང་དང་ངའི་ཚོར་བ་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་ངས་ཀྱང་ཁྱེད་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། ཁྱེད་ཀྱི་ཚོར་བ་ལ་སེམས་ཁུར་བྱེད་ཀྱི་ཡོད།
  • ཁྱེད་ཀྱིས་དེ་ལྟར་རང་གི་ངོ་ཤེས་ཙམ་གྱི་མི་ཞིག་དང་། རྒྱུས་མངའ་མེད་པའི་མི་ཞིག་གམ་ཡང་ན་ཚོར་བ་དམིགས་བསལ་མེད་སའི་མི་སྟེ། དཔེར་ན། གློག་བརྙན་ལྟད་མོ་ཁང་དུ་འཛུལ་ཞུགས་ཆོག་པའི་འཛིན་བྱང་ལེན་མཁན་གྱི་མི་ལྟ་བུ་ཞིག་ལ་དམིགས་བཞིན་དུ་བྱུང་རིམ་དེ་ཡོངས་སུ་རྫོགས་པ་བསྐྱར་ཟློས་བྱེད་དགོས།
  • ཁྱེད་རང་མི་དགའ་ས་དང་མཉམ་དུ་འགྲོགས་པར་བདེ་པོ་མེད་པའི་མི་ཞིག་ལ་ཡང་དག་པར་དམིགས་བཞིན་དུ་བྱུང་རིམ་དེ་ཡོངས་སུ་རྫོགས་པ་བསྐྱར་ཟློས་བྱེད་དགོས།

ཕྱོགས་བསྡོམས།

སྒོམ་འདི་ལ་བེད་སྤྱོད་མང་པོ་ཡོད་པ་དང་རྒྱ་སྐྱེད་ཆེན་པོ་གཏོང་ཆོག ང་ཚོས་གོང་གི་སྡེ་ཚན་གསུམ་གྱི་ནང་ད་དུང་ལོ་ཚད་མི་འདྲ་བ་དང་། ཕོ་མོའི་རྟགས་མི་འདྲ་བ། རིགས་མི་འདྲ་བ་ལ་སོགས་པའི་མི་རྣམས་ལ་དམིགས་ཆོག ད་དུང་ང་ཚོས་སྒོམ་དེ་སོ་སོ་རང་ཉིད་ལ་དམིགས་ཆོག ང་ཚོའང་འགྲོ་བ་མི་ཡིན་པ་དང་ཚོར་བ་ཡོད། ང་ཚོས་སོ་སོ་རང་ཉིད་ལ་ལྟ་ཚུལ་འཛིན་སྟངས་དང་སོ་སོའི་སེམས་ནང་རང་གིས་རང་ལ་སྐད་ཆ་བཤད་སྟངས་དེས་ང་ཚོའི་ཚོར་བ་ལ་ཧ་ཅང་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ཐབས་ཚུལ་དེ་འདྲའི་སྒོ་ནས་ང་ཚོས་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་གཅེས་སྐྱོང་གི་བསམ་ཕྱོགས་ཤིག་ཀྱང་སྐྱེད་ཀྱི་ཡོད།།

Top