འཇིག་རྟེན་སྤྱི་ཡོངས་ཀྱི་བྱམས་པའམ་ཀུན་ཁྱབ་ཀྱི་བྱམས་པ་ཞེས་པ་ནི། རང་ཉིད་ཀྱི་མི་ཚེ་འདི་གཞན་དག་གི་མི་ཚེ་དང་ཇི་ལྟར་ལྟོས་ཤིང་འབྲེལ་ཡོད་པར་ཤེས་པའི་ཐོག་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པའི་བསམ་པ་ཞིག་ལས་བྱུང་བ་ཡིན། ༼བྱམས་པ་ཞེས་པ་དེ་ག་རེ་ཡིན་ནམ། འདིར་གཟིགས།༽ ང་ཚོ་མི་རེ་ངོ་རེ་འགྲོ་བ་མིའི་ཆ་ཤས་ཤིག་ཡིན་ལ། རང་ཉིད་ཀྱི་བདེ་ཐབས་དེ་ཡང་འཛམ་གླིང་གི་ཚོགས་སྡེ་སྤྱི་དང་ཕན་ཚུན་་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཡོད། ང་ཚོ་སུ་ཞིག་ཀྱང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འཕོ་འགྱུར་གྱི་ཤུགས་རྐྱེན་ལས་ཐར་མི་ཐུབ། ང་ཚོ་འགྲོ་བ་མི་རྣམས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་ཡིན་པས། འགྲོ་བ་སེམས་ཅན་ཐམས་ཅད་ལ་རང་ཉིད་ཀྱིས་བྱམས་བརྩེ་རྒྱ་སྐྱེད་གཏོང་རྒྱུ་ནི་དངོས་གནས་དྲང་གནས་འོས་ཤིང་འཚམས་པ་ཞིག་རེད།
༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཞལ་སྔ་ལས། གཞན་གྱི་དོན་དུ་བྱམས་པའི་སེམས་བསྐྱེད་པ་ལས་རང་བཞིན་གྱིས་སེམས་ཞི་ལྷོད་དུ་འགྲོ་ཞིང་། དེ་ནི་རང་ཉིད་ཀྱི་མི་ཚེ་ལམ་ལྷོང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་མཐར་ཐུག་གི་འབྱུང་ཁུངས་ཤིག་ཡིན། ཞེས་གསུངས་སོ།།
བྱམས་པ་གོང་འཕེལ་དུ་གཏོང་བར། ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ནས་ཡོད་པར་རྩི་མཐོང་དང་ཡི་རངས་བྱེད་དགོས། ང་ཚོས་བཟའ་རྒྱུའི་ཟས་དང། སྤྱོད་རྒྱུའི་ཅ་དངོས་དང་། མྱོང་རྒྱུའི་བདེ་སྐྱིད་དང་བཅས་པ་ཐམས་ཅད་གཞན་དག་གི་ངལ་རྩོལ་ཐོག་ནས་བྱུང་བ་ཡིན། ང་ཚོ་རྩོམ་ཡིག་འདི་ཀློག་བཞིན་པའི་སྐབས་འདི་རང་ལ་བེད་སྤྱོད་གཏོང་བཞིན་པའི་གློག་ཆས་ཀྱི་དངོས་པོ་འདི་ཡང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མི་སྟོང་ཕྲག་མང་པོའི་མཉམ་ལས་ཀྱི་ནུས་པ་ལས་གྲུབ་པ་ཞིག་ཡིན་པར་བསམ་བློ་གཏིང་རིང་པོ་ཞིག་གཏོང་དང་། དེས་ང་ཚོ་ཕན་ཚུན་རྟེན་ཅིང་འབྲེལ་ནས་ཡོད་པ་དང་། གཞན་ཐམས་ཅད་བཀའ་དྲིན་ཆེན་པོ་ཡིན་པའི་ཚོར་བ་ཞིག་སྐྱེ་བར་བྱེད་ཅིང་། དེས་རང་ཉིད་ཀྱི་རྒྱུད་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་ཞིག་ཀྱང་འདྲེན་པ་ཡིན། དེ་ལྟར་རྟོགས་ན་རང་བཞིན་གྱིས་གཞན་དག་གི་བདེ་སྐྱིད་ལ་སེམས་འཁུར་ཡོང་བ་ཡིན་ཞིང་། དེ་ལྟ་བུའི་ཚོར་བ་རྣམས་ནི། འཇིག་རྟེན་སྤྱི་ཡོངས་སམ་ཀུན་ཁྱབ་ཀྱི་བྱམས་པའི་རྨང་གཞིར་གྱུར་བ་ཡིན།
དུས་ཡུན་ཐུང་ངུའི་སྒོམ་བརྒྱབ་པ་ལས་བྱམས་བརྩེ་གོང་འཕེལ་གཏོང་བ།
ཐོག་མར་ང་ཚོས་སོ་སོ་རང་ཉིད་ཀྱི་ཆེད་དུ་བྱམས་བརྩེ་གོང་འཕེལ་གཏོང་དགོས། གལ་སྲིད་སོ་སོ་རང་ཉིད་བདེ་སྐྱིད་འདོད་པར་ཡིད་སྨོན་མ་བྱེད་ན། གཞན་ལ་ག་རེ་བྱས་ནས་ཡིད་སྨོན་བྱེད་དམ།
ང་ཚོས་ཚོར་བ་དྲག་པོ་ཞིག་གི་སྒོ་ནས་འགོ་བཙུགས་དགོས།
- འདས་པའི་དུས་སུ། གལ་ཏེ་ང་བདེ་བ་དང་ལྡན་པ་དང་། བདེ་བའི་རྒྱུ་དག་དང་ལྡན་ཡོད་ན་ཅི་མ་རུང་སྙམ་པ།
- ད་ལྟའི་དུས་སུ། ང་རང་བདེ་བ་དང་ལྡན་ན་སྙམ་པ།
- མ་འོངས་པར། ངས་རང་ཉིད་ལ་བདེ་བ་བསྒྲུབ་ཐུབ་པར་ཤོག་སྙམ་པ།
སོ་སོ་རང་ཉིད་བདེ་བ་མངོན་འདོད་ཀྱི་ཉམས་མྱོང་ཤུགས་ཆེན་སྐྱེས་པའི་སྐབས། རང་ཉིད་ཀྱི་དམིགས་ཡུལ་རྒྱ་སྐྱེད་དང། བསམ་བློའི་ཁྱེར་སོ་དེ་ག་རང་གཞན་དག་རྒྱ་ཆེ་ས་ནས་ཆེ་སར་བེད་སྤྱོད་གཏོང་ཐུབ་པ་ཡིན།
༡༽ ཐོག་མར་རང་ཉིད་ཀྱི་བྱམས་པ་དེ་རང་གི་དགའ་ཉེ་སྤུན་མཆེད་དང་གྲོགས་པོར་དམིགས་དགོས།
༢༽ དེ་ནས་ཉིན་ལྟར་ཐུག་འཕྲད་བྱེད་པའི་གང་ཟག་བར་མ་ཚོར་བྱམས་པ་རྒྱ་སྐྱེད་གཏོང་དགོས།
༣༽ དེ་རྗེས་རང་ཉིད་རྩ་ནས་མི་དགའ་བའི་གང་ཟག་རྣམས་ལ་བྱམས་པ་གོང་འཕེལ་གཏོང་ཐབས་བྱེད་དགོས།
༤༽ མཐར་རང་ཉིད་ཀྱི་བྱམས་པའི་བློ་དེ་འཇིག་རྟེན་ཁྱོན་ཡོངས་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་དམིགས་དགོས་པ་ཡིན།
དེ་འདྲའི་ལམ་ནས་ང་ཚོས་བྱམས་པའི་བློ་དེ་ང་རང་ཚོ་ཁོ་ན་དང་རང་གི་ཉེ་འཁོར་གྱི་མི་ཙམ་མིན་པར། སེམས་ཅན་ཐམས་ཅད་ལ་གོང་འཕེལ་དུ་གཏོང་ཐུབ།
གལ་ཏེ་ཁྱོད་ཀྱིས་དངོས་གནས་དྲང་གནས་གཞན་དག་ལ་བདེ་བ་དང་ལྡན་པ་ཞིག་བྱེད་ཐུབ་ན། དེ་ངེས་པར་དུ་བྱེད་དགོས། གལ་ཏེ་དེ་ལྟར་བྱེད་མི་ཐུབ་པ་ཡིན་ན། གཞན་དག་ལ་གནས་སྐབས་ཀྱི་བདེ་བ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་བདེ་ཐབས་ཤིག་ཀྱང་སྟེར་གྱི་ཡོད་བསམ་པའི་མོས་པ་བྱེད་ཆོག། དེ་ཡང་ཁྱིམ་མེད་པའི་མི་ཚོར་ཟས་གོས་གནས་མལ་སྦྱིན་པ་ཙམ་མ་ཡིན་པར། གང་ལྟར་ཕྱུག་པོ་དང་གྲུབ་འབྲས་ལྡན་པའི་མི་མང་པོ་ཞིག་ལ་སྡུག་བསྔལ་ཡོད་ཡོད་པ་ཡིན་པས། དེ་དག་ཚང་མར་ང་ཚོའི་བྱམས་པའི་ཡིད་སྨོན་ནང་འཚུད་པར་བྱེད་དགོས། དེ་འདྲའི་ངང་རིམ་བཞིན་རང་ཉིད་ཀྱི་དགའ་ཉེ་སྤུན་མཆེད་གྲོགས་པོ་དང་། རང་གི་མི་ཚེའི་ནང་འཕྲད་པའི་མི་ཡོད་དོ་ཅོག་ལ་བཅོས་མིན་གྱི་བྱམས་པ་ཞིག་རང་བཞིན་གྱིས་སྐྱེ་ཞིང་། དེས་རང་གཞན་ཀུན་ལ་བདེ་སྐྱིད་འདྲེན་ཐུབ་པ་ཡིན་ནོ།།