རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ།

10.28%20reviving%20ancient%20indian%20values

རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་ཞེས་པའི་བརྗོད་གཞིའི་སྐོར་ལ་སྐད་ཆ་ཞིག་བཤད་རོགས་ཞེས་ང་ལ་འབོད་བསྐུལ་གནང་སོང་བས། དེའི་སྐོར་དེ་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་གི་གཅིག་ཡིན་པ་དང་བརྗོད་གཞི་འདི་ནི་གནད་དོན་འགའ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་པ་སྟེ།

  • དང་པོ། རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་དག་གང་རེད་དམ།
  • གཉིས་པ། དེ་དག་བསྐྱར་གསོ་བྱེད་པའི་དམིགས་ཡུལ་དང་དགོས་དོན་གང་རེད་དམ། 
  • གསུམ་པ། དེ་དག་བསྐྱར་གསོ་བྱེད་པ་ཞེས་པའི་དོན་གང་རེད་དམ།
  • བཞི་པ། དེ་དག་བསྐྱར་གསོ་ཡོང་བའི་ཆེད་ཁ་ཡོད་ལག་ཡོད་དང་ཕན་ནུས་ལྡན་པའི་ཐབས་ལམ་འགའ་ཞིག་གང་དག་རེད་དམ། 

ད་ང་ཚོས་གནད་དོན་དེ་དག་རེ་རེའི་སྐོར་ལ་རིམ་པས་བརྟག་དཔྱད་བྱ་རྒྱུ་ཡིན།

རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་དག་གང་རེད་དམ།

ང་ཚོས་རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་དག་གང་ཡིན་པའི་ཐད་བལྟ་བའི་སྐབས་སུ་ལྟ་ཞིབ་བྱེད་ཆོག་པའི་ཁ་ཕྱོགས་གཉིས་ཡོད་དེ།

  • ཁ་ཕྱོགས་གཅིག་ནི། འཚེ་བ་མེད་པ་དང་སྙིང་རྗེ་ཡིན་པ་རེད། དེ་གཉིས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་ལྡན་ནས་གོང་སྤེལ་གནང་བའི་རྒྱ་གར་གྱི་གནའ་རབས་རིག་གཞུང་ཡིན་པ་རེད། དེ་གཉིས་ནི་རྒྱ་གར་གྱི་རིག་གཞུང་ནང་དུ་གསུངས་ཡོད་པ་མ་ཟད། དེང་དུས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་། གོ་ལ་སྤྱིའི་རིན་ཐང་། དེ་བཞིན་ཨེ་མོ་རིའི་གཙུག་ལག་སློབ་ཆེན་ཁང་ནས་རྩ་འཛུགས་གནང་བའི་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་ཀྱི་ལས་རིམ་གྱི་གཞི་རྩ་ལྟ་བུར་གྱུར་ཡོད། ལས་རིམ་འདི་ནི་ད་ལྟའི་ཆར་རྒྱ་གར་ནང་ཡོད་པའི་སློབ་གྲྭ་ཁག་མང་པོའི་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་འཛམ་གླིང་ནང་རྒྱལ་ཁབ་གཞན་འགའ་ཞིག་གི་ནང་དུའང་ལག་བསྟར་བྱེད་ཀྱི་ཡོད། 
  • ཁ་ཕྱོགས་གཞན་དེ་ནི། སེམས་ཚོར་གྱི་འཕྲོད་བསྟེན་ཟེར་བ་དེ་རེད། དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གོང་སྤེལ་གནང་བའི་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ཞིག་ཡིན་པ་རེད། དེ་ནི་གཙོ་བོ་སེམས་དང་སེམས་ཚོར། ཡུལ་རྟོགས་ཚུལ་དང་རྒྱུ་མཚན་རིགས་པ་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལམ་ལུགས་ཁག་གི་ནང་གསལ་ཡོད་པ་རེད།

འདིར་ངོས་ནས་གནའ་བོའི་རྒྱ་གར་གྱི་རིན་ཐང་ངམ་རིག་གཞུང་གི་ཁ་ཕྱོགས་གཉིས་པ་སྟེ། སེམས་ཚོར་གྱི་འཕྲོད་བསྟེན་ཞེས་པ་དེ་བསྐྱར་གསོའི་ཆེད་དུ་དམིགས་ཀྱི་ཡིན། གལ་ཏེ་ང་ཚོས་རྒྱ་གར་གྱི་ཚན་རིག་དང་། ལྟ་གྲུབ། ཆོས་ལུགས་བཅས་ཀྱི་སྐོར་བཤད་ན། དེ་ནི་ཇི་ལྟར་༧གོང་ས་མཆོག་གིས་ནང་པའི་ཆོས་ཚུལ་དང་བསྟུན་ནས་གསུང་གནང་བ་ལྟར། སེམས་ཚོར་གྱི་འཕྲོད་བསྟེན་དེ་ཕལ་ཆེ་བ་རྒྱ་གར་གྱི་ཚན་རིག་ཁྱབ་ཁོངས་སུ་ཡོད་ངེས་རེད། འོན་ཀྱང་། བདག་དང་། བདེན་པ། དངོས་པོའི་གནས་ལུགས་ཀྱི་གནད་དོན་ཁག་དང་འབྲེལ་བའི་སྐབས་སུ་དེ་རྒྱ་གར་གྱི་ལྟ་གྲུབ་འགའ་ཞིག་ལ་ཁྱབ་ཐུབ་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་དང་གཞན་རྣམས་ལ་ཆ་འཇོག་ཇི་ལྟར་བྱེད་པ་དང་དངོས་པོའི་གནས་ལུགས་དང་བདེན་པ་ལ་གང་བསམ་ཞིབ་བྱེད་པ་དེས་སེམས་ཚོར་གྱི་བདེ་ཐབས་ལ་ཤུགས་རྐྱེན་གསལ་པོ་སྤྲོད་ཀྱི་ཡོད། 

གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལམ་ལུགས་ཁག་གི་ནང་ནང་པ་བཞི་དང་ཕྱི་རོལ་པ་བརྒྱད་ཀྱི་གྲུབ་མཐའ་ཚུད་ཡོད་པ་དང་དེ་དག་འགའ་ཞིག་ལ་ནང་གསེས་ཀྱི་གྲུབ་མཐའ་ཁ་ཤས་ཡོད་པ་རེད། ཡིན་ནའང་། གྲུབ་མཐའི་ལམ་ལུགས་དེ་དག་རེ་རེ་ནི་ལམ་ལུགས་ཆ་ཚང་བ་ཞིག་ཡིན་པ་དང་དེ་དག་སོ་སོར་སེམས་ཚོར་འཕྲོད་བསྟེན་གྱི་རྣམ་པ་ཡོངས་སུ་རྫོགས་པ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་ཡོད་པ་རེད། དེ་དག་རེ་རེས་སོ་སོའི་སེམས་དང་སེམས་ཚོར་གྱི་ས་ཁྲ་དང་། སེམས་དང་བདག་དབར་གྱི་འབྲེལ་བའི་བཞེད་ཚུལ། ཤེས་པའི་རྣམ་གཞག་དང་དེའི་རྒྱུ་མཚན་རིགས་པའི་བདེན་དཔང་གི་སྒྲོམ་གཞི་དང་བཅས་པ་གསལ་སྟོན་བྱེད་ཀྱི་ཡོད། གཞན་ཡང་། དེ་དག་ཚང་མ་ལ་ལྟ་གྲུབ་ཀྱི་བརྗོད་གཞི་བདག་དང་། བདེན་པ། དངོས་པོའི་གནས་ལུགས་དང་འབྲེལ་བའི་ཐད་ལྟ་ཚུལ་གང་འཚམས་ཀྱི་མི་འདྲ་བ་ཡོད། 

སྲོལ་རྒྱུན་གྱི་ནང་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་པ་མ་གཏོགས་གཞན་དེ་དག་ཐམས་ཅད་ལ་རྒྱ་གར་གྱི་ཆོས་ལུགས་ཀྱི་བརྗོད་གཞི་གཙོ་བོའི་སྐབས་དོན་གྱི་ནང་རང་སོ་སོའི་ཚན་རིག་དང་ལྟ་གྲུབ་དང་མཐུན་པའི་བཞེད་ཚུལ་དེ་དག་ངོ་སྤྲོད་བྱེད་ཀྱི་ཡོད། བརྗོད་གཞི་དེ་དག་གི་ནང་ལས་འབྲས་ཀྱི་རྣམ་གཞག་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བ། འཁོར་བའི་སྡུག་བསྔལ། འཁོར་བའི་རྒྱུ་རུ་བདག་དང་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ། དེ་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་ཐར་པ་ཐོབ་པའི་ཐབས་སུ་བདག་དང་དངོས་པོའི་གནས་ལུགས་ཀྱི་སྐོར་ལ་ཡང་དག་པའི་རྟོགས་པ་བཅས་ཡོད་པ་རེད། ང་ཚོའི་སེམས་ཚོར་གྱི་གནས་བབས་ནི་མ་རིག་པས་ཤུགས་རྐྱེན་སྤྲོད་ཡོད་པ་དང་དེའི་རྗེས་འབྲུས་སུ་ང་ཚོའི་ལས་ཀྱི་སྤྱོད་ལམ་གྱིས་ཤུགས་རྐྱེན་སྤྲད་ཡོད་པ་སོང་ཙང་། དེ་དག་གིས་འཁོར་བའི་ནང་ཡང་བསྐྱར་སྐྱེ་བའི་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད། མ་རིག་པ་ལ་གཞི་བྱས་པའི་སེམས་ཚོར་གྱི་གནས་བབས་དེ་དག་སྤོང་བའི་ཐབས་ཡོངས་སུ་རྫོགས་པ་ནི་འཁོར་བར་སྐྱེ་བ་ལས་ཐར་ནས་ཐར་པའི་གོ་འཕང་ལ་འགོད་པའི་ཕྱིར་དུ་ཡིན་པ་རེད། དེར་བརྟེན་རྒྱ་གར་གྱི་སེམས་ཚོར་གྱི་འཕྲོད་བསྟེན་གྱི་ཚན་རིག་དེ་གཞི་རྩའི་རྒྱ་གར་གྱི་ལྟ་གྲུབ་རྣམ་གཞག་དང་ཆོས་ལུགས་ནས་ཐར་བར་བྱ་རྒྱུ་དེ་ལས་སླ་པོ་དང་སྟབས་བདེའི་གནད་དོན་ཞིག་མ་རེད། 

གནའ་བོའི་རྒྱ་གར་གྱི་ཚན་རིག་དང་། ལྟ་གྲུབ། ཆོས་ལུགས་ཀྱིས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ལྟ་བ་རྒྱ་ཆེ་ལ་སྣ་ཚོགས་པའི་གཞི་རྩའི་བཞེད་ཚུལ་འདི་ལ་མཚོན་ན། སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིན་ཐང་དངོས་དེ་གང་དག་རེད་དམ་ཞེ་ན། 

  • བདེན་དོན་དང་བཅོས་མའི་དབར་ལ་ཁྱད་པར་འབྱེད་པའི་ཕྱིར། རྒྱུ་མཚན་རིགས་པ་དང་དཔྱད་ཞིབ་ལྡན་པའི་བསམ་བློ་བཀོལ་སྤྱོད་བྱེད་པའི་རིན་ཐང་།
  • ང་ཚོས་རང་གཞན་གཉིས་ཀར་སྡུག་བསྔལ་སྐྲུན་གྱི་ཡོད་པ་དང་སྡུག་བསྔལ་དེ་དག་ལས་ཐར་བའི་ཆེད་སེམས་དང་སེམས་ཚོར་གྱི་བྱ་བ་ཇི་ལྟར་བྱེད་པའི་ཚུལ་དེ་རྟོགས་པའི་རིན་ཐང་བཅས་རེད།

གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལམ་ལུགས་དེ་དག་གིས་སེམས་ཚོར་གྱི་འཕྲོད་བསྟེན་རྒྱུན་སྐྱོང་བྱེད་ཆེད་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཐབས་ལམ་ཁག་གིས་ད་དུང་རིན་ཐང་གཞན་མཉམ་སྤྱོད་བྱས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་དེ།

  • དང་པོ་ནི། ཤེས་ཡོན་གྱི་རིན་ཐང་རེད། ལམ་ལུགས་དེ་དག་ཐམས་ཅད་ཀྱིས་མ་རིག་པ་དང་སྡུག་བསྔལ་ལས་ཐར་བའི་ཕྱིར་དང་། དེ་དག་གི་ཆོས་ཉན་པ་དང་ཀློག་པའི་སྒོ་ནས་བློ་སྦྱོང་བ། དེ་བཞིན་དེ་དག་བདེན་པ་དང་ཕན་ཐོགས་ཅན་ཡིན་པའི་ཐད་ལ་ཡང་དག་པའི་གོ་རྟོགས་དང་ཡིད་ཆེས་ཞིག་རྙེད་པའི་ཕྱིར། དེ་དག་གི་སྐོར་ལ་ཞིབ་བརྟག་གི་ཐོག་ནས་བསམ་མནོ་གཏོང་བ་བཅས་སློབ་སྟོན་བྱེད་ཀྱི་ཡོད། སློབ་སྦྱོང་དང་ཞིབ་བརྟག་གི་བསམ་མནོ་ནི་ཡང་དག་པའི་ཤེས་ཡོན་གྱི་རྨང་གཞི་ཡིན་པ་རེད། 
  • གཉིས་པ་ནི། ང་ཚོས་གང་སྦྱངས་པ་དང་། གང་ཤེས་པ། གང་གི་ཐོག་ལ་ཡིད་ཆེས་རྙེད་པ་དེ་དག་སོ་སོའི་མི་ཚེའི་ནང་མཉམ་སྡེབ་བྱེད་པའི་རིན་ཐང་དེ་རེད། དེའི་ཐབས་ལམ་གྱི་ཚུལ་དུ་རྒྱ་གར་གྱི་གྲུབ་མཐའི་ལུགས་ཚང་མས་རང་རྒྱུད་ལ་ཕན་རླབས་ཆེ་བའི་གོམས་གཤིས་སྐྱེད་པའི་ཕྱིར་སྒོམ་བསླབ་ཀྱི་ཡོད། 
  • གསུམ་པ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་རིན་ཐང་རྣམས་རེད། ཚང་མས་ལུགས་མཐུན་གྱི་སྤྱོད་ལམ་ལ་བརྟེན་ནས་ང་ཚོའི་ལུས་དང་ངག་གི་ཚུལ་ཁྲིམས་ཀྱི་སྐོར་བསླབ་ཀྱི་ཡོད། དེ་ནི་ང་ཚོའི་བློ་སྦྱོང་བའི་ཆེད་ཚུལ་ཁྲིམས་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཡིན་པ་རེད། དེ་ནས་ང་ཚོའི་བློ་སྦྱོང་བར། ཁོང་ཚོ་ཚང་མས་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་ཞི་གནས་ཀྱི་ཐབས་བཀོལ་སྤྱོད་བྱེད་པ་དང་མ་རིག་པ་མེད་པ་བཟོ་མཁན་གྱི་ནང་གི་རྟོགས་པའམ་ཤེས་རབ་སྐྱེད་པའི་ཕྱིར་ལྷག་མཐོང་སྒོམ་གྱི་ཡོད། ཞི་གནས་ནི་སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པ་དང་སེམས་གཡེང་བ་དང་བྱིང་བས་གཡོ་བ་མེད་པར་ཡུལ་གྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པ་དེ་རེད། དེ་ཡང་དེའི་ཡུལ་ཡང་དག་པའི་ལམ་དུ་ཡོད་པའི་སྐབས་སུ་འདི་ལྟར་བྱེད་ཀྱི་ཡོད། དཔེར་ན། དེ་མི་རྟག་པ་ཡིན་པའམ་ཡང་ན་སྙིང་རྗེ་ལྟ་བུ་དེའི་ཕྱོགས་སུ་ཕན་ཐོགས་ཅན་གྱི་བསམ་ཕྱོགས་ཤིག་ལ་བརྟེན་ནས་ཡིན་པ་ལྟ་བུ་རེད། ལྷག་མཐོང་ནི་ཞི་གནས་རྒྱུན་སྐྱོང་བ་དང་བསྟུན་ཁྱད་པར་དུ་འཕགས་པའི་གོ་རྟོགས་དང་ལྡན་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། དེས་ཡུལ་གྱི་ཕྱོགས་སུ་གོ་རྟོགས་དང་བསམ་ཕྱོགས་འདིའི་ཞིབ་ཕྲ་དང་བསྟན་དོན་ཚང་མ་གཏིང་ཟབ་པོར་རྣམ་པར་འབྱེད་ཐུབ་ཀྱི་ཡོད། 

མདོར་བསྡུས་ན། སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་རྒྱ་གར་གནའ་རབས་ཀྱི་རིན་ཐང་རྣམས་ནི།

  • ཤེས་ཡོན་གྱི་རིན་ཐང་།
  • རྒྱུ་མཚན་རིགས་པ་དང་ཞིབ་དཔྱོད་ཀྱི་བསམ་བློའི་རིན་ཐང་།
  • སེམས་དང་སེམས་ཚོར་རྟོགས་པའི་རིན་ཐང་།
  • ལུགས་མཐུན་སྤྱོད་ལམ་གྱི་རིན་ཐང་།
  • ཏིང་ངེ་འཛིན་དང་ཤེས་རབ་སྐྱེད་པའི་ཕྱིར་སྒོམ་གྱི་རིན་ཐང་བཅས་རེད།

སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་རྒྱ་གར་གནའ་རབས་ཀྱི་རིན་ཐང་བསྐྱར་གསོ་བྱེད་པའི་དམིགས་ཡུལ་དང་དགོས་དོན་གང་རེད་དམ།

“རིན་ཐང་” ཞེས་པའི་ཚིག་དེའི་དོན་ནི་བཟང་ཕྱོགས་དགེ་བའི་དམིགས་ཡུལ་ཞིག་འགྲུབ་པར་གལ་ཆེན་དུ་བརྩི་བའི་གནད་དོན་རྣམས་རེད། ལུས་པོའི་འཕྲོད་བསྟེན་ནི་གཙང་སྦྲ་དང་། འཕྲོད་བསྟེན་དང་མཐུན་པའི་ཟས་བཟའ་བ། ལུས་རྩལ་གྱི་རིགས། དེ་བཞིན་ཉེན་སྲུང་བདེ་འཇགས་ཡོད་པའི་སྤྱོད་ལམ་གྱི་རིན་ཐང་རྣམས་ལ་གཞི་བྱས་ཡོད། དེ་དག་ཐམས་ཅད་གལ་ཆེན་པོ་རེད། གང་ཡིན་ཞེ་ན། དེས་རང་གཞན་སྤྱི་ཚོགས་ཀུན་གྱི་བདེ་ཐབས་ལ་མཐུན་འགྱུར་བྱེད་པ་དང་ནད་རིགས་སྔོན་འགོག་ལ་རོགས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་སེམས་ཚོར་གྱི་འཕྲོད་བསྟེན་ནི་ཤེས་ཡོན་དང་། རྒྱུ་མཚན་ལྡན་པའི་བསམ་བློ། ཡང་དག་པའི་གོ་རྟོགས། སེམས་ཚོར་གྱི་ཆ་སྙོམས། བཟང་ཕྱོགས་ཀྱི་སྤྱོད་ལམ། ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་རིན་ཐང་ལ་གཞི་བྱས་ཡོད། དེ་དག་ཐམས་ཅད་གལ་ཆེན་པོ་རེད། གང་ཡིན་ཞེ་ན། དེ་དག་གིས་རྒྱུ་མཚན་དང་མི་ལྡན་པའི་བསམ་བློ་དང་། ཞི་ལྷིང་མེད་པའི་སེམས་ཚོར། དེ་བཞིན་རང་དང་སྤྱི་ཚོགས་གཉིས་ཀར་གནོད་གཞི་ཅན་ཡིན་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་བཅས་སྔོན་འགོག་བྱེད་པར་ཕན་གྱི་ཡོད། 

སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་ཆོས་ཚུལ་གྱི་དམིགས་ཡུལ་དང་དགོས་དོན་ནི་རྟག་ཏུ་འགྲོ་བ་མི་རྣམས་སྡུག་བསྔལ་ལས་ཐར་ཕྱིར་རོགས་བྱ་རྒྱུ་དེ་ཡིན་པ་རེད། མཐར་ཐུག་གི་དམིགས་ཡུལ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་རྒྱུ་དེ་ཡིན་ནའང་། ཆོས་ཚུལ་འདི་དག་ཉིན་རེའི་མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་བ་ལའང་ཕན་ཐོགས་ཆེན་པོ་ཡོད། དེ་ཡང་རང་སོ་སོའི་སེམས་དང་སེམས་ཚོར་གྱི་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་པ་རྟོགས་པ་དང་། ཁོང་ཚོའི་སེམས་ཚོར་གྱིས་སྤྱོད་ལམ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ། སེམས་དང་སེམས་ཚོར་ལ་དཀའ་ངལ་བཟོ་མཁན་ཇི་ལྟར་ངོ་རྟགས་ཆོད་པར་བྱེད་པ། དེ་བཞིན་དུ་ཚད་མ་དང་། རྒྱུ་མཚན་རིགས་པ། ཚུལ་ཁྲིམས། སྒོམ་དང་བཅས་པ་དཀའ་ངལ་བཟོ་མཁན་དེ་དག་སྤོང་བའི་ཕྱིར་ཇི་ལྟར་བཀོལ་བའི་ཐད་མི་རྣམས་ལ་ཞིབ་དཔྱོད་ཀྱི་རྒྱུད་རིམ་ལ་བརྟེན་ནས་བྱེད་ཀྱི་ཡོད། 

ད་ལྟ་ཆོས་ཚུལ་དེ་དག་བསྐྱར་གསོ་བྱེད་པའི་དམིགས་ཡུལ་དང་དགོས་དོན་ནི་ཀླད་པའི་བྱེད་ལས་དང་། སེམས་ཀྱི་སྐོར་ལ་སེམས་ཁམས་ཀྱི་རྣམ་གཞག་དང་འབྲེལ་བའི་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཤེས་བྱའི་གནས་ལ་ཁ་སྐོང་རྒྱུ། དེ་བཞིན་མི་རྣམས་ལ་ཕན་འདོགས་པའི་ཆེད་ཐོབ་རུང་གི་ཐབས་ལམ་ཁག་རྒྱ་སྐྱེད་གཏོང་རྒྱུ་བཅས་ཡིན་པ་རེད། མི་རྣམས་ལ་ཕན་འདོགས་པའི་དོན་ནི་གཟུགས་ཁམས་གསོ་ཐབས་ཀྱི་གནས་སྟངས་འོག་ཏུ་ཡོད་པའི་སེམས་ལ་དཀྲོག་རྐྱེན་ཐེབས་པའི་ནད་པ་ཚབས་ཆེན་རྣམས་ལ་བཅོས་ཐབས་བྱེད་པ་ཙམ་མིན་པར། མི་དཀྱུས་མ་ཉིན་རེའི་མི་ཚེའི་ནང་གདོང་ལེན་ཡག་ག་ཞིག་བྱེད་པའི་ཆེད་དུ་རོགས་རམ་བྱེད་པ་དེའང་ཚུད་ཡོད། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བའི་ཆེད་རོགས་རམ་བྱེད་པ་དེ་ནི་ཕལ་ཆེར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའི་ནང་གི་གཙོ་བོ་དེ་ཡིན་པ་རེད། 

སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིན་ཐང་བསྐྱར་གསོ་བྱེད་པ་དེ་ནི་དམིགས་བསལ་ང་ཚོའི་དུས་རབས་འདིའི་ནང་གལ་ཆེན་པོ་ཆགས་ཡོད། ང་ཚོས་ད་ལྟའི་དུས་འདི་ལ་ “བདེན་པའི་མཇུག་གི་དུས་” ཞེས་འབོད་པ་དེ་ཡང་སེ་ཐོས་ཀྱི་ཡོད། གནས་ཚུལ་ནོར་བའམ་ལོག་པ་དང་ “གསར་འགྱུར་རྫུས་མ་” ཟེར་བ་ནི་ཁྱབ་གདལ་འགྲོ་བཞིན་པའི་སྒང་རེད། མི་མང་པོས་བདེན་པ་ནི་ཁུངས་སྐྱེལ་བྱ་རུང་བའི་བདེན་དོན་ལ་གཞི་རྩ་མི་བྱེད་པར། དེ་ལས་ལྡོག་སྟེ་ཁོང་ཚོས་སེམས་ཚོར་གྱི་སྒོ་ནས་གང་བདེན་པར་ཡིད་ཆེས་བྱེད་པ་ལ་གཞི་རྩ་བྱས་པ་ཙམ་ཡིན་པར་བསམ་གྱི་ཡོད། འདི་ལ་བརྟེན་ནས་རྒྱུ་མཚན་དང་མི་ལྡན་པའི་སྤྱོད་ལམ་དང་། སྤྱི་ཚོགས་ཞི་མཐུན་མེད་པ་དང་ལམ་ལུགས་དང་འགལ་བ། དེ་བཞིན་རྩོད་རྙོག་བཅས་ཀྱི་རྒྱུ་ཆགས་ཀྱི་ཡོད། མདོ་ན་དེས་དཀའ་ངལ་མང་པོ་དང་སྡུག་བསྔལ་གྱི་ནང་ལྷུང་བར་བྱེད་ཀྱི་ཡོད། གནའ་བོའི་རྒྱ་གར་གྱི་སེམས་ཚོར་འཕྲོད་བསྟེན་གྱི་རིན་ཐང་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་གྱི་ཐད་ལ་གོ་བ་ལོག་སྒྲུབ་ཡོད་པ་དང་། དེ་དག་རྩ་བ་བྱས་ནས་སྡུག་བསྔལ་འབྱུང་བར་བྱེད་པའི་ཉོན་མོངས་པ་དང་ངང་ངམ་ཤུགས་ཀྱི་གནོད་བྱེད་ཀྱི་སྤྱོད་ལམ་རྣམས་ལ་གདོང་ལེན་བྱེད་པ་དང་དེ་དག་སེལ་བའི་ཐབས་ཚུལ་སྟོན་པའི་སྒོ་ནས་གནས་སྟངས་འདི་ལ་ཕན་འདོགས་ཐུབ། 

ངས་འདིར་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། དེ་ཡང་༧གོང་ས་མཆོག་ནས་ནང་པའི་སེམས་ཙམ་པའི་ལྟ་བ་དང་ཀོན་ཊམ་འཐབ་ཤུགས་རིག་པའི་བསྟན་དོན་གཉིས་དབར་གྱི་འདྲ་བའི་ཆོས་ཀྱི་སྐོར་ཡང་སེ་གསུང་གནང་གི་ཡོད། ལྟ་བ་དེ་གཉིས་ཀས་མཐའ་མཇུག་གི་བསྡོམས་དེ་ནི་ཡུལ་གྱི་ངོས་ནས་དངོས་ཡོད་དུ་གྲུབ་པའི་ཆོས་ཞིག་མེད་པ་དེ་རེད། ཡིན་ནའང་། བརྟག་ཞིབ་བྱེད་མཁན་གྱི་ཡུལ་ཅན་སེམས་ཀྱིས་ཡུལ་གྱི་གནས་བབས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེར་བརྟེན་ལྟ་ཚུལ་མི་འདྲ་བའི་སྒོ་ནས་གནས་བབས་མི་འདྲ་བ་རྣམས་བདེན་པ་ཡིན་པ་རེད། དཔེར་ན། འོད་རྡུལ་ནི་རྡུལ་ཕྲན་ཞིག་ཡིན་པའམ་ཡང་ན་ནུས་པའི་རླབས་ཡིན་པ་ལྟ་བུ་དེ་ལ་བརྟེན་ནས་ཚད་འཇལ་བའི་བརྟག་ཞིབ་བྱེད་མཁན་དང་རྟོག་པའི་སྒྲོམ་གཞི་མི་འདྲ་བ་ལ་རག་ལུས་ཡོད། སྔ་རབས་ནང་པའི་དཔེ་མཚོན་ཞིག་ནི། འགྲོ་བ་མིས་ཆུ་མྱོང་བ་དེ་ལྷས་བདུད་རྩིར་མྱོང་བ་དང་ཡི་དྭགས་ཚོས་དེ་ནི་རྣག་ལྟ་བུར་ཉམས་སུ་མྱོང་གི་ཡོད་པ་ལྟ་བུ་རེད། ཇི་ལྟར་འོད་རྡུལ་དེ་རྡུལ་ཕྲན་ཞིག་ཡིན་པ་དང་ནུས་པའི་རླབས་ཤིག་ཡིན་པ་དེ་གཉིས་ཀ་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་བདེན་པ་ཡིན་པ་ནང་བཞིན་སེམས་ཅན་གྱི་རིགས་དེ་དག་རེ་རེས་གང་ཉམས་སུ་མྱོང་བ་ནི་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་བདེན་པ་དང་རྒྱུ་འབྲས་དང་བསྟུན་ནས་བྱ་བ་བྱེད་ཀྱི་ཡོད། ཆུས་མི་རྣམས་ཀྱི་སྐོམ་པ་སེལ་བ་དང་། བདུད་རྩིས་ལྷ་རྣམས་ལ་བདེ་བ་དྲག་པོ་སྦྱིན་པ། རྣག་གིས་ཡི་དྭགས་རྣམས་ལ་གདུང་བའི་ན་ཟུག་ཚབས་ཆེན་སྟེར་གྱི་ཡོད། 

འོན་ཀྱང་། ལྟོས་ས་ལྟོས་ཕྱོགས་ཀྱི་སྒོ་ནས་ལྟ་བ་དང་མྱོང་བ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་དང་འབྲེལ་བ་ཞིག་ཡིན་པ་ལས། དོན་དམ་བདེན་པ་དང་འབྲེལ་བ་ཞིག་མིན། ཐ་ན་ལྟོས་ཕྱོགས་དང་ཀུན་རྫོབ་ཀྱི་བདེན་པའི་ཆ་ནས་ཀྱང་ཀུན་རྫོབ་ཡང་དག་དང་ཀུན་རྫོབ་ལོག་པ་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད། བདེན་པ་ཡིན་པར་ཡིད་ཆེས་བྱེད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། མི་ཞིག་གིས་གང་བདེན་པ་ཡིན་པར་བསམ་པ་དེ་དོན་ངོ་མར་བདེན་པ་ཡིན་པའི་གནས་སྟངས་ཤིག་མིན། མི་ཞིག་གིས་མེའི་སྟེང་དུ་སྣུམ་བླུགས་པ་དེས་མེ་ལྕེ་མེད་པ་བཟོ་ཡི་ཡོད་ཅེས་ཡིད་ཆེས་བྱེད་པ་ཙམ་དེ་རྒྱུ་མཚན་དུ་བྱས་པ་ལ་བརྟེན་ནས་དོན་ངོ་མར་མེ་གསོད་མི་ཐུབ་པ་ནང་བཞིན་རེད། གནའ་བོའི་རྒྱ་གར་གྱི་རྒྱུ་མཚན་རིགས་པ་ལ་གཞི་བྱས་པའི་ཞིབ་བརྟག་གི་བསམ་བློའི་རིན་ཐང་བསྐྱར་གསོ་བྱེད་པའི་ཕན་ཡོན་ནང་གི་གཅིག་ནི་ “བདེན་པའི་མཇུག་གི་དུས་” ཀྱི་གདོང་ལེན་བྱེད་དཀའ་བ་དང་ཟང་ཟིང་གི་གནས་སྟངས་བརྒྱུད་མི་རྣམས་ཁ་ཕྱོགས་སྒྱུར་བར་རོགས་རམ་བྱ་རྒྱུ་དེ་རེད། 

གནའ་བོའི་རྒྱ་གར་གྱི་སེམས་ཚོར་འཕྲོད་བསྟེན་བསྐྱར་གསོ་བྱེད་པ་ཞེས་པའི་དོན་གང་རེད་དམ།

ནང་པ་དང་ཕྱི་རོལ་པའི་གྲུབ་མཐའི་ལུགས་སྣ་ཚོགས་པ་དེ་དག་གཅིག་ནས་གཞན་ལོགས་སུ་ཐ་དད་པར་འཕེལ་རྒྱས་ཕྱིན་པ་ཞིག་མིན་པར། དེ་དག་རྒྱ་གར་གྱི་གཙུག་ལག་ཁང་ཆེན་མོ་དཔལ་ནཱ་ལནྜཱ་ལྟ་བུའི་ནང་ཕན་ཚུན་བགྲོ་གླེང་བྱས་པའི་ལོ་རྒྱུས་རིང་མོ་ཞིག་ཡོད་པ་རེད། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཞན་ཞིག་ནི། ཤེས་བྱའི་གནས་དང་སྲོལ་རྒྱུན་ལམ་ལུགས་ཚང་མའི་སྐོར་ཤེས་རྒྱ་ཡོད་པ་དང་གུས་ཞབས་ཡོད་པར་གཞི་རྩ་བྱས་པའི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དེ་ཡིན་པ་རེད། ཐུགས་བསྐྱེད་དམ་བཅའ་དེའི་ལྟ་ཚུལ་དང་༧གོང་ས་མཆོག་ནས་གུས་བཀུར་གནང་བའི་དཔལ་ནཱ་ལནྜཱའི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་བྱེད་པ་ལ་གཞིགས་ནས་བཤད་ན། གནའ་བོའི་རྒྱ་གར་གྱི་རིན་ཐང་བསྐྱར་གསོ་ཞེས་པའི་དོན་ནི་ནང་པ་དང་ཕྱི་རོལ་པ་གཉིས་ཀ་ཚུད་པའི་རྒྱ་གར་གྱི་གྲུབ་མཐའི་ལུགས་དེ་དག་ཚང་མའི་ནང་གསལ་བའི་སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་ཆོས་ཚུལ་བསྐྱར་གསོ་བྱེད་པ་དེ་ཡིན་ངེས་རེད། 

འོན་ཀྱང་། སྤྱིར་བཏང་ཡིག་སྒྱུར་བྱ་རྒྱུ་དེ་བྱེད་སྒོའི་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་ནའང་། གནའ་བོའི་རྒྱ་གར་གྱི་སེམས་ཚོར་གྱི་འཕྲོད་བསྟེན་བསྐྱར་གསོ་བྱེད་པ་ཟེར་བ་དེ་ལེགས་སྦྱར་སྐད་ཀྱི་ནང་ཡོད་པའི་དཔེ་ཆ་དེ་དག་དེང་དུས་ཀྱི་སྐད་རིགས་ནང་སྒྱུར་བ་ཙམ་གྱི་དོན་མིན། གཞུང་གི་རྩ་བ་དང་དེ་དག་གི་རྒྱ་གཞུང་འགྲེལ་བ་དེ་བཞིན་ཐ་ན་རྒྱ་གཞུང་དེ་དག་ལ་བོད་ཀྱི་མཁས་པ་ཚོས་མཛད་པའི་འགྲེལ་བ་རྣམས་ཀྱང་ཧ་ཅང་གོ་དཀའ་བ་ཞིག་ཡོད། དེ་དག་ནི་ཧ་ཅང་ཚད་མཐོ་བའི་གཞུང་ལུགས་ཁག་ཡིན་པ་དང་དེ་དག་ལ་གོ་རྟོགས་ཡག་པོ་ཞིག་ཡོང་བར་རྒྱབ་ལྗོངས་ཀྱི་བསླབ་པ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱེད་དགོས་ཀྱི་ཡོད། གཞུང་ལུགས་དེ་དག་གི་ནང་ཡོད་པའི་ཤེས་བྱའི་གནས་རྣམས་བསྐྱར་གསོ་བྱེད་པར་ཆེས་ཐོག་མའི་རིམ་པ་ནས་འགོ་བཙུགས་ཏེ་དེ་དག་གི་ནང་ཡོད་པའི་རྒྱུ་ཆའི་འགྲེལ་བརྗོད་ཀྱི་རིམ་པ་ཁག་དགོས་ཀྱི་ཡོད། རྒྱུ་ཆའི་རིམ་པ་དེ་ལྟ་བུ་ཁོ་ནར་བརྟེན་ནས་དེ་དག་སྲོལ་རྒྱུན་རྒྱ་གར་གྱི་བསམ་བློའི་རྒྱབ་ལྗོངས་ཀྱི་ཤེས་ཚད་མེད་མཁན་རྣམས་ལ་ཐོབ་རུང་ཆགས་ཀྱི་ཡོད། 

ཡིན་ནའང་། ཆོས་དང་རིག་གཞུང་དེ་དག་གི་རིམ་པ་རྣམས་ངོ་སྤྲོད་གསལ་སྟོན་བྱེད་པ་ཞེས་པ་ནི་དེ་དག་རེ་རེ་གནད་དུ་ཁེལ་བ་དང་ཚད་ལྡན་དུ་འཕེལ་བཞིན་ཡོད་པ་ལྟར་ལམ་ལུགས་དེ་དག་གོ་རིམ་བཞིན་དུ་སློབ་སྦྱོང་བྱེད་པའི་དོན་མིན། དེ་ལྟར་བྱེད་པ་ནི་ལམ་ལུགས་གཅིག་དེ་གཞན་དག་ལས་མཆོག་ཏུ་གྱུར་བ་ཡིན་པར་སྟོན་ངེས་པ་དང་ “ལམ་ལུགས་དམའ་བར་” ཆ་འཇོག་བྱེད་པ་ལ་སློབ་སྦྱོང་བྱ་རྒྱུ་དེ་ལམ་ལུགས་མཐོ་ཤོས་དང་ལེགས་ཤོས་ལ་སློབ་སྦྱོང་བྱེད་པའི་སྔོན་འགྲོའི་རིམ་པའམ་ཐེམ་སྐས་ལྟ་བུ་སྟོན་གྱི་ཡོད། མཁས་པ་མང་པོས་ནང་པའི་གྲུབ་མཐའི་ལུགས་རྣམས་ལ་སློབ་སྦྱོང་བྱ་རྒྱུ་དེ་འདི་ལྟར་རིམ་པའི་ཐོག་བཀོད་སྒྲིག་བྱེད་ཀྱི་ཡོད་ནའང་། ཐབས་ཚུལ་འདི་ནང་པ་དང་ཕྱི་རོལ་པའི་གྲུབ་མཐའི་ལུགས་སློབ་སྦྱོང་བྱེད་པའི་ཆེད་ལག་བསྟར་བྱེད་པ་ནི་༧གོང་ས་མཆོག་གིས་གོང་སྤེལ་མཛད་པའི་ཆོས་ལུགས་ཕན་ཚུན་ཞི་མཐུན་གྱི་རིན་ཐང་དང་རྦད་དེ་འགལ་འདུ་ཆགས་ཀྱི་ཡོད། ནང་པ་དང་ཕྱི་རོལ་པའི་ཆོས་རྣམས་གོ་རིམ་བཞིན་དུ་ངོ་སྤྲོད་གསལ་བཤད་བྱེད་པ་ཞེས་པ་ནི་གྲུབ་མཐའི་ལུགས་རེ་རེ་བཞིན་རང་སོ་སོའི་ལུགས་སུ་རྙོག་འཛིངས་གང་ཡོད་པ་དེ་དག་གི་གོ་རིམ་གསལ་སྟོན་བྱེད་པའི་དོན་རེད། 

༧གོང་ས་མཆོག་གིས་ནམ་རྒྱུན་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ནི་ཆོས་ལུགས་དང་བྲལ་བའི་ཤེས་ཡོན་ལ་དམིགས་ནས་སློབ་སྦྱོང་བྱེད་ཆོག་ཅེས་གསུང་གི་ཡོད། འདི་ནི་རྒྱ་གར་གྱི་ཚན་རིག་དང་ལྟ་གྲུབ་ལའང་འཇུག་ངེས་པ་རེད། འོན་ཀྱང་། གནའ་བོའི་རིག་གཞུང་འདི་བསྐྱར་གསོ་བྱེད་པ་ནི་དེ་དག་ཤེས་ཡོན་སློབ་གཉེར་ཁང་གི་ནང་འགྲེམས་སྟོན་ཁང་དུ་ཡོད་པའི་དངོས་རྫས་ཀྱི་ཆ་ཤས་ལྟ་བུར་སློབ་སྦྱོང་བྱེད་ཐུབ་པ་ཁོ་ནར་དམིགས་ནས་རྒྱུན་འཛིན་བྱེད་པ་ལྟ་བུ་ཚད་བཀག་དེ་འདྲ་བྱ་མི་རུང་། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་སློབ་ཆེན་ཁག་མང་པོའི་ནང་ལྷོ་ཨེ་ཤི་ཡའི་སློབ་སྦྱོང་གི་སྡེ་ཚན་ཡོད་པ་དང་དེའི་ཁོངས་སུ་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སློབ་ཚན་དེ་དག་ཚུད་ཡོད་པ་རེད། དཔལ་ནཱ་ལནྜཱའི་གཙུག་ལག་སློབ་ཁང་ཆེན་མོ་ཞིག་གསར་དུ་འཛུགས་སྐྲུན་བྱེད་པའི་སྒོ་ནས་རྒྱ་གར་ནང་ལས་རིམ་དེ་དག་རྒྱ་སྐྱེད་གཏོང་རྒྱུ་དང་དེ་དག་གི་ཐོག་ལ་ཁྱད་ལས་སློབ་སྦྱོང་སྤྲོད་རྒྱུ་ནི་གོམ་པ་གལ་ཆེན་པོ་ཞིག་རེད། ཡིན་ནའང་། དེ་ནི་འདང་ངེས་ཤིག་མིན། 

༧གོང་ས་མཆོག་ནས་སེམས་ཚོར་འཕྲོད་བསྟེན་གྱི་རིན་ཐང་དང་འབྲེལ་བའི་གལ་གནད་དེ་བྱིས་པའམ་སློབ་ཕྲུག་ཚོ་ལའང་ངོ་སྤྲོད་བྱ་དགོས་ཤིང་། དེ་ངོ་སྤྲོད་བྱེད་ཚུལ་དེ་ཡང་སྔོན་འགྲོའི་འཛིན་གྲྭ་ནས་བཟུང་སྟེ་མཐོ་སློབ་བར་དུ་སློབ་གྲྭ་ཁག་གི་གཏན་འབེབས་སློབ་ཚན་གྱི་རིམ་པ་ཚང་མའི་ནང་རིན་ཐང་དེ་དག་མཉམ་སྡེབ་བྱེད་དགོས་ཞེས་རྟག་ཏུ་བརྒྱུད་བསྐུལ་གནང་གི་ཡོད། སྤྱི་ཚོགས་ཀྱི་ནང་བཟང་ཕྱོགས་ཀྱི་འགྱུར་བ་སྐྲུན་པའི་ཐབས་ལམ་ཡག་ཤོས་དེ་ནི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་པ་ནས་འགོ་འཛུགས་བྱ་རྒྱུ་དེ་ཡིན་པ་༧གོང་ས་མཆོག་ནས་ཡིད་ཆེས་ཤུགས་ཆེན་གནང་གི་ཡོད། དེར་བརྟེན་༧གོང་ས་མཆོག་ནས་གནའ་བོའི་རྒྱ་གར་གྱི་འཚེ་བ་མེད་པ་དང་སྙིང་རྗེའི་རིན་ཐང་ཙམ་དུ་མ་ཟད། ད་ལྟའི་ཆར་སློབ་ཕྲུག་ཚོའི་ཤེས་ཡོན་ལམ་ལུགས་ཀྱི་ནང་ཕྱི་དངོས་པོའི་ཐད་ནན་བརྗོད་བྱེད་པའི་སྟེང་ལ་ནང་སེམས་དང་སེམས་ཚོར་གྱི་འཕྲོད་བསྟེན་དེའང་ཁ་སྐོང་བྱེད་དགོས་ཞེས་སློབ་སྟོན་གནང་གི་ཡོད། 

གནའ་བོའི་རྒྱ་གར་གྱི་རིན་ཐང་རྣམས་ཆོས་ལུགས་དང་མ་འབྲེལ་བའི་ཤེས་ཡོན་ཀྱི་ལམ་ལུགས་ནང་ངོ་སྤྲོད་བྱེད་པའི་ཕུགས་རྒྱང་རིང་པོའི་ཐབས་ཚུལ་ཞིག་གི་རྗེས་སུ་འབྲང་རྒྱུ་དེ་ནི་སྤྱི་ཚོགས་ནང་ཁྱབ་ཆེ་བའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་སྐྲུན་པའི་ཐབས་ལམ་བརྟན་ཤོས་དེ་ཆགས་ཀྱི་ཡོད། རིན་ཐང་འདི་དག་ཁྱབ་སྤེལ་གཏོང་བའི་རིག་གཞུང་དེ་དག་གི་འབྱུང་ཁུངས་ནི་རྒྱ་གར་ནས་ཡིན་པ་དང་། རྒྱ་གར་གྱི་བསམ་བློ་དང་ལྟ་ཚུལ་ཚང་མའི་ནང་མཉམ་སྤྱོད་བྱེད་པའི་གཞིའི་ཁས་ལེན་ཞིག་ཡོད་པ་སོང་ཙང་། ༧གོང་ས་མཆོག་གིས་རིན་ཐང་དེ་དག་ཐོག་མར་རྒྱ་གར་ནང་བསྐྱར་གསོ་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད། ལས་རིམ་འདིའི་གྲུབ་འབྲས་ལ་གཞི་བྱས་ཏེ་ཐབས་ཚུལ་རྣམས་རིན་ཐང་འདི་དག་གོ་ལ་སྤྱིའི་ཁྱབ་ཚད་ནས་གཞིའི་ཁས་ལེན་དེ་དག་མཉམ་སྤྱོད་མི་བྱེད་མཁན་གྱི་བར་དུ་ངོ་སྤྲོད་བྱེད་ཆེད་འཆར་འགོད་བྱེད་ཆོག

རིག་གཞུང་གི་རིན་ཐང་དེ་དག་དངོས་གནས་དྲང་གནས་བསྐྱར་གསོ་བྱེད་པར། རིན་ཐང་དེ་དག་དེང་སང་མི་ཚེའི་ནང་མི་རྣམས་ལ་དཀའ་ངལ་འཕྲད་པ་ལ་ཇི་ལྟར་ལག་བསྟར་བྱེད་པའི་ཆེད་འགྲེལ་བཤད་དང་ཁ་ཡོད་ལག་ཡོད་ཀྱི་རྩ་འཛིན་ལམ་སྟོན་རྣམས་ལ་བརྟེན་ནས་གསོན་པོར་གནས་པར་བྱེད་དགོས་ཀྱི་ཡོད། འདི་ལ་ཐ་ན་རྒྱ་གར་ནང་དུའང་ལས་རྒྱུ་འབྲས་དང་། སྐྱེ་བ་སྔ་ཕྱི། ཐར་པ་དང་འབྲེལ་བའི་ཆོས་ལུགས་ཀྱི་རྣམ་པ་དང་བྲལ་བའི་རིས་མེད་ཀྱི་སྒྲོམ་གཞི་ཞིག་ཡུལ་དུས་དང་བསྟུན་ནས་རན་འཚམས་བཟོ་དགོས་ཀྱི་ཡོད། ནང་པ་དང་ཕྱི་རོལ་པའི་གྲུབ་མཐའི་ལུགས་སྣ་ཚོགས་པས་བརྗོད་གཞི་དེ་དག་ནམ་རྒྱུན་རྩོད་རྙོག་གི་རྣམ་པའི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་སོང་ཙང་། འདི་ནི་དམིགས་བསལ་གལ་ཆེན་པོ་རེད། འོན་ཀྱང་། བདག་དང་། བདེན་པ། དངོས་པོའི་གནས་ལུགས་ཀྱི་སྐོར་ནང་པ་དང་ཕྱི་རོལ་པའི་གྲུབ་མཐའི་ལུགས་སོ་སོའི་བཞེད་ཚུལ་རྣམས་ཀྱང་ནམ་རྒྱུན་ཕན་ཚུན་རྩོད་རྙོག་ཅན་ཆགས་ཀྱི་ཡོད་པ་སོང་ཙང་། ཐུན་མོང་གི་རྩོད་གཞི་ཞིག་འཚོལ་རྒྱུ་ནི་དེ་བས་རྙོག་འཛིངས་ཆེ་བ་ཡོད། ཆོས་ལུགས་དང་ལྟ་གྲུབ་ཀྱི་ཁྱབ་ཁོངས་ནང་བཞེད་ཚུལ་མི་འདྲ་བ་ཡོད་པ་དེས་ཀྱང་གྲུབ་མཐའི་ལུགས་དེ་དག་གི་སེམས་ཚོར་གྱི་འཕྲོད་བསྟེན་གྱི་རྣམ་པ་སྣ་ཚོགས་པའི་འགྲེལ་བརྗོད་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། 

དཔེར་ན། རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་ལུགས་ཚང་མས་ཐུན་མོང་དུ་དངོས་པོའི་གནས་ལུགས་ཀྱི་ཐད་ལ་རྨོངས་པའམ་མ་རིག་པ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པར་བཞེད་ཀྱི་ཡོད། ཁོང་ཚོས་ད་དུང་མ་རིག་འདི་ནི་སེམས་ཚོར་ཐམས་ཅད་ཀྱི་རྨང་གཞིར་གྱུར་ཡོད་པ་སྟེ། དགེ་བའི་སེམས་ཚོར་དང་མི་དགེ་བའི་སེམས་ཚོར་གཉིས་ཀ་དང་དེ་བཞིན་བདེ་སྡུག་གི་ཚོར་བ་ཡོད་དོ་ཅོག་ཡིན་པ་རེད། དེ་དག་ཐམས་ཅད་ཀྱིས།

  • སེམས་ཀྱིས་ཆོས་རྣམས་ཇི་ལྟར་ཤེས་པའི་ཚུལ།
  • ཚད་མའི་སྒོ་ནས་རྟོགས་པ་དང་ཚད་མིན་གྱི་སྒོ་ནས་རྟོགས་པའི་དབར་ཁྱད་པར་འབྱེད་པ།
  • རྒྱུ་མཚན་རིགས་པ་ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་ང་ཚོས་མ་རིག་པ་འདི་སྤོང་ཐུབ་པ་དང་སྡུག་བསྔལ་ཟད་པར་བྱེད་ཐུབ་པར་མོས་མཐུན་བྱེད་ཀྱི་ཡོད། 

འདྲ་བའི་ཆ་རྣམས་དེ་ནས་མཇུག་རྫོགས་པ་རེད། ཕྱི་རོལ་པ་རྣམས་ཀྱིས་བདག་ནི་འགྱུར་བ་མེད་པའི་ངོ་བོ་ཞིག་ཡིན་པ་དང་དེ་སྡུག་བསྔལ་དང་སླར་ཡང་སྐྱེ་བ་ལས་ཐར་བའི་སྐབས་སུ་མུ་མཐུད་ནས་ལུས་སེམས་ལ་ལྟོས་མེད་ཀྱིས་གནས་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད། འདོད་ཚུལ་འདི་སེམས་ནང་བཞག་པའི་ཐོག་ཁོང་ཚོས་སོ་སོའི་མ་རིག་པ་སྤོང་བ་ཞེས་པ་ནི་སོ་སོའི་སེམས་ཚོར་དང་ཚོར་བ་ཡོད་དོ་ཅོག་སྤོང་གི་ཡོད་པའི་དོན་ཡིན་པར་བཤད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་པར། ང་ཚོས་དགེ་མི་དགེའི་སེམས་ཚོར་ཡོད་དོ་ཅོག་དང་བདེ་སྡུག་གི་ཚོར་བ་ཐམས་ཅད་ལས་ཐར་དགོས་ཀྱི་ཡོད། དེ་ལྟར་བདག་དེ་མུ་མཐུད་ནས་ལུས་སེམས་དང་སེམས་ཚོར་མེད་པར་གནས་ཀྱི་ཡོད། 

དེ་ལས་ལྡོག་སྟེ། ནང་པའི་ལུགས་སུ་བདག་ཅེས་བྱ་བ་ནི་ལུས་སེམས་གཉིས་ལ་ལྟོས་ནས་ཡོད་པ་དང་དེ་ཡང་ཐ་ན་ཐར་པ་ཐོབ་སྐབས་སུའང་དེ་ལྟར་གནས་ཀྱི་ཡོད། མ་རིག་པ་སྤངས་པའི་རྗེས་སུ་ང་ཚོར་ད་དུང་ཡང་མ་རིག་པའི་དྲི་མས་བ་གོས་པའི་དགེ་བའི་སེམས་ཚོར་དང་ཚོར་བ་བདེ་བ་རྣམས་ཀྱང་དེ་ལྟར་དྲི་མས་མ་གོས་པར་ལུས་ཡོད། ཐར་པ་ཐོབ་པའི་བདག་དེ་མ་རིག་པའི་དྲི་མས་མ་གོས་པའི་སེམས་ཚོར་དང་མ་རིག་པའི་དྲི་མས་མ་གོས་པའི་ཚོར་བ་དེ་དག་ལ་གཞི་བྱས་ནས་མུ་མཐུད་དེ་གནས་ཀྱི་ཡོད། དེ་བཞིན་མ་རིག་པའི་དྲི་མས་མ་གོས་པའི་ཐོག་ལུས་དང་སེམས་ལ་བརྟེན་ནས་ཉམས་སུ་མྱོང་གི་ཡོད། དེར་བརྟེན་ཕྱི་རོལ་པ་དང་ནང་པ་གཉིས་ཀས་སེམས་ཚོར་གྱི་འཕྲོད་བསྟེན་ནི་རང་སོ་སོའི་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་སྤོང་བ་ལ་རག་ལུས་ཡོད་པ་མོས་མཐུན་བྱེད་ཀྱི་ཡོད་ནའང་། འབྲས་བུའི་གནས་བབས་དེ་གང་འཚམས་ཀྱི་མི་འདྲ་བ་ཡོད། ཕྱི་རོལ་པའི་སེམས་ཚོར་འཕྲོད་བསྟེན་གྱི་གནས་བབས་ཡང་དག་པ་དེ་ནི་བདེ་བའི་སེམས་ཚོར་རམ་ཚོར་བ་རྩ་བ་ནས་མེད་པ་དེ་ཡིན་པ་དང་། ནང་པའི་སེམས་ཚོར་འཕྲོད་བསྟེན་གྱི་གནས་བབས་ཡང་དག་པ་དེ་ནི་བྱམས་པ་དང་། སྙིང་རྗེ། མ་རིག་པའི་དྲི་མས་མ་གོས་པའི་བདེ་བ་བཅས་མ་རིག་པའི་དྲི་མས་མ་གོས་པའི་དགེ་བའི་སེམས་ཚོར་ཡོད་དགོས་པ་དེ་རེད། འདི་ལྟར་གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལུགས་སྣ་ཚོགས་པའི་ལྟ་གྲུབ་དང་ཆོས་ཕྱོགས་ཀྱི་བཞེད་ཚུལ་གྱིས་ཁོང་ཚོའི་སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་བཞེད་ཚུལ་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། 

སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་དེ་གཙུག་ལག་སློབ་ཆེན་ཁག་གི་ནང་ཤེས་ཡོན་སློབ་ཚན་གྱི་ངོ་བོར་བསྐྱར་གསོ་བྱེད་པ་དེའི་ནང་སེམས་ཚོར་གྱི་ས་ཁྲ་དང་། ཤེས་པའི་རྣམ་གཞག ཡུལ་རྟོགས་ཚུལ། རྒྱུ་མཚན་འགོད་ཚུལ་དེ་དག་གྲུབ་མཐའི་ལུགས་སྣ་ཚོགས་པའི་ཚན་རིག་དང་མཐུན་པའི་རྣམ་པ་གཙང་མ་ཞིག་གི་སྐབས་དོན་གྱི་ཆོས་ཕྱོགས་དང་ལྟ་གྲུབ་སློབ་ཁྲིད་བྱེད་པ་བཅས་སྟབས་བདེའི་ངང་ཚུད་ཐུབ། སློབ་ཕྲུག་ཚོ་ལ་མཚོན་ན་ཁྱད་པར་དེ་དག་ལ་གདོང་ལེན་བྱེད་པར་འདང་ངེས་རྣམ་དཔྱོད་ཀྱི་སྨིན་ཚད་ལོངས་པ་དགོས་ཀྱི་ཡོད། འོན་ཀྱང་། སློབ་ཕྲུག་ཚོ་ལ་ཆོས་ཕྱོགས་དང་ལྟ་གྲུབ་ཀྱི་ཆོས་ཚུལ་མི་འདྲ་བ་དེ་དག་སློབ་སྦྱོང་བྱེད་པར་ཧ་ཅང་མགོ་རྙོག་ཅན་དང་མགོ་རྨོངས་དགོས་པ་ཞིག་ཆགས་ངེས་རེད། 

འོ་ན་ཤེས་ཡོན་ལམ་ལུགས་ཀྱི་ནང་ངོ་སྤྲོད་བྱ་ཕྱིར་སྤྱི་ཡོངས་ཀྱི་ཆ་ནས་འདང་ངེས་དང་རན་འཚམས་ཀྱི་སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིན་ཐང་དེ་དག་གང་རེད་དམ་ཞེ་ན། དེ་དག་ནི།

  • ང་ཚོའི་སེམས་ཀྱི་བྱ་བ་བྱེད་ཚུལ་ཤེས་པའི་རིན་ཐང་དང་གལ་གནད།
  • ང་ཚོའི་སེམས་ཚོར་དང་དེ་དག་ང་ཚོའི་བློའི་འཁྱེར་སོ་དང་བསམ་བློ་གཏོང་སྟངས་ཀྱིས་ཇི་ལྟར་ཤུགས་རྐྱེན་སྤྲོད་པའི་ཐད་བརྟག་དཔྱད་བྱེད་པའི་རིན་ཐང་དང་གལ་གནད།
  • དེ་ག་ནང་བཞིན་སེམས་ཚོར་དང་བློའི་འཁྱེར་སོ་ལ་བརྟེན་ནས་ང་ཚོའི་སྤྱོད་ལམ་དང་བདེ་ཐབས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་རྟོགས་པའི་རིན་ཐང་དང་གལ་གནད།
  • རིགས་པར་གཞི་བྱས་ཏེ་ཞིབ་དཔྱོད་དང་རྒྱུ་མཚན་ལྡན་པའི་སྒོ་ནས་བསམ་བློ་གཏོང་བའི་རིན་ཐང་དང་གལ་གནད་བཅས་རེད།

ང་ཚོས་དེ་དག་གི་སྟེང་དུ།

  • ཏིང་ངེ་འཛིན་དང་ཤེས་རབ་སྐྱེད་པའི་ཕྱིར་ཚུལ་ཁྲིམས་དང་སྒོམ་གྱི་རིན་ཐང་ཡང་ཐེ་བར་བྱེད་ཆོག

རིན་ཐང་དེ་དག་གི་ཆེད་དུ་སྐབས་དོན་སྐྲུན་པའི་ལྟ་གྲུབ་དང་ཆོས་ཕྱོགས་ཀྱི་ཁྱད་པར་དེ་དག་ནི་སློབ་ཕྲུག་ཚོ་ལ་གལ་གནད་གཉིས་པ་ཆགས་ཀྱི་ཡོད། 

གནའ་བོའི་རྒྱ་གར་གྱི་རིན་ཐང་དེ་དག་བསྐྱར་གསོ་བྱེད་དུ་འཇུག་པའི་ཆེད་ཁ་ཡོད་ལག་ཡོད་དང་ཕན་ནུས་ལྡན་པའི་ཐབས་ལམ་ཁག་གང་རེད་དམ།

༧གོང་ས་མཆོག་ནས་སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་ནང་པའི་ཆོས་བསྐྱར་གསོའི་ཆེད་དུ་དགོས་ཤིང་མཁོ་བའི་གོམ་པ་དང་པོ་དེ་འགོ་འཛུགས་གནང་ཟིན་པ་རེད། ཁོང་གིས་རྒྱལ་བའི་བཀའ་རྒྱ་གར་གྱི་མཁས་པ་ཚོས་འགྲེལ་བ་མཛད་པ་རྣམས་བོད་སྒྱུར་བྱས་པའི་བསྟན་འགྱུར་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྒྱུ་ཆ་ཁག་བསྡུ་རུབ་བྱ་ཕྱིར་བོད་ཀྱི་མཁས་པ་རྣམས་འོས་འདེམ་གནང་ཡོད། གལ་འགངས་ཆེ་བའི་ལས་དོན་དེ་ད་ཆ་བསྒྲུབས་ཟིན་པ་དང་བོད་སྐད་ནང་པར་སྐྲུན་ཞུས་ཡོད་པ་མ་ཟད། དེ་དག་ཕྱེད་ཙམ་ཞིག་ནི་ “རྒྱ་གར་ནང་པའི་བསྟན་བཅོས་ཁག་ནང་གི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་” (Science and Philosophy in the Indian Buddhist Classics) ཅེས་ཨིན་སྐད་ནང་དུའང་བསྒྱུར་ཟིན་པ་རེད། དེང་དུས་ཀྱི་སྐད་ཡིག་གཞན་དག་གི་ནང་སྒྱུར་རྒྱུའི་འཆར་འགོད་ཀྱང་བྱས་ཟིན་པ་རེད། ཡིག་སྒྱུར་གྱི་ལས་གཞི་འདིའི་པོད་གཉིས་པ་ “སེམས་” (Mind) ཤེས་པ་ཨིན་སྐད་ནང་བསྒྱུར་ཟིན་པ་དང་དེའི་ནང་སེམས་ཚོར་གྱི་འཕྲོད་བསྟེན་དང་འབྲེལ་བའི་རྒྱུ་ཆ་ཁག་གསལ་ཡོད་པ་རེད། འདི་ནི་༧གོང་ས་མཆོག་གི་གནའ་བོའི་རྒྱ་གར་གྱི་རིན་ཐང་བསྐྱར་གསོ་བྱ་རྒྱུའི་དགོངས་གཞི་དང་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་སྒྲུབ་པའི་གོམ་པ་ཧ་ཅང་གལ་ཆེན་པོ་ཞིག་རེད། རྒྱ་གར་ཕྱི་རོལ་པའི་གྲུབ་མཐའི་ལུགས་ཀྱི་ནང་གསལ་བའི་རིག་གཞུང་གི་རིན་ཐང་དེ་དག་བསྐྱར་གསོ་བྱེད་པར། དེ་དག་གི་སྔ་རབས་གཞུང་ལུགས་ནས་དེ་དང་མཚུངས་པའི་ཕྱོགས་སྒྲིག་དང་ཡིག་སྒྱུར་དགོས་ཀྱི་རེད། 

ཐ་ན་སེམས་ཚོར་འཕྲོད་བསྟེན་གྱི་རྒྱུ་ཆ་རྣམས་བསྟན་འགྱུར་ནས་བསྡུ་རུབ་བྱས་ཏེ་བསྒྱུར་ཟིན་ནའང་། ད་དུང་དེ་དག་དེང་དུས་ཀྱི་ཀློག་པ་པོའི་སྤྱན་སྔར་འབུལ་བར་བྱེད་པར་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། ཐོག་མར་རྒྱ་གར་གྱི་གཞུང་ལུགས་དེ་དག་རྒྱ་གར་གྱི་འགྲེལ་བ་ཡོད་ནའང་ད་དུང་ཧ་ཅང་གོ་དཀའ་ཞིང་། དེ་དག་ལ་ད་དུང་ཡང་འགྲེལ་གྱི་ཚུལ་དུ་འགྲེལ་བ་རྒྱག་དགོས་ཀྱི་ཡོད། ཡིན་ནའང་། དེ་དག་ལ་རིག་གཞུང་བསྐྱར་གསོ་བྱེད་པ་དེ་གང་གིས་རྙོག་འཛིངས་ཆེ་བ་བཟོ་ཡི་ཡོད་དམ་ཞེ་ན། བོད་ཀྱི་མཁས་པ་སྣ་ཚོགས་པ་དེ་དག་ཚང་མ་དཔལ་ནཱ་ལནྜཱའི་རྒྱུད་འཛིན་པ་ཡིན་པ་དང་དེ་དག་གིས་རྒྱ་གར་གྱི་གཞུང་ལུགས་ཁག་ཧ་ཅང་མི་འདྲ་བ་དང་ཡང་སེ་རྩོད་རྙོག་ཅན་གྱི་སྒོ་ནས་འགྲེལ་བརྗོད་བྱས་ཡོད་པ་དེ་རེད། འདི་ནི་དམིགས་བསལ་ཁོང་ཚོའི་ཤེས་པའི་རྣམ་གཞག་དང་ཡུལ་རྟོགས་ཚུལ་གྱི་དཔྱད་པའི་ནང་མངོན་གསལ་དོད་པོ་ཡོད་པ་རེད། 

དཔེ་ཆ་བཞག་ན། ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་འགྲེལ་བའི་རྗེས་སུ་འབྲང་མཁན་གྱི་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་བཅས་ཀྱི་ཆོས་བརྒྱུད་ཚོས་མིག་གི་ཤེས་པ་ནི་རྟོག་མེད་ཡིན་པ་དང་དེས་དུས་གཅིག་ལ་ཁ་དོག་དང་ལྡན་པའི་དབྱིབས་ཀྱི་སྐད་ཅིག་གཅིག་ཤེས་ཀྱི་ཡོད་པ་སྟེ། དཔེར་ན། ཚ་ལུ་མ་ཞིག་གི་ཁ་དོག་དང་ལྡན་པའི་དབྱིབས་ཀྱི་སྐད་ཅིག་གཅིག་ཤེས་པ་ལྟ་བུ་རེད། མིག་གི་ཤེས་པས་ཁ་དོག་དང་ལྡན་པའི་དབྱིབས་དེ་དག་འཇིག་རྟེན་ལ་གྲགས་པའི་ཡུལ་ཡིན་པར་གཏན་འབེབས་བྱེད་ཀྱི་མེད། རྟོག་བཅས་ཀྱི་ཤེས་པ་ཁོ་ནས་ཚ་ལུ་མ་ནི་གཟུགས་དང་། དྲི། རོ། རེག་བྱ་བཅས་དང་ལྡན་པའི་འཇིག་རྟེན་ལ་གྲགས་པའི་ཡུལ་ཞིག་ཏུ་རྟོགས་ཀྱི་ཡོད་པ་དང་དེ་ནི་དུས་ནས་དུས་སུ་རྒྱ་སྐྱེད་འགྲོ་ཡི་ཡོད། དེ་ལྟ་བུའི་རྟོག་བཅས་ཀྱི་ཤེས་པ་ཁོ་ནས་དེའི་ཡུལ་ནི་ཚ་ལུ་མ་ཡིན་པར་གཏན་འབེབས་བྱེད་ཀྱི་ཡོད། 

དེ་ལས་ལྡོག་སྟེ། ཕྱྭ་པ་ཆོས་ཀྱི་སེང་གེའི་རྗེས་སུ་འབྲང་མཁན་གྱི་དགེ་ལུགས་པ་ཚོས་མིག་གི་ཤེས་པས་ཚ་ལུ་མའི་ཁ་དོག་དང་ལྡན་པའི་དབྱིབས་ཀྱི་སྐད་ཅིག་གཅིག་ཙམ་རྟོགས་པ་མ་ཟད། ཚ་ལུ་མ་དེའང་རྟོགས་ཀྱི་ཡོད་ཅེས་བརྗོད་པ་དང་དེ་ནི་འཇིག་རྟེན་ལ་གྲགས་པའི་ཡུལ་ཞིག་ཡིན་པར་གཏན་འབེབས་བྱེད་ཀྱི་ཡོད། ཡང་ལྡོག་ཕྱོགས་ཀྱི་ལྟ་ཚུལ་དེ་གཉིས་ཀྱིས་ཚད་མའི་བློ་གང་ཡིན་པ་དང་དོན་ངོ་མའི་བདེན་པ་གང་ཡིན་པ་ལྟ་བུ་སེམས་ཚོར་འཕྲོད་བསྟེན་གྱི་རྣམ་པ་གཞན་མང་པོ་ཞིག་གི་འགྲེལ་བརྗོད་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། 

དེ་འདྲ་བའི་བོད་ཀྱི་འགྲེལ་ཚུལ་རྣམས་ཆོས་ཀྱི་གོ་རྟོགས་གསལ་བ་ཞིག་ཐོབ་པའི་ཕྱིར། རྒྱ་གར་གྱི་ནང་པའི་འབྱུང་ཁུངས་ཁག་ལ་ཁ་གསབ་ཀྱི་ཆེད་དུ་ཁ་སྐོང་བྱེད་དགོས་ཀྱི་ཡོད། ཡིན་ནའང་། སླར་ཡང་འགྲེལ་བཤད་ཀྱི་ཁ་སྐོང་སྣ་ཚོགས་འདི་སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་གཙུག་ལག་སློབ་ཆེན་གྱི་ཤེས་ཡོན་སློབ་སྦྱོང་གི་རིམ་པ་ཁོ་ན་ལ་ཁ་སྣོན་བྱེད་དགོས་སམ། ཡང་ན་མ་མཐར་ཡང་དེ་ནི་མཐོ་སློབ་ཀྱི་སྔོན་དུ་མང་ཚོགས་ཤེས་ཡོན་གྱི་ཆེས་མཐོའི་རིམ་པ་ལ་ཁ་སྣོན་བྱེད་དགོས་པའི་ཐད་དྲི་བ་ངེས་པར་དུ་འདྲི་དགོས་ཀྱི་ཡོད། 

སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིན་ཐང་བསྐྱར་གསོ་བྱེད་པའི་དམིགས་ཡུལ་གཙོ་བོ་གཅིག་ནི་རྒྱུ་མཚན་དང་ལྡན་པའི་བསམ་བློ་དེ་ཁྱབ་སྤེལ་གཏོང་རྒྱུ་དེ་ཡིན་པ་དང་། དྲི་བ་འདིའི་སྲིད་རུང་གི་ལན་འདེབས་ཤིག་ནི་མཐོ་སློབ་དང་མཐོ་སློབ་སྔོན་གྱི་རིམ་པ་གཉིས་ཀའི་ཆ་ནས་སློབ་ཕྲུག་ཚོར་གནའ་བོའི་རྒྱ་གར་གྱི་རྒྱུ་མཚན་རིགས་པ་དང་རྩོད་གླེང་གི་ཐབས་ཚུལ་རྣམས་མཁོ་སྤྲོད་བྱེད་པ་དང་། སློབ་ཕྲུག་རང་ངོས་ནས་ལྟ་བའི་རྣམ་གཞག་མི་འདྲ་བ་དེ་དག་གི་དགག་སྒྲུབ་ཐད་རྩོད་གླེང་བྱེད་དུ་འཇུག་པ་བཅས་རེད། རྒྱུད་རིམ་འདི་ནི་ནང་པ་དང་ཕྱི་རོལ་པའི་གྲུབ་མཐའི་ལུགས་མི་འདྲ་བའི་གནད་དོན་ཐད་ལའང་ལག་བསྟར་བྱེད་ཆོག་པ་སྟེ། དཔེར་ན། སེམས་ཚོར་གྱི་འཕྲོད་བསྟེན་ཡང་དག་པ་དེ་གང་ཡིན་པ་ལྟ་བུ་རེད། 

ག་ནས་འགོ་འཛུགས་བྱེད་དགོས་སམ།

དཔལ་ནཱ་ལནྜཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ནང་༧གོང་ས་མཆོག་གིས་དེང་དུས་བསམ་བློའི་ཁྱེར་སོ་ལ་རན་འཚམས་ཆེ་བ་ཡོད་པའི་ནཱ་ལནྜཱའི་པཎ་གྲུབ་ཚོའི་ཆོས་ཚུལ་རྣམས་སློབ་སྦྱོང་བྱེད་པའི་ཐབས་ཚུལ་ཞིག་གསལ་སྟོན་མཛད་ཡོད། དེ་ནི་བདེན་པ་གཉིས་ཀྱི་གོ་རྟོགས་ནས་འགོ་བཙུགས་ཏེ་འཕགས་པའི་བདེན་པ་བཞིའི་གོ་རྟོགས་སྐྱེད་ཕྱིར་དང་། དེ་བཞིན་བདེན་པ་བཞི་ནས་སྐྱབས་ཡུལ་གསུམ་བཅས་ཀྱི་གོ་རྟོགས་རྙེད་པ་དགོས་ཀྱི་ཡོད། ནང་པའི་སྐྱབས་གནས་དཀོན་མཆོག་གསུམ་ལ་གཞིགས་ནས་གནད་དོན་མཐའ་མ་དེ་ངེས་བཤད་མི་དགོས་ནའང་། བྱུང་རིམ་འདི་སེམས་ཚོར་གྱི་འཕྲོད་བསྟེན་དེ་ཆོས་ལུགས་དང་མ་འབྲེལ་བའི་སྒོ་ནས་སློབ་ཁྲིད་བྱེད་པའི་ཐོག་མར་འགོ་འཛུགས་ལྟ་བུའི་ཕན་ཐོགས་ཅན་ཞིག་ཀྱང་ཡིན་སྲིད་པ་རེད། དེ་ནི་སོ་སོ་སྡུག་བསྔལ་ལས་སྐྱོབ་པའི་ཆེད་མི་ཚེའི་ནང་བསྟེན་དགོས་པའི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་ཏུ་གསལ་སྟོན་བྱེད་ཆོག

ད་ང་ཚོས་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལ་འཚོལ་ཞིབ་བྱ་རྒྱུ་ཡིན། མི་ཚང་མར་ངོས་ལེན་བྱ་རུང་བའི་སྤྱི་ལ་ཁྱབ་པའི་ཐ་སྙད་ཀྱི་དབང་དུ་བྱས་ན། བདེན་པ་གཉིས་དེ་ཕྱོགས་གཅིག་ནས་ང་ཚོས་བདེན་པ་ཡིན་པར་ཡིད་ཆེས་བྱེད་པའི་འཁྲུལ་སྣང་དེ་དང་ཕྱོགས་གཞན་ཞིག་ནས་དེ་གནས་ལུགས་དངོས་ཡིན་པར་ཡིད་ཆེས་པ་དེ་རེད། ང་ཚོས་ཆོས་རྣམས་ཇི་ལྟར་སྣང་བ་དེ་སེམས་ཚོར་གྱི་སྒོ་ནས་ཚོར་བའི་རྒྱུ་མཚན་ཙམ་གྱིས་བདེན་པ་ཡིན་པར་ཡིད་ཆེས་བྱེད་པས། ཞིབ་བརྟག་མེད་པའི་ཐོག་དེ་དག་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པར་ངོས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། གལ་ཏེ་ང་ཚོས་འཁྲུལ་སྣང་དེ་དག་ལ་བརྟག་དཔྱད་བྱས་ན། ང་ཚོས་དེ་དག་ནི་སྒྱུ་མ་ལྟ་བུ་ཡིན་པ་དང་དེ་དག་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པར་ཤེས་རྟོགས་ཡོང་གི་རེད། གནས་ལུགས་དངོས་ནི་བདེན་དོན་ལ་གཞི་བྱས་པ་དང་དེ་ནི་ཁུངས་སྐྱེལ་ཐུབ་པ་ཞིག་རེད། སྒྱུ་མ་ནི་ཞིབ་ཚགས་པོར་དཔྱད་ན་ནོར་བ་ཆགས་ཀྱི་ཡོད། རྒྱ་གར་གྱི་ཕྱི་རོལ་པ་དང་ནང་པའི་གྲུབ་མཐའི་ལུགས་ཚང་མས་གནད་དོན་འདི་ལ་མོས་མཐུན་ཡོད། ཐ་ན་ཕྲུ་གུ་གཞོན་གཞོན་དེ་དག་གིས་ཀྱང་སོ་སོའི་ཉལ་ཁྲིའི་འོག་ཏུ་གདོན་འདྲེ་ཞིག་ཡོད་ཅེས་བསམ་བློ་འཁོར་བའི་ཐོག་ནས་ཁྱད་པར་འདི་ལ་འབྲེལ་བ་བཟོ་ཆོག་པ་དང་། དེ་ནས་ཉལ་ཁྲིའི་འོག་ཏུ་དངོས་བལྟས་ནས་དངོས་ཡོད་གནས་ཚུལ་ལ་དེའི་འོག་ཏུ་གདོན་འདྲེ་མེད་པ་མཐོང་གི་ཡོད། 

ཕྲུ་གུ་ཚོས་བདེན་པ་གཉིས་དབར་གྱི་ཁྱད་པར་དེ་རྟོགས་པའི་སྐབས། དེ་དག་ལ་བདེན་པ་བཞིའི་སྤྱི་ལ་ཁྱབ་པའི་བསམ་བློ་དེ་ངོ་སྤྲོད་བྱེད་ཆོག གལ་ཏེ་ཁོང་ཚོས་སོ་སོའི་རྟོག་པའི་འཆར་སྒོ་དེ་དངོས་གནས་ཡིན་པར་ཡིད་ཆེས་བྱས་ན། ཁོང་ཚོ་ཞེད་སྣང་སྐྱེད་པ་དང་གཉིད་ཁུག་མི་ཐུབ་པ་ཡོང་གི་ཡོད། ཁོང་ཚོས་སྡུག་བསྔལ་མྱོང་གི་ཡོད། དེ་དག་གི་སྡུག་བསྔལ་གྱི་རྒྱུ་ནི་ཁོང་ཚོས་གང་བསམ་བློ་གཏོང་བ་དེ་དངོས་གནས་ཡིན་བསམ་པ་དེ་དོན་ངོ་མར་དངོས་གནས་མིན་པ་དེ་ཤེས་ཀྱི་མེད་པ་རེད། འོན་ཀྱང་། ཁོང་ཚོས་ཉལ་ཁྲིའི་འོག་ཏུ་བལྟས་ནས་གདོན་འདྲེ་མེད་པ་མཐོང་བའི་སྐབས། ཞེད་སྣང་དང་མི་སྐྱིད་པའི་སྡུག་བསྔལ་རྣམས་མེད་པ་ཆགས་ཀྱི་རེད། 

སྡུག་བསྔལ་གྱི་བདེན་པ་བཞི་པོ་དེ་དག་དང་། དེའི་རྒྱུ་ནི་དངོས་པོའི་གནས་ལུགས་མ་རྟོགས་པ་ཡིན་པ། དངོས་པོའི་གནས་ལུགས་གང་ཡིན་པ་རྟོགས་པའི་སྒོ་ནས་སྡུག་བསྔལ་སྤོང་བ་བཅས་ཀྱི་གོ་རྟོགས་ལ་གཞི་བྱས་ཏེ། “སླར་ཡང་ཞེད་སྣང་དང་སྡུག་བསྔལ་ནམ་ཡང་མི་འབྱུང་བ་དང་ཆོས་རྣམས་ཀྱི་གནས་ལུགས་གསལ་པོའི་སྒོ་ནས་རྟོགས་ན་ཅི་མ་རུང་། དེ་ག་ནང་བཞིན་ཤེས་ཡོན་དང་ངའི་སེམས་ལ་སྦྱོང་བརྡར་སྤྲད་པའི་སྒོ་ནས་ངས་གོ་འཕང་དེ་ཐོབ་ཐུབ། དེ་ནི་ང་རང་འགྲོ་འདོད་ཡོད་པའི་ཁ་ཕྱོགས་དེ་རེད། ཉེན་མེད་ཀྱི་ཁ་ཕྱོགས་དེའི་ཕྱོགས་སུ་འགྲོ་བ་ནི་ཞེད་སྣང་དང་སྡུག་བསྔལ་ལས་རང་ཉིད་ཇི་ལྟར་སྐྱོབ་པའི་ཚུལ་དེ་རེད་” ཅེས་སློབ་ཕྲུག་ཚོས་དེ་ལྟར་བསམ་བློ་གཏོང་ཆོག 

དེ་ལྟར་བདེན་པ་གཉིས་ནས་བདེན་པ་བཞི་དང་དེ་ནས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་པའི་བར་དུ་ཡར་རྒྱས་འགྲོ་བ་དང་། དེ་ཡང་ཕྲུ་གུ་ཚོ་ཁོ་ན་ཙམ་མིན་པར། ལོ་ཚད་སྣ་ཚོགས་པའི་མི་ཚང་མས་སོ་སོའི་ཞེད་སྣང་དང་སྐྱིད་པོ་མེད་པའམ་སྡུག་བསྔལ་གྱི་འབྱུང་ཁུངས་གཙོ་བོ་ནི་དོན་ངོ་མར་རང་སོ་སོའི་སེམས་དང་ཉོན་མོངས་པ་རྣམས་ཡིན་པ་རེད། དེ་བཞིན་ཁོང་ཚོས་དཀའ་ངལ་དེ་དག་ལས་ཐར་བའི་ཕྱིར་སེམས་ཚོར་གྱི་འཕྲོད་བསྟེན་ཐོབ་པའི་རིན་ཐང་ལ་རྗེས་སུ་ཡི་རང་བྱ་རྒྱུ་སྦྱོང་ཆོག སེམས་ཚོར་འཕྲོད་བསྟེན་གྱི་ཕན་ཡོན་དང་རིན་ཐང་ལ་ཡི་རང་བྱེད་པ་དང་དེ་ལྟར་ཐོབ་པའི་ཆེད་འབད་བརྩོན་གྱི་འདུན་སེམས་དང་ཀུན་སློང་སྐྱེད་པ་ནི་མུ་མཐུད་ནས་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་རྨང་གཞི་དེ་ཡིན་པ་རེད། 

ནམ་ཞིག་འཁྲུལ་སྣང་དང་དངོས་པོའི་གནས་ལུགས་གཉིས་དབར་གྱི་ཁྱད་པར་རྟོགས་པའི་རྨང་གཞི་འདི་བརྟན་པོ་ཆགས་ན། དེའི་རྗེས་ཀྱི་གོམ་པ་ནི་སེམས་ཚོར་འཕྲོད་བསྟེན་གྱི་ཐབས་ཚུལ་རྣམས་ངོ་སྤྲོད་བྱ་རྒྱུ་དེ་རེད། ནང་པ་དང་ཕྱི་རོལ་པ་རེ་རེས་ཀྱང་ཐབས་ཚུལ་དེ་དག་རེ་རེ་དང་འབྲེལ་བའི་ཐད་བཞེད་ཚུལ་མི་འདྲ་བ་རྒྱ་ཆེ་ལ་སྣ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་སོང་ཙང་། ཐོག་མར་འགོ་འཛུགས་བྱེད་པར་ཐབས་ཚུལ་ཆ་ཚང་བ་ཞིག་གི་སྤྱིར་བཏང་གི་ངོ་སྤྲོད་ཅིག་ང་ཚོར་དགོས་ཀྱི་ཡོད། དེ་ཡང་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་མཐའི་ལུགས་ཚང་མས་ཁས་ལེན་རུང་བ་ཞིག་འགྲེལ་བརྗོད་བྱེད་དགོས་ཀྱི་ཡོད། དེ་ལས་གནས་ཚད་མཐོ་བའི་སློབ་ཕྲུག་ཚོའི་ཆེད་དུ་ལུགས་རེ་རེའི་ནང་གི་ལེ་ལག་ཆ་ཚང་བའི་ཐབས་ཚུལ་གྱི་རྣམ་གཞག་དེ་དུས་གཅིག་ལ་ལུགས་གཅིག་རྒྱས་པར་འགྲེལ་བརྗོད་བྱེད་ཆོག གནའ་བོའི་ལུགས་དེ་དག་ཕན་ཚུན་མཉམ་དུ་དལ་བུར་བཙོས་པའི་བཟའ་མ་ཞིག་དང་འདྲ་བར་བསྲེ་བསྲེ་གཏོང་བ་ནི་དྲང་བདེན་ཞིག་ཆགས་ཀྱི་མེད། 

སེམས་དང་སེམས་ཚོར་རྟོགས་པ་དང་སྦྱོང་བརྡར་སྤྲོད་པར་ཐོག་མར་སེམས་གང་ཡིན་པ་དང་སེམས་ཚོར་གང་ཡིན་པ་དེ་རྟོགས་དགོས་ཀྱི་ཡོད། གྲངས་ཅན་པ་དང་བྱེ་བྲག་པ་ལྟ་བུ་ཕྱི་རོལ་པའི་ལུགས་འགའ་ཞིག་གིས་སེམས་དང་སེམས་ཚོར་རྣམས་བེམ་པོར་ངོས་འཛིན་བྱེད་ཀྱི་ཡོད། ལྟ་ཚུལ་འདི་ནི་ནུབ་ཕྱོགས་ཚན་རིག་གི་ལྟ་ཚུལ་ལྟར་ཀླད་པའི་ནང་སེམས་དང་སེམས་ཚོར་གཟུགས་ཀྱི་རྒྱུད་རིམ་དུ་གཅོག་འཕྲི་བྱེད་པ་དང་འདྲ་པོ་ཡོད། ཡང་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རིགས་པ་ཅན་པས་བྱེ་བྲག་པའི་བེམ་པོ་འདོད་ཚུལ་དེ་ཁས་ལེན་བྱེད་པ་དང་དེའི་སྟེང་ལ་ངོ་བོ་ལོགས་སུ་ཚད་མའི་ཡུལ་རྟོགས་ཚུལ་དེ་ཁ་སྣོན་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། ནང་པའི་ལུགས་ལ་སེམས་དེ་གཟུགས་སུ་གྲུབ་པའམ་གཟུགས་ཀྱི་འགྲོ་སྟངས་གཅོག་འཕྲི་བྱེད་པ་དེ་ཁས་ལེན་མི་བྱེད་པར། དེའི་ཚབ་ལ་སེམས་ནི་གསལ་ཞིང་རིག་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ཡང་ཇི་ལྟར་༧གོང་ས་མཆོག་གིས་འགྲེལ་བརྗོད་གནང་བ་ལྟར། གསལ་བ་ནི་ཡུལ་ཞིག་གི་ཤེས་པའི་རྣམ་པ་ཞིག་སྐྱེད་པར་བྱེད་པའི་བྱེད་ལས་ཤིག་ཡིན་པ་སྟེ། དེ་ནི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་རེད། རིག་པ་ནི་ཡུལ་ཞིག་ལ་བརྟེན་ནས་ཤེས་པའི་སྒོ་ནས་འཇུག་ཚུལ་གྱི་དུས་གཅིག་གི་བྱེད་ལས་དེ་ཡིན། དེར་བརྟེན་གསལ་བ་དང་རིག་པ་གཉིས་ཀྱིས་སེམས་ཀྱི་དོན་རྐྱེན་གཅིག་མཚུངས་འགྲེལ་བརྗོད་བྱེད་ཀྱི་ཡོད། 

ནང་པ་དང་ཕྱི་རོལ་པའི་ལུགས་ཚང་མས་སེམས་ཚོར་གྱི་གྲོགས་བྱས་ཏེ་སེམས་དེ་ཇི་ལྟར་ཤེས་པ་འབྱུང་བའི་འགྲེལ་བརྗོད་ཀྱི་བཞེད་དགོངས་སྐོང་བའི་ཆེད་བདག་གི་བྱེད་ལས་དེ་གསལ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་། བདག་དང་དེ་སེམས་དང་སེམས་ཚོར་དང་འབྲེལ་བའི་ཐད་ལ་ལུགས་དེ་དག་གི་ནང་འགལ་འདུའི་ལྟ་ཚུལ་མེད་པའི་ཐོག་ལྟ་བ་མི་འདྲ་བ་དེ་དག་གིས་ཐུན་མོང་དུ་གང་ཁས་ལེན་བྱེད་ཐུབ་པ་ནི། སེམས་ཚོར་འཕྲོད་བསྟེན་གྱི་དགོས་དོན་དང་སེམས་ཚོར་དང་ལྡན་པའི་ཤེས་པ་ནི་ཡུལ་ལ་ཡུལ་ཅན་གྱིས་མྱོང་བ་དེ་ལ་གོ་བ་ཡིན། སྦྱོང་བརྡར་སྟབས་བདེ་ལ་བརྟེན་ནས་མི་རྣམས་ཀྱིས་མཚན་ཉིད་འདི་གང་ལ་གོ་བ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། 

ཐུན་མོང་གི་གཞི་འདིའི་རྗེས་སུ་གང་འབྱུང་ངེས་པ་ནི་རི་མོ་སྟེ། སེམས་དང་སེམས་ཚོར་གྱི་ས་ཁྲ་དེ་རེད། སྤྱིར་བཏང་གི་ས་ཁྲའི་ནང་དབང་པོ་དང་ཡིད་ཀྱི་ཤེས་པའི་རིགས་དང་། དོ་དབྱིངས་དང་། རིག་པ་རྩེ་སྒྲིམ། རྩེ་གཅིག་པའི་ཏིང་ངེ་འཛིན། བདེ་སྡུག་གི་ཚོར་བ་སོགས་གཞི་རྩའི་སེམས་བྱུང་རྣམས་ཚུད་ཀྱི་ཡོད། དེ་ག་ནང་བཞིན་བྱམས་པ་ནས་ཁོང་ཁྲོའི་བར་གྱི་སེམས་ཚོར་སྣ་ཚོགས་པ་དང་དེ་དག་གིས་ང་ཚོའི་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། བྱ་སྤྱོད་སྤེལ་སྟངས་བཅས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་རྣམས་ཀྱང་དགོས་ཀྱི་ཡོད། གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལུགས་ཚང་མས་ཐུན་མོང་དུ་བཤད་པའི་གཞི་རྩའི་སེམས་བྱུང་དང་སེམས་ཚོར་གྱི་ཐོ་གྲངས་ཕྱོགས་སྒྲིག་བྱེད་པའི་ཐད་ད་དུང་ཉམས་ཞིབ་བྱེད་དགོས་ནའང་། དེ་དག་ཐམས་ཅད་ཀྱིས་དཀའ་ངལ་བཟོ་མཁན་གཙོ་བོ་དེ་ནི་འདོད་ཆགས་དང་། ཁོང་ཁྲོའམ་ཞེ་སྡང་། གཏི་མུག་གསུམ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། 

དེའི་རྗེས་སུ་རྟོག་མེད་དང་རྟོག་བཅས་ཀྱི་ཤེས་པས་ལས་ཀ་ཇི་ལྟར་བྱེད་པའི་རྣམ་གཞག་དེ་ཡོང་གི་ཡོད་པ་དང་། དེའི་ནང་དེ་དག་རེ་རེ་དང་མཉམ་དུ་ཡུལ་གྱི་རིགས་གང་ཡོད་པའི་གྲོས་མོལ་ཞིག་ཡོད། རྣམ་གཞག་འདི་བཞིན་ཚད་མ་དང་ཚད་མིན་གྱི་ཡུལ་རྟོགས་ཚུལ་སྣ་ཚོགས་པ་དང་དམིགས་བསལ་མངོན་སུམ་ཤེས་པ་དང་རྗེས་དཔག་གི་ངོ་སྤྲོད་ཅིག་ཏུ་རྒྱ་སྐྱེད་བྱེད་ཆོག རྗེས་དཔག་ལ་བརྟེན་ནས་རང་བཞིན་གྱིས་རྩོད་གླེང་གི་རྣམ་གཞག་དང་ཚད་མ་དང་ཚད་མིན་གྱི་རིགས་པ་འབྱུང་བར་བྱེད་ཀྱི་ཡོད། མཐར་སྤྱིར་བཏང་གི་སློབ་སྦྱོང་འདིའི་ཁ་སྐོང་གི་ཚུལ་དུ་ཏིང་ངེ་འཛིན་དང་ཤེས་རབ་སྐྱེད་པའི་གཞི་རྩའི་སྒོམ་གྱི་ཐབས་ལམ་ཁག་ངོ་སྤྲོད་བྱེད་ཆོག་པ་ཡིན། 

གནའ་བོའི་རྒྱ་གར་གྱི་གྲུབ་མཐའི་ལུགས་ཚང་མས་མཉམ་སྤྱོད་བྱེད་པའི་སེམས་ཚོར་འཕྲོད་བསྟེན་གྱི་ཐབས་ཚུལ་གྱི་སྤྱིར་བཏང་གི་དཔྱད་ཞིབ་འདི་ཆ་ཚང་བསྒྲུབ་པ་དང་སློབ་ཕྲུག་ཚོས་སོ་སོའི་འཇོན་ཐང་དང་། ནུས་པ། དོ་དབྱིངས་ལ་ལྟོས་ནས་གྲུབ་མཐའི་ལུགས་དེ་དག་རེ་རེ་བཞིན་དུ་གཏིང་ཟབ་པོར་སློབ་སྦྱོང་བྱེད་པའམ། ཡང་ན་ལུགས་གཅིག་ཁོ་ནར་ཆེད་དུ་སློབ་སྦྱོང་བྱ་ཆོག ཡིན་ནའང་། སྦྱོང་བརྡར་གྱི་རིམ་པ་ཚང་མའི་ཐོག་ནས་ལམ་གྱི་རིམ་པ་རེ་རེའི་སྐབས་སུ་སྦྱོང་བརྡར་སྤྲོད་ཆོག་པ་དང་དེ་ནི་སོ་སོའི་ཉིན་རེའི་མི་ཚེའི་ནང་གི་དཔེ་མཚོན་ལས་ཁོང་ཚོས་གང་སྦྱོང་བཞིན་ཡོད་པ་དེ་ངོས་འཛིན་པ་དང་ལག་བསྟར་བྱེད་པའི་ཆེད་དུ་རེད། ང་ཚོའི་ནང་ཆོས་སྦྱོངས་ཞེས་པའི་དྲྭ་ཚིགས་བརྒྱུད་ནས་བྷར་ཛིན་བཤད་མཛོད་ཀྱི་རུ་ཁག་ནས་དེ་ལྟ་བུའི་སྦྱོང་བརྡར་གྱི་རིགས་མང་པོ་ཞིག་རྩ་འཛུགས་བྱས་ཟིན་པ་རེད།།

འདིར་ས་བཅད་ཀྱི་ཚུལ་དུ་མདོར་བསྡུས་སུ་བཀོད་པའི་སྦྱོང་བརྡར་གྱི་ལས་རིམ་དེ་དག་ཕུགས་རྒྱང་པོའི་ནང་ཇི་ལྟར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིན་སེམས་ཚོར་འཕྲོད་བསྟེན་དང་འབྲེལ་བའི་གནའ་བོའི་རྒྱ་གར་གྱི་རིན་ཐང་བསྐྱར་གསོ་བྱ་རྒྱུ་དེ་དགོས་དོན་སྒྲུབ་ཐུབ། དེ་ཡང་༧གོང་ས་མཆོག་ནས་དུས་རྒྱུན་དུ་ “ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་རྣམ་དཔྱོད་དང་ལྡན་པ་ཡིན་པ་དང་བླང་དོར་གྱི་གནས་ལ་བསམ་བློ་གཏོང་བའི་ནུས་པ་ཡོད། ང་ཚོས་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་བདེ་སྐྱིད་སྐྲུན་པ་དང་སྡུག་བསྔལ་ཇེ་ཉུང་དུ་གཏོང་ཚུལ་ལ་འགྱུར་བ་གཏོང་ཐུབ་” ཅེས་གསུང་གི་ཡོད། ཐུགས་རྗེ་གནང་།།

Top