སྒོམ་ནི་ང་རང་ཚོའི་སེམས་ཞི་བར་བྱེད་པ་དང་། སེམས་ཀྱི་ངལ་བ་སེལ་བར་བྱེད་པ་དང་། ཡོན་ཏན་གོང་དུ་སྤེལ་བར་བྱེད་པ་བཅས་ལ་ཕན་ཐོགས་པའི་ཐབས་ལམ་ཞིག་ཡིན། སྒོམ་ལ་འཇུག་མཁན་གྱི་ལས་དང་པོ་བ་ཕལ་ཆེ་བ་ནི། སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་དེ་ཙམ་མ་བྱས་པར། ལམ་སེང་སྒོམ་བརྒྱབ་འགོ་བཙུག་རྒྱུ་ལ་སྤྲོ་བ་ཡོད་པ་ཡིན། གང་ལྟར་ཡང་། དེ་ནི་སྒོམ་པའི་ལམ་གྱི་རིམ་པའི་ནང་ཡར་རྒྱས་འགྲོ་བར་བསམ་བློའི་འཆར་སྒོ་ཡག་པོ་ཞིག་ཡིན། སངས་རྒྱས་ཀྱིས་ག་རེ་གསུངས་པའི་སྐོར་ལ་ཇི་ཙམ་གྱི་སློབ་སྦྱོང་མང་བ་བྱེད་པ་དེ་ག་ནང་བཞིན་ང་ཚོའི་སྒོམ་དེ་རིམ་པས་གཏིང་ཟབ་ཏུ་འགྲོ་བ་ཡིན།
སྐབས་འདིར་སྒོམ་བརྒྱབ་སྟངས་ཐད་ལ་སྤྱིར་བཏང་གི་དོན་གནད་ཁ་ཤས་ཐོག་ལ་བལྟ་རྒྱུ་ཡིན། ཉམས་ལེན་ཚད་མཐོ་པོར་གནང་མཁན་གྱི་གང་ཟག་དེས་གནས་གང་འདྲ་ཞིག་དང་། དུས་ག་དུས་ཁེལ་ནའང་སྒོམ་བརྒྱབ་ཆོག་ཆོག་ཡིན། ལས་དང་པོ་བ་རྣམས་ལ་ནི། རང་ཉིད་ཞི་དུལ་ཆགས་པ་ལ་མཐུན་པའི་གནས་ངེས་ཅན་ཞིག་འཚོལ་ན་ཕན་ཐོགས་ཡོད། དེ་གང་ཡིན་ཞེ་ན། སྒོམ་བརྒྱབ་སྐབས་རང་ཉིད་གནས་པའི་ཁོར་ཡུག་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པས་ཡིན།
སྒོམ་བརྒྱབ་ཡུལ།
ང་ཚོའི་སེམས་ནང་། སྒོམ་བརྒྱབ་ཡུལ་ཡག་ཤོས་དེ་མཆོད་མེ་དང་སྐུ་འདྲ་སྤོས་སོགས་ཡོད་སའི་ཁང་པ་ཞིག་ཡིན་བསམ་སྲིད་པ་ཡིན། དེ་ནང་བཞིན་འདོད་པ་ཡོད་ན་འགྲིག་བསྡད་ཡོད། སྟབས་ལེགས་པ་ཞིག་ལ། གྲ་རྒྱས་པོ་དེ་འདྲ་དགོས་གལ་ཆེ་བ་མ་ཡིན། འོན་ཀྱང་སྒོམ་བརྒྱབ་ཡུལ་གྱི་ཁང་པ་དེ་གཙང་ཞིང་གྲ་འགྲིག་པོ་ཞིག་དགོས་པ་དོ་གལ་ཆེན་པོ་ཡིན།
ང་ཚོའི་གནས་སའི་ཁོར་ཡུག་གྲ་འགྲིག་ལ་གྲུ་མཉམ་པ་ཞིག་ཡོད་ན། དེས་རང་ཉིད་ཀྱི་སེམས་ཀྱང་གྲ་འགྲིག་པོ་ཞིག་ཡོང་བ་ལ་ཕན་པ་ཡིན། འདུ་འཛི་འུར་ཟིང་གི་ཁོར་ཡུག་དེས་ང་ཚོའི་སེམས་ལ་འགོག་རྐྱེན་བཟོ་བ་ཡིན།
སྒོམ་ལ་ཐོག་མར་འཇུག་སྐབས་སུ་ཁོར་ཡུག་ཁ་ཁུ་སིམ་པོ་ཞིག་ཡོད་ན་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ང་ཚོ་བྲེལ་འཚུབ་ཆེ་བའི་གྲོང་ཁྱེར་ནང་གནས་སྡོད་བྱེད་ཀྱི་ཡོད་ན་འདི་ཁག་པོ་ཆགས་སྲིད། མི་མང་པོ་ཞིག་ནི་ཞོགས་པ་སྔ་པོ་དང་དགོང་ཕྱི་མོར་སྒོམ་བརྒྱབ་ཐབས་བྱེད་ཀྱི་ཡོད། མཐར་ཕྱིའི་སྐད་ཅོར་འུར་སྒྲས་ང་ཚོར་བསུན་པོ་བཟོ་མི་ཡོང་། འོན་ཀྱང་ཐོག་མར་ལྷིང་འཇགས་མེད་པ་ཞིག་ཡོང་སྲིད་པ་ཡིན།
རོལ་དབྱངས་དང་སྒོམ།
སངས་རྒྱས་པའི་ཆོས་ལུགས་ལས། རོལ་དབྱངས་དང་ལྷན་དུ་སྒོམ་བརྒྱབ་དགོས་པའི་ལམ་སྟོན་གནང་མེད། དེ་ནི་ཞི་བདེའི་འབྱུང་ཁུངས་ཕྱི་ལོགས་ཤིག་ལ་བརྟེན་དགོས་པ་ལ་གོ་བ་ཡིན་པས། དེ་ལས་ལྡོག་སྟེ་ང་ཚོས་ཞི་བདེ་ནི་སེམས་ནང་ནས་བསྐྲུན་ཐུབ་པར་བྱ་དགོས་པ་ཡིན།
སྒོམ་བརྒྱབ་སྐབས་འདུག་སྟངས།
སྐབས་འདིར་གལ་ཆེ་ཤོས་ཤིག་ནི། རང་ཉིད་ཀྱི་སྒལ་ཚིགས་སྲང་དགོས་ལ་དཔུང་པ་དང་སྐེ། དེ་བཞིན་གདོང་གི་ཤ་གནད་རྣམས་ལྷོད་པར་བཞག་ཏེ་བདེ་པོའི་ངང་འདུག་དགོས་པ་དེ་ཡིན། གལ་ཏེ་སྐུབ་སྟེགས་གཅིག་གི་སྟེང་དུ་འདུག་པར་བདེ་བ་ཡོད་ན། དེ་འགྲིག་ཐག་ཆོད་ཡིན། སོ་སོ་ལ་སྡུག་སྦྱོང་བཏང་བ་ལྟ་བུའི་ཚོར་བ་དེ་མེད་པ་ཞིག་ངེས་པར་དུ་དགོས་པ་ཡིན། ཛེན་བསམ་གཏན་པའི་སྒོམ་གྱི་རིགས་ཁ་ཤས་ནང་། ང་ཚོ་རྩ་བ་ནས་འགུལ་མི་ཆོག་པ་ལྟ་བུར་བཤད་ཡོད། སྒོམ་གྱི་རིགས་གཞན་དག་ཁ་ཤས་ནང་གསལ་བ་ལྟར་ན། གལ་ཏེ་ཁྱེད་རང་གི་རྐང་པ་འགུལ་དགོས་བྱུང་ན་འགུལ་ཆོག་ལ་དེ་ནི་ཧ་ཅང་དོན་གནད་ཅན་ཞིག་གང་ཡང་མ་ཡིན།
སྒོམ་པའི་དུས་ཡུན།
ཐོག་མར་སྒོམ་བརྒྱབ་འགོ་འཛུགས་པའི་སྐབས། དུས་ཡུན་ཐུང་ཐུང་རིང་ལ་སྒོམ་བརྒྱབ་དགོས་པའི་ལམ་སྟོན་བྱས་ཡོད། དེ་ཡང་སྐར་མ་གསུམ་ནས་ལྔའི་བར་སྒོམ་བརྒྱབ་ན་འགྲིག་ཐག་ཆོད་ཡིན། དེ་ལས་དུས་ཡུན་རིང་བར་དམིགས་པ་གཏད་རྒྱུ་དེ་དངོས་གནས་ཁག་པོ་ཡིན་པར་ཤེས་ཀྱི་རེད། དུས་ཡུན་རིང་པོའི་ནང་སེམས་རྣམ་པར་གཡེང་བ་དང་། ཉིན་མོའི་རྨི་ལམ་བཏང་བ་མ་ཟད། གཉིད་ཀྱང་ཤོར་གྱི་ཡོད་པས། དེ་ལས་ང་ཚོས་དམིགས་པ་རྩེ་གཅིག་ཏུ་སྒྲིམ་པའི་དུས་ཡུན་ཐུང་ངུའི་ནང་སྒོམ་བརྒྱབ་པ་དེ་ཡག་ག་ཡོད།
དྲན་དགོས་པའི་རྩ་དོན་གལ་ཆེ་ཤོས་ནང་གི་གཅིག་ནི། གནས་སྟངས་ཅི་འདྲ་ཞིག་ཡིན་རུང་འཕེལ་འགྲིབ་དང་འཕོ་འགྱུར་འགྲོ་བཞིན་པ་ལྟར། མཚམས་རེར་རང་ཉིད་ཀྱི་སྒོམ་ཡག་པོ་ཡོང་བ་དང་། མཚམས་རེར་དེ་ལྟར་མི་ཡོང་བ་ཡིན།
ང་ཚོའི་ལུས་སེམས་ལྷོད་ཡངས་དགོས་པ་དེ་གལ་ཆེ་ལ་རང་ཉིད་རང་ལ་བཙན་དབང་གིས་སྐུལ་འདེད་བྱ་རྒྱུ་མེད་པ་དེ་ཡིན། མཚམས་རེར་ང་ཚོར་སྒོམ་བརྒྱབ་བཞིན་ཡོད་བསམ་པའི་ཚོར་བ་ཡོང་བ་ཡིན་ལ་མཚམས་རེར་དེ་འདྲར་ཚོར་གྱི་མེད། ཡར་རྒྱས་ནི་ནམ་ཡང་གོ་རིམ་ངེས་པ་ཞིག་མ་ཡིན། བྱས་ཙང་ཉིན་གཅིག་ཧང་སང་དགོས་པའི་ཡག་པོ་དང་། ཉིན་རྗེས་མ་དེར་དེ་ཙམ་མི་ལེགས་པ་དེ་འདྲ་ང་ཚོས་ཚོར་སྲིད་པ་ཡིན། ལོ་ཁ་ཤས་ཀྱི་བློ་ཐག་ཆོད་པོའི་འབད་བརྩོན་བྱས་པའི་རྗེས་སུ། ང་ཚོས་སྤྱིར་བཏང་སྒོམ་ཉམས་ལེན་གྱི་ཁ་ཕྱོགས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་ཞིག་མཐོང་བར་འགྱུར་བ་ཡིན།
སྒོམ་ཐེངས་མ་ག་ཚོད་བརྒྱབ་དགོས་མིན།
སྒོམ་ལ་གལ་གནད་དུ་འཛིན་པའི་སྒོ་ནས་སྒོམ་ཐེངས་གཅིག་ལ་སྐར་མ་ཁ་ཤས་ཀྱི་རིང་བསྒོམ་འགོ་བཙུགས་པ་ནས་བཟུང་ཉིན་མ་རྟག་པར་སྒོམ་བརྒྱབ་ཐུབ་ན་དེ་ཡག་ཤོས་ཡིན། སྐར་མ་ཁ་ཤས་ཀྱི་རྗེས་ལ་བར་སེང་ཐུང་ངུ་ཞིག་བཞག་ཆོག དེ་ནས་མུ་མཐུད་དེ་བསྒོམ་དགོས། དེ་ནི་ཆུ་ཚོད་གཅིག་གི་རིང་སྒོམ་ཐུན་སྡུག་སྦྱོང་མྱོང་དགོས་པ་ཞིག་གི་ནང་བསྡད་པ་ལས་དེ་ལྟ་བུའི་དུས་ཡུན་ཐུང་ཐུང་ཞིག་གི་ནང་སྒོམ་བརྒྱབ་ན་དེ་ཡག་ག་ཡོད། །
དབུགས་ཀྱི་སྟེང་དུ་སྒོམ་བརྒྱབ་པ།
སྒོམ་བརྒྱབ་མཁན་མང་ཆེ་བས་སྒོམ་དང་པོ་དེ་ཁུ་སིམ་ངང་བསྡད་ནས་དབུགས་ཀྱི་སྟེང་ལ་དམིགས་པ་གཏད་པ་དེ་ཡིན། དེ་ནི་ང་ཚོ་སེམས་ངལ་བྱུང་སྐབས་ཞི་ལྷོད་ཡོང་བར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།
- སྣ་བ་བརྒྱུད་དེ་འཆར་ཅན་ལྟར་དབུགས་གཏང་དགོས། དེ་ཡང་དབུགས་དེ་ཧ་ཅང་མྱུར་པོ་མ་ཡིན་ལ་ཧ་ཅང་ལྷོད་པོ་མ་ཡིན་པ། ཧ་ཅང་རིང་པོ་མ་ཡིན་ལ་ཧ་ཅང་ཐུང་ཐུང་མ་ཡིན་པ་ཞིག་དགོས།
- དྲན་ཤེས་ལྡན་པའི་སྒོ་ནས་དབུགས་ཕྱིར་དབྱུང་བ་དང་ནང་དུ་རྔུབ་པ་བཅས་ཐེངས་བཅུ་སྐོར་གྱི་གྲངས་ཀ་བརྒྱབ་དགོས། སེམས་གཡེང་བའི་སྐབས་ལྷོད་འཇམ་ངང་དེའི་དམིགས་གཏད་དབུགས་ཀྱི་སྟེང་དུ་སླར་འཇོག་དགོས།
- གནས་གཉིས་ལས་གཅིག་གི་སྟེང་དུ་དབུགས་ལ་དམིགས་པ་གཏད་དགོས་ཏེ། དབུགས་སྣ་བུག་ནང་དུ་རྔུབ་པ་དང་ཕྱིར་དབྱུང་བ་ལ་བརྟེན་ནས་ང་ཚོའི་ནུས་པ་གོང་མཐོར་གཏོང་བར་ཕན་ཐོགས་པ་ཡིན། གལ་ཏེ་ང་ཚོ་གཉིད་བྲོ་བའམ། སེམས་རྣམ་པར་གཡེང་བ་ཡིན་ན། ལྟོ་བའི་མྱོང་ཚོར་གྱི་སྟེང་དུ་དམིགས་པ་བརྟན་པོར་ཡོང་བ་ལ་དབུགས་ཕྱི་དང་ནང་དུ་རྒྱུ་བ་ཡིན།
སྐབས་འདིར་ང་ཚོས་སེམས་ཀྱི་དམིགས་གཏད་མེད་པར་བཟོ་བ་མ་ཡིན། སྒོམ་བྱ་ངོ་མ་ནི་ང་ཚོའི་དམིགས་གཏད་གཡེངས་བ་དེ་གང་མགྱོགས་མགྱོགས་ངོས་འཛིན་རྒྱུ་དང་། དེ་སླར་ཡང་དམིགས་གཏད་སྟེང་ཚུར་སྐྱེལ་དགོས་པའམ། ཡང་ན་གལ་ཏེ་ང་ཚོ་རྨོངས་ཤིང་ཉོབ་སྟེ་གཉིད་བྲོ་བར་གྱུར་ན། རང་ཉིད་དེ་ལས་ཡར་སད་པའི་ཕྱིར་ཡིན། དེ་ལས་སླ་པོ་གཅིག་མེད། ལྷག་པར་དུ་རང་ཉིད་ཁོང་ཁྲོ་ཟ་སའི་མི་ཞིག་ལ་བསམ་བློ་བཏང་བ་ལྟ་བུར། སུན་སྣང་གི་སེམས་ཚོར་ཞིག་གི་ནང་དུ་འཚུད་ཡོད་ན། ང་ཚོའི་རྨོངས་པ་དང་གཡེང་བ་དེ་ལ་དོ་སྣང་ཙམ་ཡང་མི་བྱེད་པ་ཡིན། ཡིན་ནའང་དབུགས་དེ་རྟག་ཏུ་དེར་ཡོད་ཡོད་པ་དང་། དེ་བརྟན་པོ་ཡོད་པས་ང་ཚོས་ག་དུས་ཡིན་ན་དམིགས་གཏད་དེ་དབུགས་ཀྱི་སྟེང་དུ་སླར་འཇོག་ཐུབ་པ་ཡིན།
དབུགས་ཀྱི་སྟེང་དུ་སྒོམ་པའི་ཕན་ཡོན།
དབུགས་ཀྱི་སྟེང་ལ་སྒོམ་བརྒྱབ་པས་སེམས་ཀྱི་ངལ་བ་ལ་འཐབ་རྒོལ་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ཕན་ཡོན་གཞན་དག་ཀྱང་ཡོད། གལ་ཏེ་རང་ཉིད་རྟག་པར་སེམས་རྣལ་དུ་མི་གནས་པར་ཉིན་མོའི་རྨི་ལམ་རྨིས་བསྡད་པ་ཞིག་ཡིན་ན། དབུགས་ཀྱི་སྟེང་ལ་དམིགས་པ་གཏད་དེ་སྒོམ་བརྒྱབ་པས། ང་ཚོའི་དམིགས་པ་བརྟན་པོར་བཟོ་བར་ཕན་ཐོགས་པ་ཡིན། དམིགས་བསལ་ཨ་རིའི་རྒྱལ་ཁབ་ལྟ་བུའི་སྨན་ཁང་ཁ་ཤས་ཀྱི་ནང་། ན་ཟུག་ལ་སྟངས་འཛིན་ཡོང་བའི་ཆེད་དུ་དབུགས་སྒོམ་བསྟེན་པ་ཡིན། དེས་ལུས་ཀྱི་ན་ཟུག་སེལ་བ་ཙམ་དུ་མ་ཟད་སེམས་ཚོར་གྱི་ན་ཟུག་ཀྱང་ཉུང་དུ་གཏོང་ཐུབ་པ་ཡིན།
གཞན་དོན་དུ་བྱམས་བརྩེ་བསྐྲུན་པ།
དབུགས་ཀྱི་སྟེང་དུ་སྒོམ་ནས་ནམ་ཞིག་ང་ཚོས་སེམས་ཞི་ལྷོད་དུ་གྱུར་བའི་རྗེས་སུ། གཞན་དོན་དུ་བྱམས་བརྩེ་མང་བ་བསྐྲུན་པ་ལ། ང་ཚོའི་རྒྱུད་ལ་ཡོད་པའི་བག་ཡངས་དང་གྲུང་ཤ་དོད་པའི་སེམས་ཀྱི་གནས་བབས་དེ་སྤྱོད་ཆོག་པ་ཡིན། ཐོག་མར་འགོ་འཛུགས་སྐབས། ད་ང་ནི་ཚང་མ་ལ་བརྩེ་བ་ཡོད། ཅེས་བསམ་པ་དང་། དེ་ནས་གཞི་གནས་དངོས་སུ་ཚོར་བ་ཞིག་མ་ཡིན། དེའི་རྒྱབ་ཏུ་ནུས་པ་གང་ཡང་མེད། བྱམས་བརྩེའི་ཚོར་བ་ཞིག་བསྐྲུན་པར་རྒྱུ་མཚན་རིགས་པ་དང་ལྡན་པའི་བསམ་བློའི་བརྒྱུད་རིམ་སྤྱོད་དགོས་པ་ཡིན། དེ་ཡང་། སེམས་ཅན་ཐམས་ཅད་གཅིག་ལ་གཅིག་བརྟེན་ཡིན་པ་དང་། ང་ཚོ་ཚང་མ་འདིར་མཉམ་དུ་ཡོད་པ། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ། མི་ཚང་མ་ལ། རང་ཉིད་ལ་དགའ་པོ་བྱེད་མཁན་བྱུང་ན་དེ་འདོད་པ་དང་། རང་ཉིད་ལ་མ་དགའ་བའམ་སྣང་མེད་དུ་བཏང་པ་ལ་སུ་གཅིག་ཀྱང་མི་འདོད་པ། རང་ཉིད་བརྩིས་པའི་སེམས་ཅན་ཐམས་ཅད་གཅིག་པ་ཡིན་པ། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པར་བརྟེན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག གལ་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ཞིང་དཀའ་ངལ་རིགས་མེད་ན་ཅི་མ་རུང་སྙམ་པ་ཚོར་གྱི་ཡོད། ང་ཚོས་དེ་ལྟར་སྒོམ་པ་དང་རང་ཉིད་ཀྱི་སྙིང་ཁར་བྱམས་བརྩེ་དང་། དེ་ཡང་འོད་ཀྱི་མདོག་སེར་པོ་ཉི་མ་ལྟ་བུ། ཐམས་ཅད་ལ་བྱམས་བརྩེ་ཡོད་པའི་སྒོ་ནས་ཕྱོགས་ཐམས་ཅད་དུ་ཤར་བ་ཞིག་བསམ་བློ་གཏང་དགོས། གལ་ཏེ་ང་ཚོའི་དམིགས་པ་གཡེང་བ་ཡིན་ན། ཚང་མར་བདེ་བ་དང་ལྡན་པར་ཤོག་ཅེས་པའི་ཚོར་བ་ལ་སླར་ཡང་ཚུར་འཇོག་དགོས་པ་ཡིན།
དུས་རྒྱུན་མི་ཚེའི་ནང་མཁོ་བའི་སྒོམ།
གལ་ཏེ་ང་ཚོས་དེ་ལྟ་བུའི་སྒོམ་གྱི་རིགས་རྣམས་ཉམས་སུ་ལེན་པ་ཡིན་ན། དུས་རྒྱུན་ང་ཚོའི་མི་ཚེའི་ནང་སྤྱོད་ཆོག་པའི་སྒོམ་གྱི་ཐབས་རྣམས་གོང་འཕེལ་གཏང་བ་ཡིན། མཐར་ཐུག་གི་དམིགས་བྱ་ནི། ཉིན་གཅིག་གང་པོར་དབུགས་ཀྱི་སྟེང་དུ་དམིགས་པ་གཏད་ཐུབ་པ་དེ་མ་ཡིན་པར། སྤྱིར་བཏང་རང་ཉིད་ག་དུས་འདོད་པ་བྱུང་ནའང་ང་ཚོར་ཐོབ་པའི་ཐབས་རྩལ་དེ་དག་བེད་སྤྱོད་བཏང་སྟེ་དམིགས་པ་གཅིག་སྒྲིམ་གྱིས་གནས་པ་དེ་ཡིན། གལ་ཏེ་ང་ཚོ་མི་གཞན་དང་མཉམ་དུ་སྐད་ཆ་བཤད་བཞིན་པའི་སྐབས་སུ། ང་ཚོའི་བསམ་རྒྱུ་ཡོད་ཚད་ནི། ཁོང་ཚོ་ག་དུས་ཁ་ཙུམ་ཡོང་བསམ་པ་དེ་ཡིན། ང་ཚོའི་སྒོམ་གྱི་ཉམས་ལེན་དེས། འདི་དག་ནི་སོ་སོ་རང་ཉིད་ནང་བཞིན་གཞན་གྱིས་དགའ་པོ་བྱེད་པ་ལ་མགུ་ཞིང་རང་ཉིད་ཀྱི་སྐད་ཆ་ཉན་པ་ལ་དགའ་བའི་མི་ཞིག་ཡིན་བསམ་ཐུབ་པར་བྱེད་ཀྱི་ཡོད། དེ་ལྟར་སྒོམ་གྱིས་ནི། ང་ཚོའི་སྒེར་གྱི་མི་ཚེ་དང་། གཞན་དང་ཕན་ཚུན་འབྲེལ་འདྲིས་ཡོང་བ་བཅས་ལ་ཕན་ཐོགས་ཐུབ་པ་ཡིན་ནོ། །