ང་ཚོའི་ཉིན་རེའི་མི་ཚེའི་ནང་གི་བཟང་སྤྱོད་ཀྱི་རྣམ་གཞག་དང་རིན་ཐང་གི་ལག་ལེན་དེ་ལ་ “ལག་ལེན་དངོས་ཀྱི་བཟང་སྤྱོད་ཀྱི་རྣམ་གཞག་” ཅེས་ཟེར་གྱི་ཡོད། དེང་རབས་ཀྱི་ཐ་སྙད་དབང་དུ་བྱས་ན། འདི་ལ་ “མི་ཚེའི་ཤེས་ཡོན་” ཞེས་བརྗོད་ཆོག་པ་དང་དེས་སྒེར་སོ་སོའི་སུན་སྣང་དང་སྤྱི་ཚོགས་ལྷིང་འཇགས་མེད་པ་གཉིས་ཟུང་འབྲེལ་གྱི་དཀའ་ཉེན་སེལ་བའི་ཐབས་ཤིག་མཁོ་སྤྲོད་བྱེད་ཀྱི་ཡོད། སྒེར་སོ་སོའི་ངོས་ནས་བཤད་ན། དེས་སོ་སོའི་མི་ཚེ་རྟོགས་པར་ཕན་པ་དང་སྤྱི་ཚོགས་ཀྱི་རིམ་པའི་ཐོག་ནས་བཤད་ན། དེས་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་གལ་འགངས་ཆེ་བའི་གཞན་དང་མཉམ་དུ་བཟང་ཕྱོགས་ཀྱི་འབྲེལ་ལམ་སྐྲུན་ཚུལ་སྦྱོང་བར་ཕན་གྱི་ཡོད། གོ་ལ་སྤྱིའི་བཟང་སྤྱོད་རྣམ་གཞག་གིས་ལས་འགན་གཙོ་བོ་ཞིག་སྒྲུབ་ཀྱི་ཡོད།
དེ་ལྟ་བུའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་ང་ཚོར་ག་ནས་རག་གི་ཡོད་དམ། དེ་དག་ནི་ཆོས་ལུགས་དང་མ་འབྲེལ་བའི་འབྱུང་ཁུངས་ཁག་ནས་རག་ཐུབ། དཔེར་ན། ལྟ་གྲུབ་སྨྲ་བ་ཨ་རིས྄་ཊོ་ཊལ་ (Aristotle) དང་འགོ་ཁྲིད་པ་ཇཽན་ ཨེ་ཧྥ་ ཁེ་ནེ་ཌི་ (John F. Kennedy) ལྟ་བུ་རེད། ཇཽན་ ཨེ་ཧྥ་ ཁེ་ནེ་ཌིས། “རྒྱལ་ཁབ་ཀྱིས་ཁྱེད་ལ་གང་བྱེད་ཐུབ་ཀྱི་ཡོད་སྐོར་མི་འདྲི་བར། ཁྱེད་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་གང་བྱེད་ཐུབ་པའི་སྐོར་འདྲི་དགོས་” ཞེས་གསུངས་ཡོད། ང་ཚོས་དེ་དག་ཆོས་ལུགས་ཁག་ནས་ཀྱང་རག་ཐུབ། མི་འགའ་ཞིག་གིས་ཆོས་ལུགས་ཀྱིས་མི་རྣམས་དབྱེ་འབྱེད་ཁོ་ན་བྱེད་ཀྱི་ཡོད་ཅེས་རྩོད་གླེང་བྱེད་སྲིད། ང་ཚོས་ཆོས་ལུགས་ལ་རྣམ་པ་གཉིས་ཡོད་པ་དེ་ཤེས་དགོས་ཏེ། ཆོས་ལུགས་ནས་ཆོས་ལུགས་བར་མི་འདྲ་བའི་ལྷ་ཆོས་རིག་པ་ཞིག་དང་ཆོས་ལུགས་ཚང་མའི་ནང་ཐུན་མོང་དུ་ཡོད་པའི་བཟང་སྤྱོད་ཀྱི་ལམ་ལུགས་བཅས་གཉིས་ཡོད། ང་ཚོར་དེ་དག་ཐམས་ཅད་ལས་སོ་སོའི་མི་ཚེའི་རྩ་འཛིན་རྣམས་ཐོབ་ཀྱི་ཡོད་པ་སོང་ཙང་། ངོས་ནས་ཆོས་ལུགས་ཀྱིས་ཀྱང་གོ་ལ་སྤྱིའི་ལག་ལེན་དངོས་ཀྱི་བཟང་སྤྱོད་གོ་རིམ་ངེས་ཅན་དུ་སྒྲིག་པ་ལ་འགན་འཁྲི་ཡོད་ཅེས་ཞུ་རྒྱུ་ཡིན།
མཽ་ལ་ན་ ཝ་ཧི་དུདྡིན་ཁཱན་ (Maulana Wahiduddin Khan) གྱིས་རྩ་འཛུགས་གནང་བའི་ཞི་བདེ་དང་ཆོས་ཕྱོགས་ཀྱི་བསྟི་གནས་ཁང་དུ་མཽ་ལ་ན་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་བདུན་ནང་གཟའ་མཇུག་སྐབས་འཛིན་གྲྭའི་ནང་སློབ་ཁྲིད་གནང་དང་གནང་མུས་ཀྱི་ལག་ལེན་དངོས་ཀྱི་བཟང་སྤྱོད་རྣམ་གཞག་ཆེད་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་དཔེ་གཞི་ཞིག་འཛུགས་སྐྲུན་བྱས་ཡོད། ང་ཚོས་ཐོག་མར་རྩ་འཛིན་དེ་དག་རང་སོ་སོའི་ཆེད་དུ་ལག་བསྟར་བྱས་ཤིང་། དེ་ནས་དེ་དག་གི་སྐོར་གཞན་ལ་བཤད་མཁན་གྱི་མི་ཚེའི་ཤེས་ཡོན་སློབ་སྟོན་པ་སྟོང་ཕྲག་མང་པོ་གྲ་སྒྲིག་བྱས་ཡོད། དེ་ནི་དགེ་རྒན་ཚོས་བྱེད་དགོས་ངེས་ཤིག་རེད། ཁོང་ཚོས་ཐོག་མར་རྩ་འཛིན་དེ་དག་སོ་སོའི་སྟེང་དུ་ལག་བསྟར་བྱས་ཏེ་མུ་མཐུད་ནས་བྱེད་དགོས་པ་དང་དེ་ནི་མི་ཚེ་ཧྲིལ་པོའི་རྒྱུད་རིམ་ཞིག་ཆགས་ཀྱི་ཡོད། ང་ཚོས་འགོ་བཙུགས་ནས་མུ་མཐུད་སྐྱོད་པའི་སྐབས་སུ་སློབ་ཕྲུག་ཚོས་རྩ་འཛིན་དེ་དག་གཅིག་མཚུངས་ལག་བསྟར་བྱེད་པའི་ཆེད་རོགས་རམ་བྱེད་དགོས།
ང་ཚོས་གང་ཞིག་རྩ་འཛུགས་བྱས་ཡོད་པ་ནི་དཀའ་ངལ་སེལ་ཐབས་ཤིག་རེད། ངོས་ནས་དེང་དུས་འཛམ་གླིང་ནང་ཞི་བདེ་ཇི་ལྟར་སྐྲུན་དགོས་པའི་ཐད་ལ་ཉམས་ཞིབ་བྱས་པ་དང་སྒེར་སོ་སོ་འཚེ་མེད་ཞི་བའི་མི་ཚེ་སྐྱེལ་སྟངས་ཀྱི་ཕྱོགས་སུ་ཁ་སྒྱུར་དགོས་པ་དེ་རྟོགས་སོང་། འདི་འདྲ་ཞིག་བྱུང་བའི་སྐབས་ཁོང་ཚོ་རྣམ་དཔྱོད་ཀྱི་སྒོ་ནས་ཡར་རྒྱས་ཅན་ཆགས་པ་དང་། ཞི་བདེ་དང་ལྡན་པ། དེ་བཞིན་སྤྱི་ཚོགས་ནང་ཞི་བདེ་དང་། ཡར་རྒྱས། འཕེལ་རྒྱས་བཅས་ལ་མཐུན་རྐྱེན་སྦྱོར་མཁན་ཆགས་ཀྱི་ཡོད། འདིས་རྒྱལ་སྤྱིའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་གཏོང་གི་ཡོད།
དེ་ལྟར་སྒྲུབ་པར་ང་ཚོས་མིའི་རང་གཤིས་གོང་འཕེལ་གྱི་ལས་རིམ་ཞིག་རྩ་འཛུགས་བྱས་ཡོད། དེ་ལས་ངོས་ནས་རྩ་འཛིན་ཁག་གཙོ་བོ་གསུམ་རྣམ་པ་ཚོ་ལ་ཞུ་འདོད་བྱུང་། རྩ་འཛིན་དེ་དག་ཆོས་དང་འཇིག་རྟེན་གཉིས་ཀའི་བཟང་སྤྱོད་ཀྱི་རྣམ་གཞག་ནས་ཟུར་འདོན་བྱས་པ་ཞིག་རེད། དེ་ཡང་།
༡༽ བཟང་ཕྱོགས་ཀྱི་བློའི་འཁྱེར་སོ།
དང་པོ་དེ་བཟང་ཕྱོགས་ཀྱི་ཀུན་སློང་ངམ་བཟང་ཕྱོགས་ཀྱི་བློའི་འཁྱེར་སོ་དེ་རེད། འདི་དང་འབྲེལ་བའི་སྒྲུང་ཞིག་ཞུས་ན། སྔོན་བཙོན་ཁང་ཞིག་གི་ནང་མི་གཉིས་ཡོད་པ་དང་དེ་གཉིས་ཀྱིས་བཙོན་རའི་རྒྱབ་ནས་སྒེའུ་ཁུང་བརྒྱུད་ཕྱི་ལོགས་སུ་བལྟ་བཞིན་ཡོད། མི་གཅིག་གིས་འདམ་བག་ཁོ་ན་མཐོང་བ་དང་གཞན་དེས་སྐར་མ་མཐོང་གི་ཡོད། འདིའི་དོན་ནི་མི་མི་འདྲ་བ་གཉིས་གནས་སྟངས་གཅིག་གི་ནང་ཡོད་ནའང་། ང་ཚོས་ངན་ཕྱོགས་ཀྱི་བློའི་འཁྱེར་སོ་ལ་བརྟེན་ནས་འདམ་བག་མཐོང་བར་བྱེད་ཆོག་པའམ། ཡང་ན་ང་ཚོས་གནས་སྟངས་དེས་སྦྱིན་པའི་གོ་སྐབས་དེའང་ལེན་ཆོག ང་ཚོས་ལྟ་ཚུལ་ཇི་ཙམ་མང་བ་གོང་འཕེལ་གཏོང་བ་དེས་གོ་སྐབས་སྣ་ཚོགས་པ་མཐོང་བར་ཕན་གྱི་ཡོད།
༢༽ བཟང་ཕྱོགས་ཀྱི་སྤྱོད་ལམ།
གཉིས་པ་དེ་བཟང་ཕྱོགས་ཀྱི་སྤྱོད་ལམ་དེ་རེད། ཆོས་ལུགས་ཚང་མའི་ནང་བཟང་སྤྱོད་རྣམ་གཞག་གི་གཞི་རྩའི་སྒྲིག་ཁྲིམས་ཤིག་ཡོད་པ་རེད། ཡེ་ཤུའི་ཆོས་ལུགས་ལ་ཆ་བཞག་ན། “གཞན་གྱིས་ཁྱེད་ལ་བརྩི་ཐང་འདི་འདྲ་ཞིག་བྱས་ན་བསམ་པ་ཇི་བཞིན་ཁྱེད་ཀྱིས་ཀྱང་གཞན་ལ་དེ་ལྟར་བརྩི་ཐང་བྱེད་དགོས་” ཞེས་གསུངས་ཡོད། དེ་ནི་ང་ཚོས་གཞན་ཕྱོགས་ནས་སྤྱོད་ལམ་གང་འདྲ་ཞིག་རེ་བ་བྱེད་ཀྱི་ཡོད་པ་དེ་ཏག་ཏག་ང་ཚོས་ཤེས་ཞེས་པའི་དོན་རེད། ང་ཚོ་ལ་བཟང་སྤྱོད་ཀྱི་སྒྲིག་ཁྲིམས་ཧ་ཅང་མང་པོ་ཞིག་བསླབ་མི་དགོས་པར། གཞན་གྱིས་ང་ཚོར་སྤྱོད་ཚུལ་འདི་འདྲ་ཞིག་བསྟན་ན་བསམ་པའི་འདོད་འདུན་ཡོད་པ་ནང་བཞིན་ང་ཚོས་ཀྱང་དེ་དང་གཅིག་མཚུངས་སུ་སྤྱོད་ཚུལ་སྟོན་རྒྱུ་དེ་རེད། ང་ཚོས་གཞན་ལ་སྦྱིན་པ་གཏོང་འགོ་བཙུགས་པ་དང་སྦྱིན་པ་གཏོང་བ་དེའི་ལན་དུ་ཚུར་ལའང་གཅིག་རག་གི་ཡོད་པ་དེ་ཤེས་ཀྱི་ཡོད། ང་ཚོ་ལ་སོ་སོའི་ཐོབ་ཐང་དང་འགྲོ་བ་མིའི་རིགས་ཀྱི་རང་གཤིས་སོགས་དེ་དག་ཐམས་ཅད་ཐོབ་ཀྱི་ཡོད།
༣༽ ཞི་བདེ་དང་འཚེ་བ་མེད་པ།
ངོས་ནས་ཉམས་ཞིབ་བྱེད་པ་ལ་གཞིགས་ན། བཟང་སྤྱོད་ཀྱི་རྣམ་གཞག་ཡོད་དོ་ཅོག་གི་སྙིང་པོ་ནི་ཞི་བདེའི་ནང་བསྡུས་ན་ཆོག འདི་ནི་གདུང་སེམས་མཉམ་སྐྱེད་དང་། གུས་ཞབས། བཟོད་གསོལ་ལྟ་བུ་མི་ཚེའི་ནང་གི་བཟང་ཕྱོགས་ཀྱི་རྩ་འཛིན་ཐམས་ཅད་ཀྱི་གདུགས་ཀྱི་རྒྱ་ཕིབས་ཤིག་རེད། འདི་ལྟར་དེ་དག་ཐམས་ཅད་ཞི་བདེ་དང་འཚེ་བ་མེད་པའི་གདུགས་ཀྱི་འོག་ཏུ་བསྡུ་ཆོག ང་ཚོས་རྩ་འཛིན་དེ་དག་བེད་སྤྱོད་དང་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་པའི་སྐབས། སོ་སོ་རང་ཉིད་ཡར་རྒྱས་གོང་འཕེལ་གཏོང་བ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་ནང་དུའང་ཡར་རྒྱས་གོང་འཕེལ་ཡོང་བར་མཐུན་རྐྱེན་སྦྱོར་མཁན་ཆགས་ཀྱི་ཡོད།
གལ་ཏེ་སློབ་ཕྲུག་ཚོ་དང་མཉམ་དུ་དགེ་རྒན་ཚོས་ཀྱང་དེ་འདྲ་བའི་ལས་རིམ་ཁག་དང་ལེན་བྱས་ན། དེ་ནི་དངོས་གནས་ཕན་ཐོགས་ཅན་ཞིག་རེད་བསམ་གྱི་འདུག ར་མ་ནུ་ཇན་མཐོ་སློབ་ (Ramanujan College) ནས་ང་ཚོར་བསླབ་གཞིའི་དཔེ་མཚོན་དེ་དག་དགེ་རྒན་དང་སློབ་ཕྲུག་ཚོའི་ཆེད་དུ་དང་ལེན་བྱེད་པའི་གོ་སྐབས་ཤིག་སྤྲད་ཟིན་པ་དང་དེ་ཧ་ཅང་འགྲུབ་འབྲས་ལྡན་པ་བྱུང་ཡོད། དེ་མུ་མཐུད་ནས་རྒྱུན་སྐྱོང་བར་ཞི་བདེ་དང་ཆོས་ཕྱོགས་ཀྱི་བསྟི་གནས་ཁང་ནས་སློབ་གྲྭ་ཁག་གི་ཆེད་དུ་ “ང་ཚོ་སྟེ། འཚོ་བཞིན་པ་” ཞེས་པའི་ང་ཚོའི་སློབ་ཚན་ལྟ་བུ་གཏན་འབེབས་བྱས་ཡོད་པ་དང་། དེ་ལ་སློབ་དེབ་དང་། ཉམས་ཞིབ་ཀྱི་རྒྱུ་ཆ་ཁག དེ་བཞིན་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་དུ་དགེ་རྒན་ཚོའི་རྒྱུ་ཆ་ཁག་བཅས་ཡོད་པ་རེད། མཐོ་སློབ་ཁག་དང་དེའི་དཀྱིལ་འཁོར་གྱི་ཆེད་དུ་ང་ཚོས་ “འཚེ་མེད་ཞི་བའི་མི་ཚེ་སྐྱེལ་སྟངས་” དང་འབྲེལ་བའི་སློབ་ཚན་གཏན་འབེབས་བྱས་ཡོད་པ་དང་དེ་ནི་ར་མ་ནུ་ཇན་གྱི་མཐོ་སློབ་ཏུ་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད། སྒེར་སོ་སོ་དང་སྤྱི་ཁྱབ་ཀམ་པ་ཎིའི་མཐོ་སློབ་ཕྱི་རོལ་གྱི་ཡན་ལག་ཁག་གི་ཆེད་དུ་ང་ཚོས་ “མི་ཚེ་བཟང་པོའི་ལས་རིམ་” ཞེས་པ་འགོ་འཛུགས་བྱེད་ཀྱིན་ཡོད། ལས་རིམ་དེ་དག་བརྒྱུད་ང་ཚོས་དེ་དག་འཛམ་གླིང་ནང་དང་ལེན་བྱེད་འདོད་ཡོད། ང་ཚོས་རྒྱ་གར་གྱི་ས་ཁུལ་གང་སར་བསྟི་གནས་ཁང་འཛུགས་སྐྲུན་བྱས་ཡོད། རྒྱལ་སྤྱིའི་ཐོག་ནས་ང་ཚོས་དེ་དག་དྲྭ་ཐོག་ཏུ་བཞག་ནས་དེར་ཡོད་བསྟི་གནས་ཁང་དང་མི་ཚེའི་ཆེད་དུ་ཤེས་ཡོན་སློབ་སྟོན་པ་ཚོས་མུ་མཐུད་ནས་རྒྱུན་སྐྱོང་ཐུབ་པར་བྱེད་ཀྱི་ཡོད། དེ་ནི་མི་ཚེའི་ནང་ཤེས་ཡོན་སློབ་སྟོན་པ་དང་བཟང་སྤྱོད་ཀྱི་རྣམ་གཞག་ལམ་སྟོན་པ་གོང་འཕེལ་གཏོང་བའི་གོམ་པ་ཆུང་ངུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། འདི་ལྟར་ང་རང་ཚོ་སོ་སོ་རང་ཉིད་རྣམ་དཔྱོད་ཀྱི་ཆ་ནས་གོང་འཕེལ་འགྲོ་ཐུབ་པ་དང་ཡར་རྒྱས་དང་གོང་འཕེལ་ལ་ཡང་དག་པའི་མཐུན་རྐྱེན་སྦྱོར་མཁན་ཞིག་ཆགས་ཐུབ།།