གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་གང་དག་རེད་དམ།

Uv what are universal values

གོ་ལ་སྤྱིའི་བཟང་སྤྱོད་ཀྱི་གོ་དོན།

ང་ཚོར་གོ་ལ་སྤྱིའི་བཟང་སྤྱོད་ཟེར་བའི་ཐ་སྙད་འདི་ཅིའི་ཕྱིར་ཡོད་དམ། གོ་ལ་སྤྱི་ཟེར་བ་འདི་ལ་ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་ཚང་མས་ཁས་ལེན་བྱེད་ཐུབ་པའི་ཐུན་མིན་གྱི་གོ་དོན་ཞིག་ཡོད། མི་ཞིག་ཧིནྡུའི་ཆོས་ལུགས་དང་། ཁ་ཆེ། ཡེ་ཤུ། ནང་པ། འཇིའུ། གཅེར་བུ་བ་སོགས་གང་ཡིན་རུང་དེ་དག་གི་རིན་ཐང་རྣམས་ཁས་ལེན་བྱེད་ཆོག་པ་ཡིན། ཚན་རིག་པ་ཡིན་ན་འདྲ་ཚན་རིག་པ་མིན་ནའང་འདྲ། ཤེས་ཡོན་ཅན་ཡིན་ན་འདྲ། ཤེས་ཡོན་ཅན་མིན་ནའང་འདྲ་སྟེ། མི་ཚང་མས་རིན་ཐང་དེ་དག་ཁས་ལེན་བྱེད་ཆོག་པ་དང་། དེ་དག་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་ཆེད་དུ་ཁས་ལེན་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཡིན་པར་བལྟ་དགོས། དེ་ནི་གོ་ལ་སྤྱིའི་ཆ་ཤས་དེ་རེད། བཟང་སྤྱོད་ཀྱི་རྣམ་གཞག་ནི་དེ་ལ་འཇུག་པའི་སྒོ་ནས་བྱ་སྤྱོད་སྤེལ་སྟངས་ཤིག་ཡིན་པ་དང་། དེས་རང་ཉིད་མི་སྐྱིད་པོ་ཞིག་ཏུ་སྐྲུན་པ་དང་གཞན་གྱི་བདེ་སྐྱིད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྤྱི་ཚོགས་མི་སྡེ་དེ་སྐྱིད་པོ་ཆགས་པའི་སྐབས། སོ་སོ་རང་ཉིད་ཀྱང་སྐྱིད་པོ་ཆགས་ཀྱི་ཡོད། དེ་གཉིས་པོ་མཉམ་སྡེབ་བྱས་པ་ནི་གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་རེད། 

“འགྲོ་བ་མི་ནི་འཇིག་རྟེན་ཁྱོན་ཡོངས་ཞེས་སུ་གྲགས་པ་དེའི་ཆ་ཤས་ཤིག་ཡིན་པ་དང་། ཆ་ཤས་དེ་ནི་དུས་དང་ཕྱོགས་ཀྱི་ཚད་བཀག་ཡོད་པ་ཡིན། ཁོང་གིས་རང་གིས་རང་ཉམས་སུ་མྱོང་གི་ཡོད། ཁོང་གི་བསམ་བློ་དང་ཚོར་བ་རྣམས་གཞན་དང་ལོགས་སུ་ཡོད་པ་ལྟ་བུ་དང་། དེ་ནི་ཁོང་གི་རྣམ་ཤེས་ཀྱི་མཐོང་རིག་གི་འཁྲུལ་སྣང་ལྟ་བུ་ཞིག་ཡིན། འཁྲུལ་སྣང་དེ་ནི་ང་ཚོར་བཙོན་ཁང་ལྟ་བུ་རེད། དེས་ང་ཚོས་རང་སོ་སོ་སྒེར་གྱི་འདོད་པ་ལ་དམ་བསྒྲགས་བྱེད་པ་དང་རང་ཉིད་ལ་ཉེ་ཤོས་ཀྱི་མི་འགའ་ཞིག་ལ་བརྩེ་སེམས་ཡོད་པ་རེད། ང་ཚོའི་ལས་ཀ་ནི་སྲོག་ལྡན་གྱི་སེམས་ཅན་དང་རང་འབྱུང་ཁམས་ཡོངས་སུ་རྫོགས་པ་དེའི་མཛེས་སྡུག་གི་ནང་དུ་བསྡུ་བའི་ཕྱིར་སྙིང་རྗེའི་དཀྱིལ་འཁོར་འདི་རྒྱ་སྐྱེད་གཏོང་བའི་སྒོ་ནས་ང་ཚོ་དེ་ལས་ཐར་བར་བྱེད་དགོས་པ་དེ་རེད།” ཅེས་ཨལ་བྷརྚ་ ཨ་ཡིནྶ་ཊཱ་ཡེན་ (Albert Einstein) གྱིས་གསུངས།

ཨ་ཡིནྶ་ཊཱ་ཡེན་གྱིས་ང་ཚོས་ཉམས་སུ་མྱོང་བའི་དཀའ་ངལ་ཚང་མ་ནི། དོ་བདག་རང་ཉིད་ཀྱིས་བཙོན་དུ་བཅུག་པའི་ཧ་ཅང་བསམ་བློ་གུ་དོག་པོ་དང་། སོ་སོ་རང་ཉིད་དང་རང་གི་ནང་གི་དཀྱིལ་འཁོར་ཆུང་ཆུང་དེ་ཁོ་ནར་བསམ་བློ་བཏང་ནས་འཇིག་རྟེན་ལྷག་མའི་དོན་དེ་དྲན་པ་བརྗེད་པ་ལ་བརྟེན་ནས་འབྱུང་གི་ཡོད་ཅེས་བརྗོད་ཀྱི་ཡོད། དེ་ཅིའི་ཕྱིར་ཡིན་ནམ། དེའི་རྒྱུ་མཚན་ནི་ང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ཅིང་འབྲེལ་ནས་ཡོད་པས་རེད། ང་ཚོ་བཙོན་ཁང་འདི་ནས་ཇི་ལྟར་ཐར་ཐུབ་བམ། དེ་ལ་ཁོང་གིས། ང་ཚོས་གཞན་རྣམས་ཐེ་བའི་ཆེད་སྙིང་རྗེའི་དཀྱིལ་འཁོར་དེ་རྒྱ་སྐྱེད་གཏོང་དགོས་ཤིང་། གལ་ཏེ་གཞན་གྱིས་ང་ཚོའི་ཆེད་དུ་ཁོང་ཚོའི་སྙིང་རྗེའི་དཀྱིལ་འཁོར་དེ་རྒྱ་སྐྱེད་བཏང་ན། ང་ཚོ་ཚང་མ་སྐྱིད་པོ་ཡོང་ངེས་རེད་ཅེས་གསུང་གི་ཡོད། འདི་འདྲ་ཞིག་ཨ་ཡིནྶ་ཊཱ་ཡེན་གྱིས་སེམས་སྐུལ་གནང་བཞིན་ཡོད།

བཟང་སྤྱོད་ཀྱི་རྣམ་གཞག་ཉམས་ལེན་བྱེད་དགོས་དོན་གང་རེད་དམ།

བཟང་སྤྱོད་ནི་རྣམ་དཔྱོད་ལ་བརྟེན་ནས་བྱེད་པའི་འགྲོ་བ་མའི་ལས་ཡིན་པ་དང་། དེས་མི་སྒེར་དང་དེ་ལས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ནང་ཞི་བདེ་དང་། འཆམ་མཐུན། བདེ་སྐྱིད་ཆེ་བ་འདྲེན་པར་བྱེད་ཀྱི་ཡོད། མི་ཞིག་བདེ་སྐྱིད་མྱོང་ན་འདྲ་སྡུག་བསྔལ་མྱོང་ནའང་འདྲ་སྟེ། ང་ཚོས་དེ་ནི་སོ་སོའི་ལས་ཀྱི་འབྲས་བུ་ཡིན་པར་བལྟ་ཆོག་ལ། དེ་ནི་ང་ཚོས་གང་རྙེད་ཐབས་བྱེད་པའི་ལྷན་སྐྱེས་ཀྱི་རང་བཞིན་རེད། ལས་ཚང་མ་ང་ཚོའི་བསམ་བློ་དང་སེམས་ཚོར་གྱིས་ཁ་ལོ་བསྒྱུར་གྱི་ཡོད། བཟང་སྤྱོད་མིན་པའི་བསམ་བློ་ལ་བརྟེན་ནས་དེང་དུས་འཛམ་གླིང་འདིའི་ནང་ང་ཚོས་མཐོང་བའི་འབྲས་བུ་ཡིད་དུ་མི་འོང་བ་རྣམས་འབྱུང་བར་བྱེད་ཀྱི་ཡོད། འདི་ནི་ང་ཚོས་གཤམ་འོག་གི་གནད་དོན་གསུམ་པོའི་ཁྲོད་ཀྱི་རྒྱུའི་འབྲེལ་བ་མ་ནོར་བ་ཞིག་རྟོགས་མ་ཐུབ་པའི་རྐྱེན་གྱིས་རེད། དེ་ཡང་།

  • བསམ་བློ་དང་སེམས་ཚོར།
  • ང་ཚོའི་ལས།
  • དེ་ལས་བདེ་སྐྱིད་དམ་ཡང་ན་གདུང་བའི་རྣམ་པར་བྱུང་བའི་རྗེས་འབྲས།

ང་ཚོར་བདེ་སྐྱིད་རྙེད་ཐབས་ཀྱི་ཡིད་སྨོན་དེ་ཡོད་སྲིད་ནའང་། བསམ་བློའི་སྡེ་ཚན་ཞིག་གིས་ཁ་ལོ་སྒྱུར་ནས་ང་ཚོ་སྡུག་བསྔལ་ཁོ་ན་འབྱུང་བར་བྱེད་པའི་ལས་ཀྱི་ནང་ཐུར་མཆོང་རྒྱག་གི་ཡོད། དེར་བརྟེན་རྣམ་ཤེས་ཟེར་བ་དེ་གང་ཡིན་པ་དང་། བསམ་བློ་དང་སེམས་ཚོར་རྣམས་གང་ཡིན་པ། དེ་ནས་མཐར་ཐུག་བསམ་བློ་དེ་དག་དང་རྣམ་ཤེས་ཀྱི་རིགས་དེ་དག་གིས་ང་ཚོའི་ལས་ལ་དབང་སྒྱུར་བྱས་ནས་འབྲས་བུ་ངེས་ཅན་ཞིག་འབྱུང་བར་བྱེད་པའི་ཐབས་ལམ་རྣམས་གང་ཡིན་པའི་ཐད་ང་ཚོར་རྒྱུས་མངའ་མ་ནོར་བ་དགོས་ཀྱི་ཡོད། དེ་ལྟར་བྱུང་ན། ང་ཚོས་ལས་ལ་མཐུན་རྐྱེན་སྦྱོར་བའི་སྒོ་ནས་དེས་གང་འདོད་ཀྱིས་འབྲས་བུ་འབྱུང་བར་བྱེད་པ་དང་། ང་ཚོའི་ལས་ངན་བྱེད་པའི་སེམས་ཀྱི་སྡེ་རྣམས་སྤོང་བའི་བློའི་ཁྱེར་སོ་དེ་དག་གསོ་སྐྱོང་བྱེད་པར་རྣམ་དཔྱོད་དང་ལྡན་པ་ཆགས་ངེས་རེད། འདི་ནི་བཟང་སྤྱོད་ཡིན་པ་དང་བཟང་སྤྱོད་ཀྱི་རྩ་དོན་ཡོངས་རྫོགས་ལ་གང་གིས་ནན་བརྗོད་བྱེད་ཀྱི་ཡོད་པ་ནི་སྙིང་རྗེ་རེད། 

བདེ་སྐྱིད་དང་སྡུག་བསྔལ་དེ་གང་གིས་འབྱུང་བར་བྱེད་པ་ནི་ང་ཚོའི་སེམས་རེད། དེ་ཡང་ད་དུང་ཁ་ལོ་སྒྱུར་བའི་སེམས་ཚོར་དང་སེམས་ཚོར་གྱི་རྐྱེན་རྣམས་ལ་རག་ལུས་ཡོད། སེམས་ཚོར་གྱིས་ང་ཚོའི་བསམ་བློར་ཁ་ལོ་སྒྱུར་བ་དང་བསམ་བློས་ང་ཚོའི་བྱ་སྤྱོད་ལ་ཁ་ལོ་སྒྱུར་གྱི་ཡོད། ང་ཚོའི་བདེ་སྐྱིད་ཀྱི་རྒྱུ་བྱེད་པའི་སེམས་ཚོར་རྣམས་ནི་དགེ་བའི་སེམས་ཚོར་རྣམས་རེད། སྤྱི་ཡོངས་ཀྱི་གོ་དོན་ལྟར་བྱས་ན། ང་ཚོས་ “སྡིག་པའི་གཙོ་བོའམ་” གཙོ་བོ་འདི་དང་དེ་ཞེས་པའི་སྐོར་ཤོད་མི་ཐུབ། ང་ཚོས་སྤྱི་ཡོངས་ཀྱི་ཐོག་ནས་སྐད་ཆ་ཤོད་དགོས། སྤྱི་ཡོངས་ཀྱི་ཆ་ནས་བཅོས་མིན་གྱི་བདེ་སྐྱིད་དེ་གང་ལ་བརྟེན་ནས་འབྱུང་གི་ཡོད་ཅེ་ན། དེ་ནི་དགེ་བའི་སེམས་ཚོར་ལས་འབྱུང་གི་ཡོད་པ་དང་། སྡུག་བསྔལ་དེ་གང་ལ་བརྟེན་ནས་འབྱུང་གི་ཡོད་ཅེ་ན། མི་དགེ་བའི་སེམས་ཚོར་ཉོན་མོངས་དག་ལས་འབྱུང་གི་ཡོད་ཅེས་ང་ཚོས་བརྗོད་ཆོག །ང་ཚོས་དེ་དག་གི་སྐོར་ལ་སེམས་ཀྱི་ས་ཁྲའི་ཆ་ཤས་ལྟ་བུར་སློབ་སྦྱོང་བྱེད་དགོས་པ་དང་། མི་རྣམས་ལ་ས་ཁྲ་དེ་འདྲ་ཞིག་གི་ཐོག་ནས་སྦྱོང་བརྡར་སྤྲོད་དགོས། 

སློབ་གྲྭའི་ལམ་ལུགས་ནང་གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་སློབ་ཁྲིད།

ང་ཚོས་སྒེར་དང་སྤྱི་ཚོགས་མི་སྡེའི་ཆེད་དུ་དོན་སྙིང་ལྡན་པ་གང་ཡིན་པའི་སྐོར་མི་རྣམས་ལ་སེམས་ཚོར་སྐྱེན་པོ་ཇི་ལྟར་བཟོ་ཐུབ་བམ། བཟང་སྤྱོད་ཀྱི་རྣམ་གཞག་བྱེད་པོ་དཀོན་མཆོག་ལ་འཇིགས་སྣང་ཡོད་པར་གཞི་བྱས་པ་ཞིག་ཡོད། ཡང་དཀོན་མཆོག་ལ་ཡིད་ཆེས་མེད་ཀྱང་། ལས་ལ་ཡིད་ཆེས་ཡོད་པ་ཚོས་ལས་ལ་གཞི་བྱས་ནས་སྤྱོད་ལམ་ཚུལ་བཞིན་བྱ་རྒྱུར་གཟབ་ནན་བྱེད་དགོས་ཞེས་བསམ་གྱི་ཡོད། འོན་ཀྱང་ད་དུང་ཡང་དཀོན་མཆོག་དང་ལས་གཉིས་ཀར་ཡིད་མི་ཆེས་མཁན་ཡོད། དཀོན་མཆོག་དང་ལས་ཀྱི་བསམ་བློ་དེ་མེད་པའི་སྒོ་ནས་ང་ཚོས་བཟང་སྤྱོད་ནི་དང་དུ་ལེན་དགོས་པ་ཞིག་རེད་ཅེས་མི་རྣམས་ཇི་ལྟར་ཡིད་ཆེས་རྙེད་པ་བྱེད་ཐུབ་བམ། དེའི་ཆེད་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཤམ་གྱི་དོན་ཚན་གསུམ་གསུངས་ཡོད་དེ། 

  • ཐུན་མོང་གི་ཉམས་མྱོང་།
  • སྤྱིར་བཏང་གི་བསམ་ཤེས།
  • ཚན་རིག་གི་རྙེད་དོན།

དེ་དག་གཞིར་བྱས་ནས་༧གོང་ས་མཆོག་ནས་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་ནང་། གོ་ལ་སྤྱིའི་བཟང་སྤྱོད་སློབ་ཁྲིད་བྱེད་པར། རིམ་པ་གསུམ་གྲོས་འཆར་བཏོན་མཛད་ཡོད།
ཆོས་ལ་ཡིད་ཆེས་ཡོད་མཁན་ཡིན་ན་འདྲ་ཆོས་ལ་ཡིད་ཆེས་མེད་མཁན་ཡིན་ནའང་འདྲ་སྟེ། ཐོན་མོང་གི་ཉམས་མྱོང་ལ་གཞི་བྱས་ནས་སློབ་ཁྲིད་བྱེད་པའི་དཔེ་མཚོན་ནི། ཆུང་བྱིས་པ་ཕྲུ་གུ་མ་འབྱར་སྐབས་ནས་རང་གི་ཨ་མས་ནུ་མ་བསྣུན་ཡོད་པ་དེ་རེད། འདི་ཐུན་མོང་གི་ཉམས་མྱོང་ཞིག་ཡིན་པ་དང་། འདི་ལ་ཆོས་དད་དང་ལྟ་གྲུབ་གང་ཡང་མེད། འདི་ནི་ང་ཚོ་ཚང་མར་ཐོབ་པའི་ཨ་མའི་བྱམས་པ་དང་བརྩེ་སེམས་གཙང་མ་དེ་རེད། བྱམས་པ་དང་བརྩེ་སེམས་འདིས་ཨ་མ་དང་ཕྲུ་གུ་གཉིས་ལ་ཕན་ཚུན་ཡིད་ཆེས་དང་གདེང་ཚོད་སྦྱིན་གྱི་ཡོད་པ་དང་། གཞན་ཚང་མ་ཡལ་འགྲོ་གི་ཡོད། ཉོན་མོངས་པ་རྣམས་འབྱུང་བ་དང་འཛམ་གླིང་ནང་གི་རྙོག་ཟིང་ཚང་མའང་ཡལ་འགྲི་གི་ཡོད། བྱམས་པ་དང་བརྩེ་སེམས་ཁོ་ན་གནས་ཀྱི་ཡོད། འཇིགས་སྐུལ་རིང་ལུགས་དང་ཕོ་མོ་དབྱེ་འབྱེད། དེ་བཞིན་དབུལ་ཕྱུག་དབར་ཀྱི་ཁྱད་པར་དང་བཅས་པ་ཚང་མ་ཡོད། གང་ཡིན་ཞེ་ན། གཞན་གྱི་ཕྱོགས་སུ་བྱམས་པ་དང་བརྩེ་སེམས་མེད་པ་རེད།

སྤྱིར་བཏང་གི་བསམ་ཤེས་ནི། གལ་ཏེ་མི་ཞིག་བྱམས་སེམས་ཆེ་བ་ཡོད་ན། དེའི་ཉེ་འཁོར་དུ་གྲོགས་པོ་མང་བ་ཡོད་པ། དེ་དག་གིས་རང་ཉིད་ནང་ལྟ་བུ་ཚོར་བ། ཁོང་ཚོའི་ཉེ་འཁོར་དུ་ཡོད་པའི་མི་རྣམས་གཅེན་པོ་དང་གཅེན་མོ་ལྟ་བུ་སྤུན་ཟླའི་འདུ་ཤེས་ཡོད་པ་ང་ཚོས་མཐོང་གི་ཡོད། ང་ཚོས་བྱམས་པ་དང་བརྩེ་སེམས་དེ་གཞན་གྱི་ཕྱོགས་སུ་ཚོར་གྱི་མེད་པའི་སྐབས། ཐ་ན་ང་ཚོས་སོ་སོའི་ནང་དུའང་རང་གི་ནང་ཡིན་པའི་ཚོར་བ་ཡོང་གི་མེད། དེ་ག་ནང་བཞིན་སོ་སོ་རང་ཉིད་ཀྱི་ཕ་མ་སྤུན་མཆེད་རྣམས་ཀྱང་དགྲ་ལྟར་མཐོང་གི་ཡོད། སྤྱིར་བཏང་བསམ་ཤེས་ཀྱི་ལྟ་ཚུལ་ལ་བྱམས་པ་དང་བརྩེ་སེམས་ནི་གོ་ལ་སྤྱིའི་བཟང་སྤྱོད་ཀྱི་ལྕགས་ཀྱུ་ཡིན་པར་ཡིད་ཆེས་རྙེད་དགོས། 

མཐར་ཚན་རིག་གི་རྙེད་དོན་ནི། དཔེར་ན། སྤྲེའུ་རྣམས་ཀྱི་ཕྲུ་གུ་རང་གི་ཨ་མ་དང་ཁ་འབྲལ་བཏང་ནས་ཨ་མའི་བྱམས་སྐྱོང་དེ་ཉམས་སུ་མྱོང་མི་འཇུག་པ་བཟོ་བའི་ཚན་རིག་གི་བརྟག་དཔྱད་ལ་གོ་བ་ཡིན། དེ་ནས་སྤྲེའུ་དེ་དག་འཚར་ལོངས་བྱུང་བའི་སྐབས། ཧ་ཅང་དྲག་ཤུལ་ཅན་ཆགས་ཀྱི་ཡོད། ཁོང་ཚོས་གཞན་དག་དང་མཉམ་དུ་རྩེད་མོ་ཇི་ལྟར་རྩེ་དགོས་པ་ཤེས་ཀྱི་མེད་པར། སོ་སོ་རང་ཉིད་སྲུང་སྐྱོབ་བྱེད་པ་དང་གཞན་དང་མཉམ་དུ་འཐབ་འཛིང་བྱེད་ཀྱི་ཡོད། ཕྱོག་གཞན་ཞིག་ནས་ཨ་མ་དང་མཉམ་དུ་བཞག་པ་རྣམས་ནི་སྐྱིད་པོ་དང་རྩེད་མོར་དགའ་པོ་ཡོད། 

བསམ་བློ་དེ་གསུམ་ལ་གཞི་བྱས་ནས་༧གོང་ས་མཆོག་གིས་བཅོས་མིན་གྱི་བྱམས་པ་དང་བརྩེ་སེམས་ཏེ། གོ་ལ་སྤྱིའི་བཟང་སྤྱོད་ཀྱི་ལྕགས་ཀྱུ་ལྟ་བུ་དེ་ནི་ང་ཚོ་ཚང་མའི་སེམས་ནང་གང་སྐྱེད་པར་བྱ་རྒྱུ་ཡིན་པ་དེ་རེད་ཅེས་ཁུངས་སྐྱེལ་གནང་གི་ཡོད། 

འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གོ་ལ་སྤྱིའི་ངོ་བོ་དེ་འཛིན་པ།

གོ་ལ་སྤྱིའི་བཟང་སྤྱོད་ཀྱི་ངོ་སྤྲོད་ལ་འཕྲད་བཞིན་པའི་དཀའ་ངལ་གཅིག་ནི་ང་ཚོའི་ངོ་བོ་རེད། ང་ཚོས་ “ང་བོད་པ་ཡིན། ང་རྒྱ་མི་ཡིན། ང་ནང་པ་ཡིན། ང་ཧིནྡུ་ཡིན་” ཞེས་བསམ་པའི་སྐབས། སོ་སོ་རང་ཉིད་ཀྱི་ངོ་བོ་དེ་ལ་འདོད་ཆགས་སྐྱེ་བ་དང་གཞན་གྱི་ངོ་བོ་ལ་ཞེ་སྡང་སྐྱེ་བའི་སྐད་ཅིག་དེ་ནི་འབྱུང་ངེས་པ་ཞིག་རེད། འདི་ནི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་ཞིག་དང་གནད་དོན་དོ་གལ་ཅན་ཞིག་རེད། 

མི་སྒེར་པ་གཅིག་ལ་ངོ་བོ་མི་འདྲ་བ་བརྒྱ་ཕྲག་མང་པོ་ཡོད་ཆོག །དཔེར་ན། ངས་ང་རང་མི་ཞིག་ཡིན་ཞེས་བརྗོད་ཆོག་ཀྱང་། དེ་ལ་གཞི་བྱས་ནས་ཕོ་ཡི་ཞེན་འཛིན་རིང་ལུགས་དེ་འབྱུང་གི་ཡོད། ཕོ་ཡི་ཞེན་འཛིན་རིང་ལུགས་ལ་གཞི་བྱས་ནས་མོ་ཡི་ཞེན་འཛིན་རིང་ལུགས་སམ་མོ་ཆོས་རིང་ལུགས་སླེབ་ཀྱི་ཡོད། གལ་ཏེ་ངས་ང་ནང་པ་ཡིན་བསམས་ན། དེ་ནས་ཁྱེད་རང་ཕྱི་པ་ཆགས་ཀྱི་ཡོད། གལ་ཏེ་ང་ཧིནྡུའམ་ཡང་ན་ཁ་ཆེ་ཡིན་ན། ཁྱེད་རང་ཧིནྡུ་མིན་པ་དང་ཁ་ཆེ་མིན་པ་དེ་ཆགས་ཀྱི་ཡོད། གང་ཟག་དེ་རྟོགས་པ་ཚད་མཐོན་པོར་སླེབས་མེད་ན། གལ་གནད་ཆུང་བའི་ངོ་བོ་ལ་རང་གི་ངོ་བོ་གལ་ཆེ་ཤོས་དེ་ཡིན་པར་འཛིན་པའི་ཉེན་ཁ་དང་འདོད་ཕྱོགས་ཤིག་ཡོད་པ་རེད། ལྟ་བ་མཁྲེགས་འཛིན་རིང་ལུགས་དང་རྨང་བཅོས་རིང་ལུགས་སོགས་ཚང་མ་འབྱུང་གི་ཡོད། གང་ཡིན་ཞེ་ན། གལ་གནད་ཆུང་བའི་ངོ་བོ་ལ་མཆོག་ཏུ་འཛིན་པའི་རྒྱུན་མཚན་གྱིས་རེད། 

ང་ཚོ་ཚང་མས་སོ་སོ་འགྲོ་བ་མི་ཞིག་ཡིན་པར་ཅིའི་ཕྱིར་ངོས་འཛིན་མི་བྱེད་དམ། གལ་ཏེ་ཆ་རྒྱུས་མེད་པའི་མི་ཞིག་སླེབས་ནས་ང་ཚོ་འཛམ་བུ་གླིང་ནས་ཡིན་པའི་རྒྱུ་མཚན་གྱིས་མེ་མདའ་གཞུ་འགོ་བཙུགས་ན། ང་ཚོ་ཚང་མ་འཛམ་བུ་གླིང་འདི་ནས་ཡིན་པའི་ངོ་བོ་དེ་ཡོད་པ་དང་། ང་ཚོ་ཚང་མ་ཆིག་སྒྲིལ་བྱེད་ངེས་རེད། ང་ཚོས་སོ་སོའི་ངོ་བོ་དེ་སྐྲུན་པའི་ཆེད་ཆ་རྐྱེན་གསུམ་པ་ཞིག་ལ་ཅིའི་ཕྱིར་སྒུག་དགོས་སམ། ད་ལྟ་ང་ཚོས་སོ་སོ་རང་ཉིད་ཀྱི་ངོ་བོ་དེ་ཅིའི་ཕྱིར་སྐྲུན་གྱི་མེད་དམ། ངོ་བོ་གང་ཞིག་གིས་ང་ཚོ་དང་འཛམ་གླིང་འདི་སྐྱིད་པ་ཞིག་བཟོ་གི་ཡོད་དམ། འགྲོ་བ་མི་ཞིག་ཡིན་པའི་ངོ་བོ་འཛིན་པར་བརྟེན་ང་ཚོ་སྐྱིད་པ་ཡིན་པ་མཐོང་བ་དང་ང་ཚོས་གཞན་ཚང་མ་རང་གི་གཅེན་པོ་དང་གཅེན་མོའི་འདུ་ཤེས་ཀྱི་སྤུན་ཟླར་མཐོང་གི་ཡོད།།

Top