རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་ནན་ཆེ་བ་བྱེད་པའི་སྐྱོན་ཆ།
བརྩེ་བའི་གཅེན་གཅུང་སྤུན་ཟླ་ཚོ། དེ་རིང་ཁྱེད་རྣམས་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བས་ངོས་རང་ཧ་ཅང་དགའ་པོ་བྱུང་། ངས་མི་རྣམས་ལ་སྐད་ཆ་ཤོད་པའི་སྐབས་གསལ་པོར་ནན་བརྗོད་བྱ་འདོད་པ་ཞིག་ལ། ཐོག་མར་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དྲན་དགོས་པ་ཡིན། དེ་ཡང་དཔེར་ན། “ང་སུད་སིའི་མི་ཡིན།” “ང་ཨི་ཊ་ལིའི་མི་ཡིན།” “ང་ཧྥ་རན་སིའི་མི་ཡིན་” སོགས་བསམ་བློ་གཏོང་མི་ཉན། དེ་བཞིན་ངའི་སྐད་སྒྱུར་བས་རང་ཉིད་ཧྥ་རན་སིའི་མི་ཡིན་པ་དང་། ངས་རང་ཉིད་བོད་མི་ཡིན་ཞེས་བསམ་བློ་གཏོང་རྒྱུ་མེད། དེར་མ་ཟད། ངས་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་བསམ་བློ་གཏོང་མི་རུང་། གང་ཡིན་ཟེར་ན། སྤྱིར་བཏང་ནས་ངས་སྐད་ཆ་ཤོད་སྐབས། མི་ཚེ་སྐྱིད་པོའི་ངང་སྐྱེལ་ཚུལ་དང་། དཀྲོག་རྐྱེན་དང་བར་ཆད་ཉུང་བའི་མི་ཚེ་སྐྱེལ་ཚུལ་བཤད་པ་དེ་ནི་རང་ཉིད་འགྲོ་བ་མི་ཞིག་ཡིན་པར་གཞི་རྩར་བཞག་ནས་ཤོད་ཀྱི་ཡོད།
འཛམ་གླིང་ནང་གི་མི་ཐེར་འབུམ་བདུན་ནང་ནས་གཅིག་ཀྱང་མ་ལུས་པ་ཚང་མས་མི་ཚེ་སྐྱིད་པོ་ཞིག་འདོད་ཅིང་། ཚང་མར་དམིགས་ཡུལ་དེ་སྒྲུབ་པའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། དཔེར་ན། “ང་བོད་པ་ཡིན་” ཞེས་པ་ལྟ་བུའི་རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་ནན་བྱས་ན། བོད་ལྟ་བུ་བྱེ་བྲག་པ་ཞིག་ལ་སེམས་འཁུར་ཆེ་བ་བྱེད་པ་ལྟ་བུ་མཐོང་གི་འདུག །ཡང་ “ང་ནང་པ་ཡིན་” ཞེས་བརྗོད་ན། ནང་པ་གཞན་ཚོར་ཉེ་བའི་ཚོར་བ་ཞིག་སྟེར་གྱི་ཡོད་ནའང་། དེས་རང་འགུལ་གྱིས་ཆོས་ལུགས་གཞན་དག་དང་ཏོག་ཙམ་རྒྱང་ཐག་རིང་པོ་བཟོ་གི་ཡོད།
ལྟ་ཚུལ་དེ་དག་ནི་དོན་དངོས་ཐོག་འདས་པའི་དུས་སུ་ཕྲད་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཕྲད་སྲིད་པའི་དཀའ་ངལ་དང་འགྲོ་བ་མིའི་དྲག་སྤྱོད་ཐེ་བའི་དཀའ་ངལ་གྱི་འབྱུང་ཁུངས་ཡིན། གལ་སྲིད་རང་དང་འདྲ་བར་མི་གཞན་རྣམས་འགྲོ་བ་མིར་བརྩི་འཇོག་བྱས་ན། དྲག་སྤྱོད་དམ་འཚེ་བ་ནམ་ཡང་མི་ཡོང་། དེ་ལྟར་ཕན་ཚུན་གསོད་རེས་བྱེད་དགོས་པའི་རྒྱུ་མཚན་མེད། ཡིན་ནའང་ང་ཚོས། “ངའི་རྒྱལ་ཁབ་” དང་། “ཁོང་ཚོའི་རྒྱལ་ཁབ།” “ཁོང་ཚོའི་ཆོས་ལུགས་” “ང་ཚོའི་ཆོས་ལུགས་” ཞེས་རིམ་པ་གཉིས་པའི་གལ་གནད་ཆུང་བའི་ཁྱད་པར་ཐོག་རིག་པ་བསྒྲིམས་ནས་འགྲོ་བ་མི་རྣམས་གཅིག་ཡིན་པའི་བསམ་བློ་དེ་དྲན་པ་བརྗེད་ན། དེ་ལྟར་ཁྱད་པར་བཟོས་ཏེ་སོ་སོའི་མི་རིགས་དང་ཆོས་ལུགས་ལ་དོ་འཁུར་ཆེ་བ་བྱེད་པ་དང། དེ་ནས་ང་ཚོས་གཞན་གྱི་ཐོབ་ཐང་ལ་བརྩིས་མེད་གཏོང་བ་དང་། གཞན་གྱི་ཚེ་སྲོག་ལ་གུས་བརྩི་མི་བྱེད་པ་ཡིན། དེང་སང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་གཞི་རྟེན་དེ་དག་སྟེ། རིམ་པ་གཉིས་པའི་ཁྱད་པར་ཐོག་དོ་ནན་དང་གལ་གནད་ཤུགས་ཆེ་བ་བྱས་པ་ལས་བྱུང་བ་ཡིན།
ད་ཆ་ང་ཚོར་ཡོད་པའི་ཐབས་དང་གཉེན་པོ་གཅིག་རང་ཡོད་པ་ནི། དེ་ལྟ་བུའི་ས་མཚམས་དང་ཁྱད་པར་མེད་པར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཏུ་རྒྱ་ཆེ་ས་དང་རྒྱུ་མཚན་རིག་པའི་སྒོ་ནས་བསམ་བློ་གཏོང་རྒྱུ་དེ་ཡིན། དཔེར་ན། ངས་གཏམ་བཤད་བྱེད་པའི་སྐབས། གལ་སྲིད་ངས་རང་ཉིད་བོད་ཀྱི་ནང་པ་ཞིག་དང་། ལྷག་པར་དུ་ཏཱ་ལའི་བླ་མ་ཡིན་བསམས་ནས་སྐད་ཆ་བཤད་ན། སྐད་ཆ་ཉན་མཁན་ཚོ་དང་རང་བཞིན་གྱི་ཉེ་བའི་ཚོར་བ་ཞིག་མི་སླེབས་པར་ཐག་རིང་དུ་གཏོང་གི་ཡོད་པས། དེ་ནི་ལྐུགས་རྟགས་རང་ཡིན། གལ་སྲིད་ངས་ཁྱེད་རང་ཚོའི་བདེ་དོན་ལ་བཅོས་མིན་གྱི་སེམས་འཁུར་དང་བཅས་སྐད་ཆ་བཤད་ན། འགྲོ་བ་མི་རྣམས་གཅེན་གཅུང་སྤུན་ཟླ་དང་སོ་སོ་ནང་བཞིན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཤོད་དགོས། དོན་དངོས་ཐོག་ང་ཚོ་ཚང་མ་གཅིག་པ་ཡིན། བསམ་བློའི་ཆ་ནས་དང་། སེམས་ཚོར་གྱི་ཆ་ནས། དེ་ག་ནང་བཞིན་ལུས་པོ་སོགས་གང་གི་ཐད་ནས་བལྟས་ཀྱང་ང་རང་ཚོ་གཅིག་པ་ཡིན། དེ་ལས་གལ་ཆེ་བ་ཞིག་ལ། ང་ཚོ་ཚང་མས་སྡུག་བསྔལ་མེད་པའི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་འདོད་ཀྱི་ཡོད། ང་རང་ཡང་གཅིག་པ་ཡིན། དེར་བརྟེན་ང་ཚོས་རིམ་པ་དེའི་ཐོག་སྐད་ཆ་ཤོད་ཀྱི་ཡིན།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ལུས་གྲུབ་ཚུལ་གྱི་ཆ་རྐྱེན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཆོས་ལུགས་ཀྱི་དད་པ་ནི་མི་གཅིག་པུར་ཡོད། འགྲོ་བ་མིའི་ཁྲོད་དུ་དད་པ་གོང་མཐོར་ཕྱིན་ཀྱང་། དེ་ནི་ལུས་གྲུབ་ཚུལ་གྱི་ཆ་རྐྱེན་ཞིག་རྩ་ནས་མིན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱིས་མི་ཐེར་འབུམ་བདུན་ཡོད་པར་ཚང་མར་ཁྱབ་ཀྱི་ཡོད། ངས་ཁ་སང་ཞུས་པ་བཞིན། མི་ཐེར་འབུམ་བདུན་ནས་ཐེར་འབུམ་གཅིག་གིས་ལུགས་མཐུན་ངང་ཆོས་ལ་དད་པ་མེད་ཅེས་བཤད་ཡོད་པ་དང་། གལ་སྲིད་ང་ཚོས་ཚོད་དཔག་བྱས་ནས་ཐེར་འབུམ་དྲུག་ཆོས་ལ་དད་པ་ཡོད་མཁན་ཡིན་པར་བསམ་བློ་བཏང་ན། དེ་དག་གི་ཁྲོད་དུ་སྐྱོན་ཅན་གྱི་མི་ཧ་ཅང་མང་པོ་ཡོད། དཔེར་ན། དཀྲོག་གཏམ་དང་། བཤུ་གཞོག །ལྐོག་ཟ་རུལ་སུངས། མགོ་སྐོར་བསླུ་བྲིད། རྫུན། དབང་ཡོད་ཐུབ་ཚོད་སོགས་ཀྱིས་སྐྱོན་ཞུགས་ཡོད། དེ་ནི་ངའི་བསམ་པར། ཀུན་སྤྱོད་ཀྱི་རྣམ་གཞག་ལ་བཅོས་མིན་གྱི་ངེས་ཤེས་བརྟན་པོ་ཞིག་མེད་པའི་རྐྱེན་གྱིས་རེད། དེར་བརྟེན་ཐ་ན་ཆོས་ཀྱང་དགོས་དོན་ལོག་པར་བེད་སྤྱོད་བྱེད་ཀྱི་ཡོད། ངས་ཁ་སང་བརྗོད་ཡོད་མེད་ལ་མ་ལྟོས་པར། སྐབས་རེ་ཆོས་ཀྱིས་ང་ཚོར་ཚུལ་འཆོས་བྱེད་སྟངས་སློབ་ཀྱི་ཡོད་བསམ་གྱི་འདུག །ང་ཚོས་ཁ་ནས་བྱམས་པ་དང་སྙིང་རྗེ་ལྟ་བུའི་ཚིག་མཛེས་པོ་དེ་འདྲ་བཤད། དོན་དངོས་ཐོག་ང་ཚོས་ལག་ལེན་དུ་འགེལ་གྱི་མེད། དེ་ནས་དྲང་བདེན་མིན་པའི་གནས་ཚུལ་མང་པོ་ཡོང་གི་ཡོད།
ཆོས་ལུགས་ཀྱིས་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་བསླབ་བྱ་བཟང་པོ་དེ་དག་གསུང་གི་ཡོད། འོན་ཀྱང་སོ་སོའི་སེམས་ལ་ཟུག་ཐུབ་པ་དང་ནུས་པ་ཐོན་ཐུབ་པ་ཞིག་ཡོང་གི་མེད། དེ་ནི་མི་རྣམས་ཀྱི་བསམ་བློར་ཀུན་སྤྱོད་ཀྱི་རྣམ་གཞག་མེད་པའི་རྐྱེན་གྱིས་རེད། ཡང་ན་བསམ་བློའི་ཀུན་སྤྱོད་ཀྱི་རིན་ཐང་ཐད་ངེས་ཤེས་བརྟན་པོ་ཞིག་མེད་པའི་དབང་གིས་ཡིན། ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར། མི་རྣམས་ལ་ཀུན་སྤྱོད་ཀྱི་རྣམ་གཞག་དེ་དག་སློབ་སྦྱོང་སྤྲོད་ཕྱོགས་ཐད་དོ་གལ་གྱིས་བསམ་བློ་མང་ཙམ་གཏོང་དགོས། དེའི་སྒང་ལ་ཆོས་ལུགས་ཀྱི་སྐོར་དེ་ཁ་སྣོན་བྱེད་ན་འགྲིགས། དེ་ནས་ཆོས་ལུགས་རྣམ་དག་ཅིག་ཆགས་ཀྱི་ཡོད། ངས་ཁ་སང་བརྗོད་པ་བཞིན། ཆོས་ལུགས་ཚང་མས་རིན་ཐང་དེ་དག་གི་སྐོར་ཤོད་ཀྱི་ཡོད།
སོ་སོ་རང་ཉིད་ཀྱི་ཁྱབ་ཁོངས་གཅིག་པུར་ཆགས་ཞེན་མི་བྱེད་པ།
དུས་རབས་སྔོན་མའི་ནང་། མི་རྣམས་ཕན་ཚུན་གསོད་རེས་བྱེད་པ་དང་ཆབས་ཅིག་ཕྱོགས་གཉིས་ཀས་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱི་ཡོད། ཧ་ཅང་ཁག་པོ་རེད། དེང་སང་ཡང་སྐབས་རེ་ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཡོང་གི་ཡོད་པ་དང་། ངའི་བསམ་པར། ཕྱོགས་གཉིས་ཀས་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱི་ཡོད། མཚམས་རེ་ངས་ཀྱལ་ཀའི་ཚུལ་དུ། དཀོན་མཆོག་དབུ་འཐོམས་ཡོད་ཀྱི་རེད་ཅེས་བཤད་ཀྱི་ཡོད། ཕྱོགས་གཉིས་ཀས་ཁོང་ལ་སྨོན་ལམ་འདེབས་པ་དང་བྱིན་རླབས་འཐོབ་ཐབས་བྱེད་ཀྱི་ཡོད་སྟབས། ཐག་གཅོད་ཇི་ལྟར་བྱེད་ཐུབ། དེ་ཧ་ཅང་ཁག་པོ་རེད། ཐེངས་གཅིག་ཨར་ཇེན་ཊི་ནའི་ནང་ཚན་རིག་པ་དང་ཆོས་ལུགས་སོ་སོའི་དབུ་ཁྲིད་ཁག་ཅིག་དང་མཉམ་དུ་བགྲོ་གླེང་ཞིག་གི་སྐབས། མ་གཞི་དེ་ཆོས་ལུགས་ནང་ཁུལ་གྱི་ཚོགས་འདུ་མིན་ཀྱང་། མ་ཐུ་རཱ་ན་ (Maturana) ཞེས་པའི་དངོས་ཁམས་རིག་པ་སྨྲ་བ་ཞིག་ཐུག་འཕྲད་བྱུང་སོང། ཁོང་ནི་ཝ་རེ་ལ་ (Varela) དམ་པའི་དགེ་རྒན་ཡིན་པ་དང་། དེ་སྔོན་སུད་སིའི་ནང་ངེད་གཉིས་ཐུག་འཕྲད་བྱུང་ཡོད། དེ་རྗེས་ཨར་ཇེན་ཊི་ནའི་ནང་ཐུག་བྱུང་། དེ་ནས་བཟུང་ཐུག་འཕྲད་མ་བྱུང་། ཁོང་གི་གཏམ་བཤད་གནང་བའི་སྐབས་ཁོང་གིས། དངོས་ཁམས་རིག་པ་སྨྲ་བ་ཞིག་ཡིན་པའི་ཆ་ནས། རང་གི་ཚན་རིག་གི་ཁྱབ་ཁོངས་གཅིག་པུར་ཆགས་ཞེན་བྱས་ནས་སྡོད་མི་ཉན་ཅེས་གསུངས་སོང་། བྱས་ཙང་། དེ་ནི་དངོས་གནས་བློ་གྲོས་དང་ལྡན་པའི་གཏམ་རླབས་ཆེན་ཞིག་ངོས་ནས་ཤེས་རྟོགས་བྱུང་སོང་།
ང་རང་ནང་པ་ཞིག་ཡིན། འོན་ཀྱང་ངས་ནང་ཆོས་ལ་ཧ་ཅང་ཆགས་ཞེན་སྐྱེ་མི་ཉན། གང་ཡིན་ཞེ་ན། ཆགས་ཞེན་ནི་ཉོན་མོངས་ཤིག་རེད། རང་རྒྱུད་དུ་ཆགས་ཞེན་སྐྱེད་པའི་སྐབས། སོ་སོའི་ལྟ་ཚུལ་དེ་ཕྱོགས་ལྷུང་ཅན་ཞིག་ཆགས་ཀྱི་ཡོད། སོ་སོའི་སེམས་ཕྱོགས་སུ་ལྷུང་བ་ཞིག་ཆགས་ན། ཡུལ་གྱི་གནས་ལུགས་ཚུལ་བཞིན་དུ་མཐོང་མི་ཐུབ་པ་ཡིན།
དེར་བརྟེན་ཆོས་ཁ་ལ་ཁྱེར་ནས་འཁྲུག་རྩོད་བྱེད་པའི་གནད་དོན་མང་ཆེ་བའི་རྒྱུ་མཚན་ངོ་མ་ནི་ཆོས་ལུགས་ཀྱི་དད་པ་མིན་པར། དཔལ་འབྱོར་རམ་ཆབ་སྲིད་ཀྱི་ཁེ་ཕན་ཐོག་ནས་རེད་བསམ་གྱི་འདུག
འོན་ཀྱང་གནས་སྟངས་ཁ་ཤས་ཀྱི་ནང། ལྟ་བ་མཁྲེགས་འཛིན་ཅན་ (fundamentalist) རྣམས་སོ་སོའི་ཆོས་ལུགས་ལ་ཞེན་ཆགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ཁོང་ཚོས་ཆོས་ལུགས་གཞན་གྱི་རིན་ཐང་མཐོང་ཐུབ་ཀྱི་མེད།
མ་ཐུ་རཱ་ནས་བཤད་པའི་གཏམ་དེ་ནི་ངོས་ལ་རླབས་ཆེན་གྱི་བསླབ་བྱ་དུམ་བུ་ཞིག་ཡིན། མི་མང་པོ་ཞིག་དང་ཐུག་འཕྲད་བྱུང་བའི་འབྲས་བུར། ངས་སྲོལ་རྒྱུན་གཞན་མང་པོ་ཞིག་ལ་ཡིད་སྨོན་བྱེད་པ་དང་། ངས་རང་ཉིད་ལྟ་བ་མཁྲེགས་འཛིན་ཅན་ཞིག་གམ་རྨོངས་ཞེན་ཅན་ཞིག་མ་ཆགས་པའི་རེ་བ་ལོས་བྱེད། མཚམས་རེ་ངས་འདི་ལྟར་བརྗོད་ཀྱི་ཡོད། ཐེངས་གཅིག་ང་རང་ཧྥ་རན་སིའི་ལྷོ་ཕྱོགས་ནང་གི་ལོར་ཌེ་སེ་ (Lourdes) ཟེར་བའི་ས་གནས་དེར་གནས་སྐོར་བ་ཞིག་གི་ཚུལ་དུ་ཕྱིན་ནས། དེར་ཡོད་པའི་ཡེ་ཤུ་མ་ཤི་ཀའི་སྐུ་འདྲ་ཞིག་གི་མདུན་ནས་ངས་ཆུ་ཕྲན་བུ་བཏུང་ནས་སྐུ་འདྲའི་མདུན་དུ་ལངས་ཏེ། མི་ས་ཡ་མང་པོས་དུས་རབས་ནས་དུས་རབས་བརྒྱུད་གནས་འདིར་སླེབས་པ་དང་། སྐུ་འདྲར་སྨོན་ལམ་བཏབ་ནས་སེམས་ནང་དགའ་བདེ་ཐོབ་ཅིང། ནད་པ་ཚོར་སོ་སོའི་དད་པ་དང་དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས་ནད་དྲག་སྐྱེད་བྱུང་བ་སོགས་ངས་གོ་ཐོས་བྱུང་བ་བཞིན་ཡིད་ལ་སྒོམ་པ་ཡིན། དེར་བརྟེན་ངས་དེ་དག་ཡིད་ལ་བྱས་ཏེ་ཡེ་ཤུའི་ཆོས་ལུགས་ལ་སེམས་གཏིང་ནས་ཡི་རང་ཆེན་པོ་བྱུང་བ་དང་མིག་ནས་མཆི་མ་ཤོར་གྲབས་བྱས་བྱུང་། སྐབས་གཞན་ཞིག་ལ་པོ་ཅུ་གྷལ་ (Portugal) ནང་གི་ཧྥ་ཊི་མ་ (Fatima) ནང་གནས་ཚུལ་ཡ་མཚན་ཅན་ཞིག་བྱུང་སོང་། ཡེ་ཤུ་རྣམ་དག་ཆོས་པ་དང་ཡེ་ཤུ་ཆོས་པ་གཞན་གྱིས་མཐའ་སྐོར་བའི་དབུས་སུ་མཻ་རི་ (Mary) ཡི་སྐུ་འདྲའི་མདུན་དུ་ང་ཚོས་འཁྱུག་ཙམ་རིང་ངག་བཅད་ཀྱི་སྒོམ་བརྒྱབ་པ་ཡིན། ང་དང་གཞན་རྣམས་ཕྱིར་ཐོན་གྲབས་བྱེད་སྐབས། ངས་ཁ་ཕྱིར་བསྐོར་ནས་ལྟ་སྐབས་མཻ་རིའི་སྐུ་འདྲ་དེས་ང་ལ་འཛུམ་དམུལ་གནང་བཞིན་འདུག །ངས་ཡང་བསྐྱར་ཞིབ་ལྟ་བྱེད་སྐབས་ཁོང་གིས་ང་ལ་འཛུམ་མདངས་སྟོན་གྱི་འདུག །ངའི་བསམ་པར། མཻ་རི་ཡིས་ངོས་ཀྱི་ཕྱོགས་ལྷུང་མེད་པའི་ཐབས་ལམ་ལ་ཆེ་མཐོང་ངམ་ངོས་འཛིན་གནང་ཡོད་བཟོ་འདུག་སྙམ་བྱུང་། གལ་སྲིད་ངས་མཻ་རི་དང་མཉམ་དུ་བསྡད་ནས་ལྟ་གྲུབ་ཀྱི་ཐོག་ལ་བགྲོ་གླེང་མང་ཙམ་བྱས་ན། མི་མཐུན་པའམ་རྙོག་འཛིངས་ཅན་མང་པོ་ཡོང་སྲིད་པ་རེད།
གང་ལྟར་ཡང་། སོ་སོའི་ཆོས་ལུགས་ལའང་ཞེན་ཆགས་བྱས་ན་ཡག་པོ་མེད། སྐབས་རེ་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ནང་རྩོད་རྙོག་དང་འགལ་ཟླ་བཟོ་གི་ཡོད། དེ་ནི་ཛ་དྲག་གི་གནད་དོན་ཞིག་ཡིན། ཆོས་ལུགས་ནི་སྙིང་རྗེ་དང་བཟོད་གསོལ་གོང་སྤེལ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་དང་། ཐབས་ལམ་དེ་དག་ནི་ཁོང་ཁྲོ་དང་ཞེ་སྡང་གི་གཉེན་པོ་ཆགས་ཀྱི་ཡོད། དེར་བརྟེན། གལ་སྲིད་ཆོས་ལ་བརྟེན་ནས་ཆོས་ལུགས་གཞན་ལ་ཞེ་སྡང་ཆེ་བ་བཟོ་གི་ཡོད་ན། དེ་ནི་སྨན་གྱིས་ན་ཚ་དྲག་རྒྱུའི་ཚབ་ཏུ་ནད་ཀྱི་རྐྱེན་མང་བ་བྱེད་པ་འདྲ་པོ་རེད། ད་ག་རེ་བྱེད་དགོས་སམ། ཐབས་སྐྱོ་བའི་གནས་སྟངས་དེ་དག་ཚང་མ་རྩ་བའི་ཆ་ནས་བསམ་བློའི་ཀུན་སྤྱོད་ལ་ངེས་ཤེས་བརྟན་པོ་ཞིག་མེད་པའི་རྐྱེན་གྱིས་ཡིན། བྱས་ཙང་། བཅོས་མིན་གྱི་འབད་བརྩོན་ལ་བརྟེན་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་ཆེད་ང་ཚོར་ཉམས་ལེན་དང་ཐབས་ལམ་མི་འདྲ་བ་མང་པོ་དགོས་འདུག
ཆོས་ལུགས་རིས་མེད་དང་གཞན་ལ་གུས་བརྩི།
ཆོས་ལུགས་རིས་མེད་དམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་མཚོན་ན། ངས་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ཨེཌ་ཝཱ་ཎི་ (Advani) ལགས་ངོ་ཤེས་ཀྱི་ཡོད། ཐེངས་གཅིག་ཁོང་གིས། ཁེ་ན་ཌ་ནས་ཡིན་པའི་བརྙན་འཕྲིན་རུ་ཁག་གཅིག་གིས་རྒྱ་གར་ནང་མང་གཙོའི་ལམ་ལུགས་ཚགས་ཚུད་ལམ་ལྷོང་ཡོང་བའི་གཞི་རྟེན་གང་ཡིན་མིན་ཐད་ཁོང་ལ་འདྲི་མོལ་བྱས་བྱུང་། ཞེས་གསུངས་ཀྱི་འདུག །དེ་ལ་ཁོང་གིས། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྲོལ་རྒྱུན་ཁག་གི་དབར་མི་མཐུན་པ་ཕྲན་བུ་དང་ལྟ་ཚུལ་མི་འདྲ་བ་ཡོད་ནའང་། ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་བྱས་པ་ལས་བྱུང་བ་རེད་ཅེས་ལན་གནང་སྐོར་ངོས་ལ་གསུངས་བྱུང་། ཁོང་གིས་ད་དུང་ངོས་ལ། རྒྱང་འཕེན་པའམ་ཆད་མཐའ་སྨྲ་བའི་གྲུབ་མཐའ་ནི། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་ནས་དར་བ་དང་། ཆོས་ལུགས་གཞན་གྱིས་རྒྱང་འཕེན་པའི་ལྟ་བར་སྐྱོན་བརྗོད་དང་། ཁོང་ཚོའི་ལྟ་གྲུབ་ལ་ཉེས་འཛུགས་བྱས་ཀྱང་། རྒྱང་འཕེན་པའི་གྲུབ་མཐའ་འཛིན་མཁན་རྣམས་ད་དུང་ཡང་རི་ཥིའམ་དྲང་སྲོང་ལ་ལྟ་གི་ཡོད་ཅེས་གསུངས་བྱུང་། དེ་ནི་མི་མཐུན་པའམ་བགྲོ་གླེང་གི་རྩོད་གཞི་དྲག་པོ་བྱུང་ཡོད་ནའང་། ད་དུང་གུས་བརྩི་ཡོད་པའི་རྟགས་ཡིན། བྱས་ཙང་། དེ་ནི་ཆོས་ལ་ཡིད་ཆེས་མེད་མཁན་ཚོ་ལའང་གུས་བརྩི་བྱེད་དགོས་པའི་དོན་ཡིན།
ཁ་སང་ངས་ཆོས་དང་མ་འབྲེལ་བའམ་ཆོས་ལུགས་རིས་མེད་ (secularism) ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱེད་སྐབས། ངའི་ཡེ་ཤུ་དང་ཁ་ཆེའི་གྲོགས་པོ་འགའ་ཞིག་གི་བློ་ལ་དོགས་པ་རྣམ་རྟོག་ཏོག་ཙམ་ཞིག་བྱུང་ཡོད་ཀྱི་རེད་ཅེས་བཤད་པ་ཡིན། ངའི་བསམ་པར། ཧྥ་རན་སིའི་དང་བོལ་ཤི་ཝིག་ (Bolshevik) གསར་བརྗེའི་སྐབས་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་འདོད་ཕྱོགས་ཤིག་བྱུང་ཡོད། འོན་ཀྱང་ངས་ཆོས་ལུགས་དང་ཆོས་ལུགས་ཀྱི་བསྟི་གནས་གཉིས་བར་ཁྱད་པར་གསལ་པོ་བཟོ་འདོད་བྱུང་། དེ་གཉིས་ནི་ཐ་དད་ཡིན། བསམ་ཤེས་ཅན་གྱི་མི་རྣམས་ཀྱིས་ཆོས་ལ་ངོ་རྒོལ་ཇི་ལྟར་བྱེད་སྲིད་དམ། ཆོས་ཟེར་ན་སྙིང་རྗེ་དང་བྱམས་བརྩེའི་དོན་ཡིན། སུ་གཅིག་གིས་ཀྱང་དེ་ལ་སྐྱོན་བརྗོད་བྱེད་མི་ཐུབ། འོན་ཀྱང་ཆོས་ལུགས་ཀྱི་བསྟི་གནས་ནི་ཐ་དད་ཡིན། ཧྥ་རན་སིའི་དང་བོལ་ཤི་ཝིག་གསར་བརྗེའི་སྐབས། དེ་གཉིས་ཀའི་ཐོག་ནས་དབང་འཛིན་པ་ཚོས་མི་དམངས་ལ་བཤུ་གཞོག་དང་ལོག་སྤྱོད་ཞེ་དྲགས་བཏང་ཡོད། དེར་མ་ཟད། དབང་འཛིན་པ་ཚོར་ཆོས་ལུགས་ཀྱི་བསྟི་གནས་ནས་རྒྱབ་སྐྱོར་ཆ་ཚང་ཐོབ་ཀྱི་ཡོད་པ་དང་། དེར་བརྟེན་གཞུང་འཛིན་དབང་ལྡན་དེ་ཚོའི་ཁ་གཏད་དུ་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་ཆོས་ལུགས་ཀྱི་བསྟི་གནས་ལའང་དེ་ལྟར་བྱ་རྒྱུ་གཏོགས་ཡོད་པ་རིགས་པས་གྲུབ་པ་རེད། དེར་བརྟེན་ཆོས་ལུགས་སམ་དཀོན་མཆོག་དང་ཁ་གཏད་དུ་འགྲོ་རྒྱུའི་འདོད་ཕྱོགས་ཡོད་པ་རེད།
དེང་སང་ཡང་བོད་བརྒྱུད་ནང་པའི་སྤྱི་ཚོགས་ཐེ་བའི་ཆོས་ལུགས་ཀྱི་བསྟི་གནས་ཁག་ནང་བཤུ་གཞོག་གི་རིགས་ཡོད་ན། ང་ཚོས་མཐའ་གཅིག་ཏུ་ཁ་གཏད་གཅོག་དགོས། ང་རང་སྒེར་གྱི་ཉམས་ལེན་ལ་གཞིགས་ན། ལོ་ངོ་གཉིས་ཀྱི་གོང་ངས་༸ཏཱ་ལའི་བླ་མས་རྩོད་མེད་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་པའི་མི་ལོ་བརྒྱ་ཕྲག་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་དེར་མཇུག་སྡོམ་བརྒྱབ་པ་ཡིན། ངས་མ་སྐུལ་དང་དུ་བླངས་ཏེ་དགའ་པོ་དང་གདེང་སྤོབས་ངང་ནས་མཇུག་སྡོམ་བརྒྱབ་པ་ཡིན། དངོས་གནས་བྱས་ན། དེ་འདྲའི་གནད་དོན་གྱིས་ཆོས་ལུགས་སམ་ནང་ཆོས་ཀྱི་རིན་ཐང་ལ་གནོད་སྐྱོན་ཐེབས་ཀྱི་ཡོད། དེར་བརྟེན་ང་ཚོས་ཆོས་ལུགས་ཀྱི་བསྟི་གནས་དང་ཆོས་ཀྱི་ཉམས་ལེན་དང་བསླབ་བྱ་ངོ་མའི་བར་ཁྱད་པར་འབྱེད་དགོས།
ཆོས་དང་མ་འབྲེལ་བའི་རིང་ལུགས་ (secularism) ཞེས་པའི་ཐད་རྒྱ་གར་གྱི་གོ་བ་ལེན་སྟངས་ལྟར་བྱས་ན། ཆོས་ལུགས་ལ་ཡི་མ་རངས་པའི་ངན་ཕྱོགས་ཀྱི་གོ་བ་གང་ཡང་མེད། དེ་ལས་ལྡོག་སྟེ། ཆོས་ལུགས་ཡོད་དོ་ཅོག་ལ་གུས་བརྩི་བྱེད་ཀྱི་ཡོད་ཅིང་། ད་དུང་ཆོས་ལ་ཡིད་ཆེས་མེད་མཁན་ཚོར་ཡང་གུས་ཞབས་བྱེད་ཀྱི་ཡོད། ངའི་བསམ་པར་། དེ་ནི་བློ་གྲོས་དང་ལྡན་པ་ཞིག་རེད་འདུག །ང་ཚོས་དེ་གོང་མཐོར་ཇི་ལྟར་གཏོང་ཐུབ་བམ། ཆོས་བཤད་བྱས་ནས་གཏོང་ཐུབ་བམ། མི་ཐུབ། སྨོན་ལམ་བཏབ་ནས་གཏོང་ཐུབ་བམ། མི་ཐུབ། འོན་ཀྱང་ཤེས་ཡོན་ལ་བརྟེན་ནས་གཏོང་ཐུབ། ང་ཚོས་ལུས་ཀྱི་འཕྲོད་བསྟེན་ཐད་སློབ་སྦྱོང་བྱེད་ཀྱི་ཡོད། འོ་ན་ག་རེ་བྱས་ནས་སེམས་ཚོར་གྱི་འཕྲོད་བསྟེན་ཐད་སློབ་སྦྱོང་མི་བྱེད་པ་ཡིན་ནམ། དེ་ནི་སེམས་བཟང་པོ་དང་འཕྲོད་བསྟེན་དང་ལྡན་པ་ཞིག་ཇི་ལྟར་སྐྲུན་དགོས་པའི་ཤེས་ཡོན་སྟབས་བདེ་ཞིག་ཡིན། དཀོན་མཆོག་གམ་སྐྱེ་བ་ཕྱི་མ། ཡང་ན་སངས་རྒྱས་སམ་ཐར་པ་སོགས་ཀྱི་སྐོར་ཤོད་མི་དགོས། སེམས་སྐྱིད་པོ་ཡོད་པའི་མི་ཞིག་ཏུ་ཡར་རྒྱས་གཏོང་ཕྱོགས་སྐོར་གྲོས་བསྡུར་བྱེད་དགོས། མི་སྐྱིད་པོ་ཞིག་གིས་ཁྱིམ་ཚང་སྐྱིད་པོ་བཟོ་ཐུབ་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་པོ་སྐྱིད་པོ་ཞིག་ཡོང་ཐུབ། དེར་བརྟེན་ངའི་བསམ་པར། སེམས་ཚོར་གྱི་འཕྲོད་བསྟེན་ཐད་ང་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་འདུག
སེམས་ཚོར་གྱི་འཕྲོད་བསྟེན།
སེམས་ཚོར་གྱི་འཕྲོད་བསྟེན་ཟེར་ན་གང་རེད། དེ་ནི་ང་ཚོའི་སེམས་ཀྱི་ལྷིང་འཇགས་སམ་ཡང་ན་སེམས་ཀྱི་ཞི་བདེར་འཇོམས་པར་བྱེད་མཁན་གྱི་ཆ་རྐྱེན་ལ་དོ་སྣང་བྱེད་པར་ཟེར། ཆ་རྐྱེན་དེ་དག་ནི་སེམས་ཀྱི་ན་ཚ་འདྲ་པོ་ཡོད། གང་ཡིན་ཞེ་ན། ཉོན་མོངས་དེ་དག་གིས་རང་གི་སེམས་ཀྱི་ཞི་བདེ་དང་བདེ་ཐང་གཏོར་བཤིག་གཏོང་བ་ཙམ་མ་ཟད། དངོས་པོའི་གནས་ལུགས་ལ་དཔྱད་ཁྲ་གཏོང་བའི་སེམས་ཀྱི་ནུས་པའང་འཇོམས་པར་བྱེད་ཀྱི་ཡོད། དེ་ནི་གནོད་ཚབས་ཤིན་ཏུ་ཆེ། རྒྱུ་མཚན་ནི། རང་ཉིད་ཁོང་ཁྲོ་ལངས་པའི་སྐབས། དངོས་པོའི་གནས་ཚུལ་མི་མཐོང་བ་དང་རང་གི་སེམས་ཕྱོགས་སུ་ལྷུང་གི་ཡོད། དེ་ག་ནང་བཞིན་འདོད་ཆགས་ལ་མཚོན་ནའང་ཡུལ་གྱི་གནས་ལུགས་མ་ནོར་བ་མཐོང་ཐུབ་ཀྱི་མེད། དེ་ནི་སེམས་ཀྱི་ན་ཚ་ཞིག་ཡིན། ང་ཚོའི་སེམས་ཀྱི་རང་བཞིན་ནི་གསལ་ཞིང་རིག་པ་ཡིན་པ་དང་། དེར་བརྟེན་གསལ་ཞིང་རིག་པའི་ནུས་པ་ཆུང་དུ་གཏོང་མཁན་གྱི་སེམས་བྱུང་གང་ཡིན་རུང་མི་དགེ་བའམ་ཉོན་མོངས་ཡིན་པ་རེད།
དེ་འདྲ་ཡིན་པ་སོང་ཙང་། སེམས་ཚོར་གྱི་འཕྲོད་བསྟེན་ནི། ཉོན་མོངས་དེ་དག་ཤུགས་ཆུང་དུ་བཏང་ནས་སེམས་ཀྱི་ནུས་པ་གསལ་པོ་དང་ཞི་འཇམ་ངང་རྒྱུན་འཛིན་བྱེད་པ་དེ་ཡིན། དེ་ལ་སེམས་ཀྱི་བདེ་ཐང་ཞེས་ཟེར། དེ་ལྟར་ཡོང་བར། ཐོག་མར་ང་ཚོས་དེ་དོན་གཉེར་གྱི་བསམ་པའམ་སྤྲོ་བ་ཞིག་སྐྱེད་དགོས། སྤྲོ་བ་དེ་མེད་པར་མི་རྣམས་ལ་དེ་བྱེད་ཟེར་བཙན་ཤེད་བྱེད་མི་ཐུབ། སྒྲིག་ཁྲིམས་དང་རྩ་ཁྲིམས་སོགས་ཀྱིས་མི་རྣམས་ལ་དེ་ལྟར་བྱེད་དུ་འཇུག་མི་ཐུབ། དེ་ནི་མི་སྒེར་སོ་སོའི་དོན་གཉེར་གྱི་འདུན་པའམ་སྤྲོ་བ་ལས་ཡོང་དགོས། དེ་ཡང་དེ་ལྟར་བྱེད་པའི་རིན་ཐང་མཐོང་བ་ལས་འབྱུང་བ་ཡིན། དེ་ལྟ་བུའི་རིན་ཐང་དེ་ང་ཚོས་གཞན་དག་ལ་སློབ་ཁྲིད་བྱེད་ཐུབ་པ་ཡིན།
སེམས་དང་སེམས་ཚོར་ཐད་ཚན་རིག་གི་རྙེད་དོན།
ད་ང་ཚོས་ཚན་རིག་ལ་བལྟས་ན། ཐོག་མར་དེང་དུས་ཚན་རིག་གིས་ཚད་འཇལ་ཐུབ་པའི་ཕྱི་དངོས་པོའི་ཐོག་དོ་སྣང་སྤྲད་ཡོད་པ་རེད། ངའི་བསམ་པར། དུས་རབས་ཉི་ཤུ་པའི་དུས་མཇུག་དང་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འགོར་སེམས་དང་སེམས་ཚོར་ཐད་དོ་དབྱིངས་བྱེད་མཁན་གྱི་ཚན་རིག་པ་ཉིན་རེ་ལས་མ་བསྡད་པར་ཇེ་མང་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། འཕྲོད་བསྟེན་གྱི་ཐོག་ལ་སླེབས་སྐབས་སེམས་དང་སེམས་ཚོར་བར་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་རེད། ཚན་རིག་པ་འགའ་ཞིག་གིས། “སེམས་བདེ་ཐང་བྱུང་ན། ལུས་བདེ་ཐང་ཡོང་” ཞེས་བརྗོད་ཀྱི་ཡོད། གསོ་དཔྱད་ཚན་རིག་པ་ཚོས་ཀྱང་། རྒྱུན་དུ་འཇིགས་སྣང་དང་། ཁོང་ཁྲོ། ཞེ་སྡང་ལྟ་བུའི་ཉོན་མོངས་རྣམས་དོན་དངོས་ཐོག་ང་ཚོའི་ནད་འགོག་མ་ལག་འཇོམས་པར་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད། དེ་དང་ཆབས་ཅིག་སྙིང་རྗེ་ཆེ་བའི་སེམས་ཀྱིས་རྩ་བའི་ཆ་ནས་ལུས་ཀྱི་འཕྲོད་བསྟེན་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་གི་ཡོད། བཤད་མི་དགོས་པར་སེམས་སྐྱིད་པོ་ཡོད་པའི་མི་རྣམས་ལ་དེས་རྐྱེན་པས་ལུས་ལ་བཟང་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད།
གནས་སྟངས་སྡུག་ཅག་ནང་ནས་བཟང་ཕྱོགས་ཀྱི་ཆ་ངོས་འཛིན་པ།
ང་རང་སྒེར་གྱི་མི་ཚེའི་ནང་། ལོ་ངོ་བཅུ་དྲུག་ལ་ངས་ལས་འགན་མང་པོ་ཞིག་འཁྱེར་དགོས་བྱུང་སྟེ། གནས་སྟངས་ཧ་ཅང་ཁག་པོ་ཡོད། དེ་ནས་ལོ་ངོ་ཉི་ཤུ་རྩ་བཞིར་ངོས་ཀྱི་ལུང་པ་རྒྱ་མིའི་ལག་ཏུ་ཤོར་ནས། ད་བར་སྐྱབས་བཅོལ་བ་ཞིག་བྱས་ནས་བསྡད་དགོས་བྱུང་། དེ་དང་ཆབས་ཅིག་བོད་ནང་སྡུག་བསྔལ་དང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དང། བོད་མི་ཚོས་ང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱས་ཡོད། འོན་ཀྱང་ང་ལ་བྱ་ཐབས་གང་ཡང་མེད། གང་ལྟར་ངའི་སེམས་ཀྱི་ཞི་བདེས་གནས་སྟངས་ཚང་མར་དོན་དངོས་དང་མཐུན་པའི་ཐོག་ནས་བལྟ་ཐུབ་པ་བྱུང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར། གནས་སྟངས་ཁག་པོ་ཞིག་དང་། དེ་ལས་ཐར་ཐབས་མེད་ན། དེར་སེམས་ཁྲལ་ཞེ་དྲགས་བྱས་ན་ཕན་ཐོགས་མེད་པ་རེད། དེ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན། བྱས་ཙང་། ངོས་རང་ནས་བསླབ་བྱ་དེ་ཉམས་ལེན་བྱེད་ཀྱི་ཡོད།
ཆོས་རྣམས་ལ་དོན་དངོས་དང་མཐུན་པའི་ཐོག་ནས་བལྟ་དགོས་པ་དང་ཕན་ཚུན་ལྟོས་གྲུབ་ཡིན་པ་ཤེས་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་བྱས་ན། གནས་ཚུལ་ག་རེ་བྱུང་ཀྱང་། བཟང་ཕྱོགས་ཀྱི་འབྲས་བུ་ཞིག་ཡོང་ཐུབ། ང་རང་ལ་མཚོན་ན། སྐྱབས་བཅོལ་བ་ཞིག་ཆགས་ཀྱང་། མི་མང་པོ་ཞིག་དང་ཐུག་འཕྲད་བྱ་རྒྱུ་དང་ལྟ་ཚུལ་མི་འདྲ་བ་མང་པོ་སྦྱོང་རྒྱུའི་གོ་སྐབས་བྱུང་། དེ་ཡང་ཉམ་ཐག་དང་། འགོ་ཁྲིད། མཁས་པ། ཆོས་དང་རྒྱབ་འགལ་བྱེད་མཁན་སོགས་མང་པོ་དང་ཐུག་འཕྲད་བྱུང། དེ་ནི་ཧ་ཅང་ཕན་ཐོགས་པོ་འདུག །གང་ཡིན་ཞེ་ན། གལ་ཏེ་ང་རང་བོད་ནང་ལྷག་བསྡད་ཡོད་ན། ད་ལྟ་ང་རང་ཡོད་པའི་ཤེས་བྱའི་ཕྱེད་ཀ་ཙམ་ལས་ཐོབ་ཡོད་མདོག་ཁ་པོ་མ་རེད། དེར་བརྟེན་ཕྱོགས་གཅིག་ནས་རྐྱེན་ངན་ཞིག་ཡིན་ཀྱང་། ཕྱོགས་གཞན་ཞིག་ནས་གོ་སྐབས་བཟང་པོ་མང་པོ་ཞིག་ཐོབ་པ་རེད། གལ་སྲིད་ང་ཚོས་ཕྱོགས་གང་ས་ནས་བལྟས་ན། འགྲིགས་ཤག་བསམ་པའི་ཚོར་བ་བསླེབ་ཀྱི་རེད། གནས་ཚུལ་ཐབས་སྐྱོ་པོ་དེ་འདྲ་བྱུང་ཡོད་ནའང། གནས་ཚུལ་ཐབས་སྐྱོ་པོའི་ནང་དུ་གནས་ཚུལ་ཡག་པོ་དེ་འདྲའང་ཡོད་པ་རེད།
འདས་པའི་དུས་སུ་བོད་མི་རྣམས་ཏོག་ཙམ་ཁེར་རྐྱང་ཐོག་ལོགས་སུ་གནས་ཡོད། ད་ལྟ་བོད་མིའི་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་ཆགས་ཡོད། དུས་རབས་དེ་དག་གི་རིང་བོད་མི་ཚོས་གཉིད་ཁུག་པའི་གནས་བབས་ནང་བཞིན་བསྡད་པ་རེད། ད་ལྟ་གཉིད་ལས་སད་ཡོད། དེ་ཧ་ཅང་ཡག་པོ་རེད། དེར་བརྟེན་ང་ཚོས་ཕྱོགས་གང་ས་ནས་བལྟས་ན། བཟང་ཕྱོགས་ཀྱི་ཆ་མང་པོ་མཐོང་ཐུབ་ཀྱི་རེད། དེ་ནི་སེམས་ཀྱི་ཞི་བདེ་རྒྱུན་སྐྱོང་བྱེད་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེང་སང་ངའི་གྲོགས་པོ་རྙིང་པ་མང་པོ་ཞིག་དང་ཐུག་འཕྲད་བྱུང་བའི་སྐབས། ཁོང་ཚོས་ངའི་གདོང་པ་མཐོང་བ་དང་། ད་དུང་གཞོན་ཉམས་དོད་པོ་ཞེ་དྲགས་འདུག་ཟེར་གྱི་འདུག །བྱས་ཙང་། མི་མང་པོ་ཞིག་གི་གཞོན་ཉམས་དོད་པོ་ཉར་བའི་གསང་ཐབས་ཤེས་འདོད་བྱེད་ཀྱི་འདུག །སྤྱིར་བཏང་ནས་ངས་མི་རྣམས་ལ་ཆུ་ཚོད་བརྒྱད་དམ་དགུའི་རིང་གཉིད་ཡག་པོ་ཁུག་ན་དེས་སེམས་ཀྱི་ཞི་བདེར་ཕན་ཐོགས་ཆེན་པོ་འདུག་ཅེས་ཞུ་གི་ཡོད། དོན་དངོས་ཐོག་དེ་རྐྱེན་ཞིག་ཡིན་ངེས། འོན་ཀྱང་། གལ་སྲིད་ང་ཚོའི་སེམས་དང་སེམས་བྱུང་རྣམས་ལྟོས་ས་ལྟོས་ཕྱོགས་ཀྱི་སྒོ་ནས་ལྷིང་པོ་དང་ཞི་འཇམ་པོ་ཞིག་ཡོད་ན། དེའི་ཁེ་ཕན་ངོ་མ་དེ་གང་ཡིན་ནམ་ཞེ་ན།
སེམས་ཞི་འཇམ་ཡོད་ན། དེས་གཤག་བཅོས་ལྟ་བུ་བྱས་རྗེས་རྨ་ཁ་གསོ་བར་ཕན་གྱི་ཡོད། ངོས་ཀྱི་མཁྲིས་སྣོད་ལ་གཤག་བཅོས་བྱེད་དགོས་བྱུང་བའི་སྐབས། དེ་ནི་གང་ལ་གང་འཚམ་གྱི་ཚབས་ཆེན་པོ་ཆགས་ཡོད། ཕྱིས་སུ་གཤག་བཅོས་སྨན་པས། སྤྱིར་བཏང་གཤག་བཅོས་དེ་རིགས་བྱེད་པར་སྐར་མ་བཅོ་ལྔ་ནས་ཉི་ཤུ་བར་འགོར་གྱི་རེད། འོན་ཀྱང་ངའི་ནད་གཞི་ཚབས་ཆེ་བས། ཧ་ལམ་ཆུ་ཚོད་གསུམ་ཙམ་འགོར་སོང་ཞེས་གསུང་གྱི་འདུག །དེའི་རྒྱུ་མཚན་ནི། ངའི་མཁྲིས་སྣོད་ཆེ་རུ་ཕྱིན་ཏེ་ཧ་ལམ་ལྡབ་གཉིས་ཙམ་ཆགས་པ་དང་རྣག་མང་པོ་བསགས་འདུག །འོན་ཀྱང་ཉིན་ལྔའི་ནང་དྲག་སྐྱེད་བྱུང་། དེ་འདྲ་རེད། དེར་བརྟེན་སེམས་ཞི་ལྷོད་དང་བཟང་ས་ནས་བལྟ་བའི་བསམ་ཕྱོགས་ནི་ལུས་ཀྱི་འཕྲོད་བསྟེན་ཡག་པོ་རྒྱུན་སྐྱོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་དང་། གལ་སྲིད་ན་ཚ་འདྲ་བྱུང་ནའང་། མགྱོགས་མྱུར་དྲག་སྐྱེད་ཐུབ་པ་ཡོང་གི་ཡོད། དེ་འདྲ་ཡིན་པ་སོང་ཙང་། འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ཀྱི་ཞི་བདེ་ནི་ཆ་རྐྱེན་གལ་ཆེན་ཞིག་ཡིན།
ཕྱིའི་མཛེས་ཉམས་ཀྱི་ཁ་གཏད་དུ་ནང་གི་མཛེས་སྡུག
ཕྱེད་ཀྱལ་ཀ་དང་ཕྱེད་ཀུ་རེའི་ཚུལ་དུ་ངས་འདིར་བརྗོད་རྒྱུར། བུད་མེད་ཁ་ཤས་བྱུག་རྫས་ཀྱི་རིགས་ལ་དངུལ་ཧ་ཅང་མང་པོ་འགྲོ་སོང་གཏོང་རྒྱུར་དགའ་པོ་ཡོད། ཁ་ཤས་ཀྱིས་ངོ་གདོང་ལ་སྔོན་པོ་དང་ལྗང་ཁུ་སོགས་ཚོན་འདྲ་མིན་བྱུག་གི་ཡོད། གཞན་གྱི་བལྟས་ན་མཛེས་པོ་དེ་ཙམ་མི་མཐོང་། འོན་ཀྱང་ཁོ་རང་ཚོའི་བསམ་པར་སྙིང་རྗེ་པོ་ཞེ་དྲགས་མཐོང་གི་ཡོད། མི་རྣམས་ཀྱིས་ཕྱིའི་མཛེས་ཉམས་ལ་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པའི་བཟོ་འདྲ་འདུག །ཉིན་གཞན་ཞིག་ལ་མི་མང་ལ་གཏམ་བཤད་བྱེད་པའི་སྐབས། བུད་མེད་གཅིག་གིས་སྐྲ་སྔོན་པོ་བཟོས་འདུག །མཐོང་སྣང་ལ་མི་མཛེས་པ་དང་རྒྱུན་ལྡན་དང་མི་འདྲ་བ་ཞིག་འདུག །དེར་བརྟེན་ངས་ཁོ་མོར་ཀུ་རེའི་ཚུལ་དུ་སྐྲ་སྔོན་པོ་བཟོས་ན་སྙིང་རྗེ་པོ་ཡིན་དགོས་པའི་ངེས་པ་མེད་ཅེས་བཤད་པ་ཡིན། ཕྱིའི་མཛེས་ཉམས་གལ་ཆེན་པོ་ཡིན། འོན་ཀྱང་དེ་ལས་གལ་ཆེ་བ་ནི་ནང་གི་མཛེས་སྡུག་དེ་ཡིན། ཕྱིའི་མཛེས་ཉམས་ཆེད་འགྲོ་སོང་མང་པོ་གཏོང་མཁན་གྱི་བུད་མེད་རྣམས་ཀྱིས་ཐུགས་རྗེ་གཟིགས། ནང་སེམས་ཀྱི་མཛེས་སྡུག་ལའང་དོ་སྣང་བྱེད་རོགས། དེ་ལྟར་བྱུང་ན་རྦད་དེ་ཡག་ག་ཡོད།
སེམས་དང་སེམས་ཚོར་གཉིས་ཤེས་ཡོན་གྱི་སློབ་གཞི་ལྟར་སྦྱོང་དགོས།
ང་ཚོས་ཚན་རིག་གི་རྙེད་དོན་སྐོར་ཤོད་ཀྱི་ཡོད། ནང་སེམས་ཀྱི་ཞི་བདེ་ངོ་མ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། སེམས་ཀྱི་ཞི་བདེའི་རྨང་གཞི་ནི་རང་གིས་རང་ལ་གདེང་སྤོབས་དང་ནང་སེམས་ཀྱི་ནུས་སྟོབས་ཡིན་ཅིང་། དེ་དག་ནི་བྱམས་བརྩེ་དང་སྙིང་རྗེ་ཉམས་ལེན་བྱེད་པ་ལས་ཡོང་གི་ཡོད། དེ་ཡང་གཞན་ལ་གུས་ཞབས་དང་གཞན་གྱི་བདེ་ཐབས་ལ་སེམས་འཁུར་བྱེད་པའི་ཐོག་ནས་ཡོང་དགོས། དེ་ནི་ཆོས་དང་མ་འབྲེལ་བའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་རེད།
སྔོན་འགྲོའི་སློབ་གྲྭ་ནས་བཟུང་གཙུག་ལག་སློབ་གྲྭ་ཆེན་མོའི་བར། ང་ཚོས་སེམས་ཀྱི་སྐོར་དང་སེམས་ཚོར་ལ་གདོང་ལེན་དང་གཅེས་སྤྲས་བྱེད་ཚུལ་སྐོར་སློབ་སྦྱོང་བྱེད་ཐུབ། དེ་དང་འབྲེལ་བའི་སློབ་གཞི་ནི་ཧ་ཅང་རྒྱ་ཆེན་པོ་རེད། སེམས་དང་སེམས་ཚོར་དང་། དེ་གཉིས་བར་གྱི་འབྲེལ་བའི་སྐོར་འགྲེལ་བཤད་མང་པོ་ཡོད་པ་རེད། སེམས་ཀྱི་ཆ་ཤས་གང་ཡང་རུང་བ་ཞིག་ལ་ཕན་གནོད་བྱུང་ན་དེའི་འབྲས་བུར་ཆ་ཤས་གཞན་ཞིག་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད་པ་སོགས་ང་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་ལྟ་བུ་ཞིག་མཐོང་ཐུབ། དེ་ལ་གདོང་ལེན་བྱེད་པར། ང་ཚོས་སེམས་དང་ཀླད་པ་གཉིས་ཕན་ཚུན་འབྲེལ་ནས་ཡོད་པའི་ཚུལ་ལ་བསམ་ཞིབ་ནན་པོ་བྱེད་དགོས།
སློབ་གཞི་རྒྱ་ཆེན་པོ་དེ་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་སློབ་སྦྱོང་བྱས་ན་དངོས་གནས་དགེ་མཚན་ཆེན་པོ་ཡོད། ཨ་རིའི་ནང་འདས་པའི་ལོ་ཤས་ནང་ཚན་རིག་པ་རྣམས་ཀྱིས་གནས་ཚུལ་དེ་དག་ཐོག་ཉམས་ཞིབ་བྱས་ཏེ། མངོན་གསལ་དོད་པོའི་གྲུབ་འབྲས་གང་འཚམ་ཐོན་ཡོད། དེའི་འབྲས་བུར། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ཤེས་ཡོན་གྱི་བྱེད་སྒོ་གཞན་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད། ད་ལྟ་ང་ཚོས་ཆོས་ལུགས་རིས་མེད་ལ་གཞི་བཞག་སྟེ་ཀུན་སྤྱོད་རྣམ་གཞག་དང་འབྲེལ་བའི་གཏན་འབེབས་སློབ་ཚན་གྱི་ཟིན་བྲིས་འཆར་འགོད་བྱེད་བཞིན་ཡོད། དེ་ནི་ཆོས་དང་མ་འབྲེལ་བའི་ཤེས་ཡོན་གྱི་ཁྱབ་ཁོང་སུ་ཏག་ཏག་རན་ཞིང་འཚམས་པ་ཞིག་ཡོད།
འདིར་ཕེབས་པ་རྣམས་དང་། ལྷག་པར་དུ་ཤེས་ལྡན་མི་སྣ། རིག་པ་དང་ལྡན་པའི་མཁས་པ་རྣམས་ཀྱིས་དེའི་ཐོག་བསམ་བློ་མང་ཙམ་བཏང་ནས། གལ་ཏེ་ཁྱེད་རྣམས་ལ་གོ་སྐབས་བྱུང་ཚེ། བརྗོད་གཞི་འདིའི་ཐོག་ལ་བགྲོ་གླེང་འདྲ་ཚུགས་ཐུབ་ན་དཔེ་ཡག་པོ་རེད། ད་ལྟའི་ཆར་ཤེས་ཡོན་ལམ་ལུགས་ཁྲོད་བསམ་བློའི་ཀུན་སྤྱོད་ཀྱི་སློབ་ཚན་ཏག་ཏག་ཅིག་མེད། བྱས་ཙང་། དེའི་ཆེད་མི་མང་ཆེ་བས་ཆོས་ལུགས་ལ་བརྟེན་གྱི་ཡོད། མ་གཞི་དེ་ཡག་པོ་ཡིན་ཀྱང་། ཆོས་ལ་ཡིད་ཆེས་དང་དོ་སྣང་མེད་མཁན་གྱི་རིགས་ཀྱང་མང་པོ་ཡོད་པས། ཆོས་ལུགས་ཀྱི་ལྟ་ཚུལ་ནི་ཚང་མའི་བློ་ལ་འཐད་པོ་མེད་པ་དང། ཁས་ལེན་བྱ་རྒྱུ་ཁག་པོ་ཞེ་དྲགས་ཡོད། དེར་བརྟེན་ང་ཚོས་འཇིག་རྟེན་ཁྱོན་ཡོངས་ཀྱིས་ཁས་ལེན་ཐུབ་པའི་ཆོས་ལུགས་ལ་མ་བརྟེན་པའི་ལམ་ཞིག་འཚོལ་དགོས།
ཚར་སོང་། ད་དྲི་བ་དྲིས་ལན་ཁ་ཤས་ཀྱི་དུས་ཚོད་ཡིན།
དྲི་བ་དྲིས་ལན།
༸གོང་ས་མཆོག །ཁྱེད་ཀྱི་འགྲེལ་བརྗོད་མཐའ་མའི་ནང་། ངས་བཀའ་འདྲི་ཞུ་དགོས་བསམ་པའི་གནད་དོན་ཐོག་ཟུར་ཙམ་ཞིག་གསུངས་གནང་གྲུབ་སོང་། འོན་ཀྱང་དེའི་ལན་ཆ་ཚང་བ་ཞིག་འཐོབ་པའི་ཆེད། ཡང་བསྐྱར་བཀའ་འདྲི་ཞུ་འདོད་བྱུང་། དགོངས་པ་མ་འཚོམས་རོགས་གནང་། སློབ་གྲྭ་ཁག་དང་གཙུག་ལག་སློབ་གཉེར་ཁང་ཁག་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཁྲིད་བྱེད་ཕྱོགས་ཐད་ཁྱེད་ནས་གཞན་དང་མཉམ་དུ་སློབ་ཁྲིད་ཀྱི་ལས་འཆར་རན་པོ་ཞིག་གསར་འཛུགས་གནང་གི་ཡོད་དམ། གནང་གི་ཡོད་ན། ཁྱེད་ལ་ཤེས་ཡོན་ནམ་དཔལ་འབྱོར་གྱི་བསྟི་གནས་ནས་རྒྱབ་སྐྱོར་གནང་མཁན་དེ་འདྲ་ཡོད་དམ།
ངས་གོང་དུ་ཞུས་པ་བཞིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་གཙུག་ལག་སློབ་གྲྭ་འགའི་རོགས་རམ་ཡོད་པའི་ཐོག་ནས་ང་ཚོས་གཏན་འབེབས་སློབ་ཚན་གྱི་ཟིན་བྲིས་ཐད་ལས་དོན་འགོ་བཙུགས་ཟིན་པ་ཡིན། དེ་ནས་ང་ཚོར་སེམས་དང་སྲོག་གི་བསྟི་གནས་ཡོད། ཨ་རིའི་ནང་ལ་མཚོན་ན། ཝི་སི་ཀོན་སིན་ (Wisconsin) གཙུག་ལག་སློབ་ཁང་དང་། ཨི་མོ་རི་ (Emory) གཙུག་ལག་སློབ་ཁང། སི་ཊེན་ཧྥོརཌི་ (Stanford) གཙུག་ལག་སློབ་ཁང་སོགས་ཀྱི་ནང་གང་ཟག་སྒེར་གྱི་སྣེ་ཁྲིད་འོག་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཤེས་ཡོན་ལག་བསྟར་བྱེད་བཞིན་ཡོད། དེ་བཞིན་བསྟི་གནས་དེ་ཡུ་རོབ་ནང་དུའང་རྒྱ་སྐྱེད་བཏང་ཟིན། མི་རིང་བར་ང་ཚོས་ལྡི་ལིའི་ཕྱི་ནང་གང་རུང་དུ་འཛུགས་འཆར་ཡོད། ད་ལྟ་བར་དུ་དེའི་ཐོག་ཤུགས་སྣོན་བརྒྱབ་བཞིན་ཡོད། ནམ་ཞིག་གཏན་འབེབས་སློབ་ཚན་གྲུབ་པ་དང་། གཅིག་བྱས་ན་ང་ཚོས་དགེ་རྒན་འགའ་ཞིག་ལ་སྦྱོང་བརྡར་སྤྲད་དེ་ལག་བསྟར་བྱེད་ཐུབ་པ་ཞིག་ཡོང་སྲིད། དེ་ནི་དགེ་མཚན་ལྡན་པ་ཞིག་ཆགས་སྲིད་པས། ང་ཚོས་བལྟ་རྒྱུ་རེད།
༸གོང་ས་མཆོག །ང་རང་འཇིག་རྟེན་དང་འདི་གྲུབ་པར་བྱེད་པའི་ས་དང་། རྩི་ཤིང་། དུད་འགྲོ། ཡིད་འཕྲོག་པའི་འགྲོ་བ་མི་བཅས་ཚང་མར་དགའ་པོ་ཡོད། འོན་ཀྱང་འགྲོ་བ་མི་རྣམས་ཀྱིས་རྒྱུན་དུ་འཇིག་རྟེན་གཏོར་བཤིག་གཏོང་གི་ཡོད། དཔེར་ན། ཆུང་ས་ནས་བཤད་ན་འགྱིག་དམ་གྱི་རིགས་ཉོ་བ་དང་། ཆེ་ས་ནས་ཤིང་ནགས་གཅོད་འབྲེག་ལྟ་བུ་བྱེད་ཀྱི་ཡོད། ངས་ངང་རྒྱུད་རིང་པོ་བྱེད་དགོས་པ་ཤེས་ཀྱི་ཡོད། འོན་ཀྱང་བྱ་སྤྱོད་དེ་འདྲ་མཐོང་བ་དང་། ཚེ་སྲོག་གཞན་ཞིག་འཆི་འགྲོ་བ་དང་སྡུག་བསྔལ་གྱིས་མནར་བ་མཐོང་སྐབས། སེམས་ནང་ཁོང་ཁྲོ་ཤུགས་ཆེན་པོ་བསྐྱེད་ནས་དེ་ལ་འཐབ་རྩོད་བྱེད་འདོད་ཡོང་གི་འདུག །དེར་བརྟེན་ངའི་དྲི་བ་ནི། ཁོང་ཁྲོ་ཡག་པོའམ་ཕན་ཐོགས་ཅན་གྱི་ཁོང་ཁྲོ་ཞིག་ཡོད་དམ། ངས་བྱམས་བརྩེའི་ཐོག་ནས་འཐབ་རྩོད་བྱེད་ཐུབ་བམ།
ངས་གོང་དུ་བཤད་པ་ལྟར། ཁོང་ཁྲོ་ནི་ཀུན་སློང་དང་འབྲེལ་བ་ཡོད། གཞན་ལ་སེམས་འཁུར་བྱེད་པའི་ཐོག་ནས་ཁོང་ཁྲོ་བྱེད་པ་གཅིག་དང་། ཞེ་སྡང་གི་ཀུན་ནས་བསླངས་པའི་ཁོང་ཁྲོ་གཅིག་ཡོད། དེ་གཉིས་ཐ་དད་ཡིན་པ་རེད།
༸གོང་ས་མཆོག །འཛམ་གླིང་ནང་ཁྱེད་རང་གིས་ཆོས་ལ་དད་པ་ཡོད་མཁན་མི་ཐེར་འབུམ་དྲུག་དང་མེད་མཁན་ཐེར་འབུམ་གཅིག་ཡོད་སྐོར་གསུངས་སོང་། ང་ལ་མཐོང་སྣང་ཞིག་ཡོད་པ་ནི། དེ་གཉིས་ཀ་མིན་པའི་མིའི་རིགས་ཀྱི་སྡེ་ཚན་གསུམ་པ་ཞིག་འདུག །ཁོང་ཚོ་སྲོལ་རྒྱུན་ཆོས་ལུགས་ཤིག་གི་བསྟི་གནས་ནང་འདུག་རྒྱུར་དགའ་པོ་མེད། འོན་ཀྱང་ཁོང་ཚོ་ཆོས་ཁས་མི་ལེན་མཁན་མ་རེད། ཁོང་ཚོས་ཆོས་ལུགས་ཀྱི་བསྟི་གནས་ཤིག་གི་མཚམས་ལས་འདས་ནས་སེམས་དོན་གྱི་བསླབ་བྱ་འདོད་ཀྱི་ཡོད། དེར་བརྟེན་ཁོང་ཚོར་ཁྱེད་ཀྱིས་བཀའ་སློབ་གང་གནང་འཆར་ཡོད་དམ།
ལོ་མང་སྔོན་ང་ལ་སི་ཊོག་ཧོམ་ (Stockholm) ནང་མི་ཁ་ཤས་ལས་གྲུབ་པའི་སྡེ་ཚན་ཆུང་ཆུང་ཞིག་ཐུག་བྱུང་། ཁོང་ཚོས་ད་ཡོད་ཀྱི་སྲོལ་རྒྱུན་ནམ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་དགའ་མོས་གང་ཡང་བྱེད་ཀྱི་མི་འདུག །འོན་ཀྱང་ཁོང་ཚོས་སེམས་དོན་གྱི་ཆོས་དོན་གཉེར་ཐོག་འཚོལ་གྱི་འདུག །དེ་འདྲ་ཡོད་པ་བདེན་པ་རེད། འོན་ཀྱང་ཁྱེད་རང་ཚོས་ “དུས་རབས་གསར་པའམ་” འདི་ནས་ཏོག་ཙམ་བླངས། ཡང་དེ་ནས་ཏོག་ཙམ་བླངས་ཏེ་ཕན་ཚུན་བསྲེས་ནས་ཆེན་པོ་ཞིག་བཟོས་ཀྱང་དེ་ལ་ཕན་ཐོགས་ཞེ་དྲགས་མེད།
ངའི་བསམ་པར། སོ་སོ་རང་ཉིད་ཕྱི་དངོས་པོའི་དགོས་མཁོར་འདོད་པ་ཚིམས་པ་ཙམ་མིན་པར། དེའི་སྟེང་གཏིང་ཟབ་པའི་རིན་ཐང་འཚོལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སོ་སོའི་མི་ཚེར་བརྟག་དཔྱད་བྱེད་རྒྱུ་དེ་དགེ་མཚན་ཆེ་ཞིང་། ང་ཚོའི་བདེ་སྐྱིད་དེ་དཔེར་ན། དབང་ཤེས་ལ་བརྟེན་ནས་འདོད་པ་ཚིམས་པ་ལྟ་བུའི་ཐོག་ནས་ཡོང་གི་མེད་པ་ཤེས་དགོས། དཔེར་ན། རོལ་དབྱངས་སྙན་མོ་ཞིག་བཏང་བཞག་ཡོད་ན། རང་ཉིད་འདོད་པ་ཚིམས་ཀྱི་ཡོད། འོན་ཀྱང་རོལ་དབྱངས་དེ་མཚམས་བཞག་པ་དང་འདོད་པ་ཚིམས་ནས་སྡོད་ཀྱི་མེད། ནང་སེམས་ཀྱི་རིམ་པའི་ཐོག་ནས་དད་པའམ་སྙིང་རྗེའི་ཚོར་སྣང་སྟོབས་ཆེན་ཞིག་ཡོད་ན། དེ་ལས་བྱུང་བའི་ཚིམས་པའི་ཚོར་བ་དེ་ཡང་དེ་བས་གཏན་པ་དང་རྒྱུན་རིང་བ་གནས་ཀྱི་ཡོད།
ཁྱེད་ལ་མཚོན་ན། མི་ཞིག་གི་མི་ཚེའི་ནང་གལ་ཆེ་ཤོས་ཀྱི་དངོས་པོ་གང་ཡིན་ནམ།
ངས་རྒྱུན་དུ་མི་རྣམས་ལ་མི་ཚེའི་དགོས་དོན་གཙོ་བོ་དེ་ནི་མི་ཚེ་སྐྱིད་པོ་ཞིག་ཡོང་རྒྱུ་དེ་ཡིན་ཅེས་བརྗོད་ཀྱི་ཡོད། བདེ་སྐྱིད་དང་དགའ་ཉམས་དེ་སྒྲུབ་པར། ང་ཚོས་དབང་ཤེས་དང་ཉམས་མྱོང་གྱི་རིམ་པའི་ཐོག་བརྟེན་དགོས་ཀྱི་མེད་པར། ང་ཚོའི་སེམས་ཀྱི་གནས་བབས་ལ་བརྟེན་དགོས། དེར་བརྟེན་ནམ་རྒྱུན་ངོས་ནས་ང་ཚོས་སོ་སོའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མང་ཙམ་བྱེད་དགོས་ཞེས་ཤོད་ཀྱི་ཡོད། ཐུགས་རྗེ་ཆེ།།