སེམས་ཅན་ཐམས་ཅད་ཙམ་མ་ཟད་ལྷག་པར་འགྲོ་བ་མི་རྣམས་ལ། བདེ་བ་དང་སྡུག་བསྔལ། བཟང་པོ་དང་ངན་པ། དེ་བཞིན་གནོད་པ་དང་ཕན་པ་གང་ཡིན་པའི་དབར་ལ་ཁྱད་པར་འབྱེད་པའི་ནུས་པ་ལྡན་ཡོད། དེ་འདྲའི་ཚོར་བ་རིགས་མི་འདྲ་བ་རྣམས་ཁྱད་པར་འབྱེད་པ་དང་ངོས་འཛིན་བྱེད་ཐུབ་པའི་ནུས་པ་ཡོད་པ་སོང་ཙང་། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན།
འདིར་ངས་ཚོར་བ་རིགས་མི་འདྲ་བ་དེ་དག་ཇི་ལྟར་འཕེལ་རྒྱས་ཕྱིན་ཡོད་པའི་རྙོག་འཛིངས་ཅན་གྱི་འབྱུང་ཁུངས་བརྗོད་མི་ཐུབ་ཀྱང་། བདེ་སྐྱིད་ལ་རྗེས་སུ་ཡི་རང་དང་སྡུག་བསྔལ་དང་གདུང་བའི་ཉམས་མྱོང་རྣམས་ལ་མི་དགའ་བ་བྱེད་པ་ནི་ང་ཚོ་ཚང་མར་མངོན་གསལ་དོད་པོར་ཡོད་པ་ཡིན། བྱས་ཙང་། མི་ཚེའི་ནང་བསུན་གཙེར་དང་ཟིང་འཁྲུག་མི་ཡོང་བར། མི་ཚེ་འཆམ་མཐུན་དང་ཞི་བདེའི་ངང་སྐྱེལ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན།
ཞི་བདེ་དང་བདེ་སྐྱིད་ཇི་ལྟར་ཐོབ་པའི་སྐོར་ལ་སླེབས་དུས། རང་ཉིད་ཀྱི་ཞི་བདེ་དང་བདེ་སྐྱིད་ཐམས་ཅད་ཕྱི་དངོས་པའི་ཕུན་ཚོགས་ཁོ་ན་ལས་ཐོབ་ཀྱི་ཡོད་བསམ་པ་ནི་ནོར་འཁྲུལ་རེད། ཕྱིའི་དངོས་པོའི་མཐུན་རྐྱེན་ལ་བརྟེན་ནས། ང་ཚོས་རང་ཉིད་ཀྱི་ལུས་ལ་ཚོར་བ་བདེ་བ་དང་སྐྱིད་པོ་ཞིག་གོང་འཕེལ་གཏོང་ཐུབ་པ་དང་། ལུས་ཀྱི་དཀའ་ངལ་ཁ་ཤས་ཤིག་སེལ་ཐུབ་སྲིད་ཀྱང་། ང་ཚོར་ཕྱིའི་མཐུན་རྐྱེན་ལས་བྱུང་བའི་ལུས་ཀྱི་ཚོར་བའི་ཉམས་མྱོང་གང་ཡིན་པ་དེ་དག་ནི། ལུས་ཀྱི་མྱོང་བ་ཙམ་ལ་ཚད་ངེས་པ་ཞིག་ལས་མེད།
དུད་འགྲོ་སེམས་ཅན་རིགས་གཞན་དག་དང་མི་འདྲ་བར། འགྲོ་བ་མི་རྣམས་ལ་ཕུགས་རྒྱང་རིང་པོར་འཆར་འགོད་དང་ཚོད་དཔག་བྱེད་ཐུབ་པའི་བསམ་བློའི་ནུས་པ་ཧ་ལས་པ་ཞིག་ལྡན་ཡོད། དེ་འདྲ་སོང་ཙང་། ང་ཚོ་འགྲོ་བ་མིས་མྱོང་བའི་ཚོར་བ་བདེ་སྡུག་རྣམས་ཀྱང་དེ་བས་ནུས་སྟོབས་ཆེ་བ་ཡོད། དེའི་རྒྱུ་མཚན་གྱིས་འགྲོ་བ་མིའི་བསམ་བློ་གཏོང་བའི་ནུས་པ་དང་ཧ་ཅང་འབྲེལ་ཆེ་བའི་སྡུག་བསྔལ་འཕར་མ་མྱོང་སྲིད་པ་ཡིན།
དཔེར་ན། དུད་འགྲོ་སེམས་ཅན་གཞན་དང་མི་འདྲ་བར་འགྲོ་བ་མི་ལ་ཆ་མཚོན་ན། འཕྲལ་གྱི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤོང་ཐུབ་པ་ལ་ང་ཚོ་འདོད་བློ་ཁེངས་ཀྱི་མེད། དེ་གང་ཡིན་ཞེ་ན། ང་ཚོ་འགྲོ་བ་མིར་ཕུགས་རྒྱང་རིང་པོར་འཆར་འགོད་བྱེད་པའི་བསམ་བློའི་ནུས་པ་དང་ལྡན་པས་ཡིན། དེར་བརྟེན་ང་ཚོས་རང་དང་གཞན་བར་ལ་དབྱེ་བ་འབྱེད་ཀྱི་ཡོད། དབྱེ་བ་དེ་གཞི་རྩར་བཟུང་ནས། ང་ཚོས་རྒྱལ་ཁབ་མི་འདྲ་བ་དང། མི་རིགས་མི་འདྲ་བ་དང། ཆོས་ལུགས་མི་འདྲ་བ་སོགས་ཀྱི་སྐོར་བཤད་ཀྱི་ཡོད། ང་ཚོས་དབྱེ་བ་གྲངས་མེད་ཅིག་འབྱེད་པ་ལ་གཞིར་བྱས་ཏེ། རྩོད་གླེང་དང་གོ་བ་ལོག་སྒྲུབ་ཀྱི་བསམ་བློའི་རིགས་མང་པོ་ཞིག་སྐྱེད་ཀྱི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མཚམས་མཚམས་ང་ཚོར་རེ་བ་མང་དྲགས་པ་དང་། མཚམས་མཚམས་ང་ཚོར་དོགས་པ་མང་དྲགས་པ་དེ་འདྲ་ཡོང་གི་ཡོད།
དེ་འདྲ་སོང་ཙང་། མིའི་རྣམ་དཔྱོད་དང་བསམ་བློ་རྐྱང་པར་གཞི་བཅོལ་ནས། ང་ཚོས་སྡུག་བསྔལ་གྱི་རིགས་མང་པོ་ཞིག་མྱོང་གི་ཡོད། དེ་ནི་སློབ་དཔོན་འཕགས་པ་ལྷས་མཛད་པའི་ཞི་བརྒྱ་པ་ཞེས་པའི་གཞུང་དུ་མདོར་བསྡུས་དང་གསལ་པོར་བཀོད་ཡོད་པ་ནི། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །དམན་པ་རྣམས་ལ་ལུས་ཀྱི་འོ།། ཞེས་གསུངས་ཡོད། དེའི་དོན་ནི། དབང་ཆ་དང་རྒྱུ་ནོར་མང་བ་ཡོད་པའི་མི་རྣམས་ལ་ཕྱི་ལུས་ཀྱི་སྡུག་བསྔལ་ཉུང་ཉུང་ཡོད་སྲིད་ཀྱང་། ནང་སེམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་བ་མྱོང་གི་ཡོད། དེ་བཞིན་དུ་སྤྱིར་བཏང་གི་མི་ཉམ་ཆུང་དང་སྐྱོ་པོའི་རིགས་ལ་ལྟོ་གོས་སོགས་ཇི་བཞིན་མི་འཐོབ་པའི་རྐྱེན་གྱིས་ལུས་ཀྱི་སྡུག་བསྔལ་མང་བ་ཡོད། དེ་འདྲ་སོང་ཙང་། འགྲོ་བ་མི་རྣམས་ཀྱིས་སྡུག་བསྔལ་འཕར་མ་མང་པོ་ཞིག་མྱོང་གི་ཡོད། དེའི་རྒྱུ་མཚན་ནི། ང་རང་ཚོའི་བསམ་བློ་གཏོང་ཕྱོགས་ཀྱིས་ཡིན་པ་རེད།
ངས་གོང་དུ་བཤད་པ་ལྟར། ལུས་ཀྱི་སྡུག་བསྔལ་ནི་ཕྱིའི་མཐུན་རྐྱེན་ཡར་རྒྱས་བཏང་བ་ལས་ཉུང་དུ་གཏོང་ཐུབ་ཀྱང་། ཁྱོད་ཀྱི་དངོས་པའི་མཐུན་རྐྱེན་རྣམས་འཕེལ་རྒྱས་སུ་ཕྱིན་པ་ལས། བསམ་བློའི་འཁྱེར་སོ་ལ་བརྟེན་ནས་འཕྲད་པའི་སྡུག་བསྔལ་རྣམས་ཉུང་དུ་གཏོང་མི་ཐུབ། དེའི་དཔེ་གསལ་པོ་ཞིག་ནི། ང་ཚོས་མིག་གིས་མཐོང་ཐུབ་པའི་མི་ཕྱུག་པོ་མང་པོ་ཞིག་ལ། ཕྱི་དངོས་པོའི་མཐུན་རྐྱེན་ཆ་ཚང་ཞིག་བདག་དབང་དུ་ཡོད་ཀྱང་། ཁོ་ཚོ་མུ་མཐུད་དེ་སེམས་ཀྱི་སྡུག་བསྔལ་གྱི་རིགས་མང་པོ་མྱོང་གི་ཡོད། འདི་ནི་ང་ཚོ་ཚང་མས་རྟོགས་ཐུབ་པ་ཞིག་ཡིན། བྱས་ཙང། དཀའ་ངལ་དང་མི་བདེ་བ། སྡུག་བསྔལ་བཅས་ནི་ནང་སེམས་ཀྱི་གནས་སྟངས་དང་བསམ་ཕྱོགས་འབའ་ཞིག་གི་འབྲས་བུ་ཡིན་པ་དེ་གསལ་པོ་ཞེ་དྲགས་རེད། དེ་དག་ཉུང་དུ་གཏོང་བ་དང་རྩ་མེད་བཟོ་རྒྱུ་ནི་རང་གི་སེམས་ཀྱི་ལྟ་ཚུལ་ལ་འགྱུར་བ་གཏོང་པ་བརྒྱུད་ཡོང་ཐུབ་པ་ཞིག་ལས། ཕྱིའི་དངོས་པོའི་མཐུན་རྐྱེན་བརྒྱུད་ནས་ཡོང་ཐུབ་པ་ཞིག་མིན།
གནད་དོན་འདི་བཞིན་མདོར་བསྡུས་ན། ང་ཚོས་བདེ་བ་དང་སྡུག་བསྔལ་མྱོང་བའི་སྐོར་ལ་སྐད་ཆ་བཤད་སྐབས། དེ་གཉིས་མྱོང་ཚུལ་ལ་རིགས་མི་འདྲ་བ་གཉིས་ཡོད། གཅིག་ནི་ང་ཚོས་དབང་པོའི་མྱོང་བ་དང་འབྲེལ་བ་ཆེན་པོ་ཡོད། དེ་ཡང་དབང་པོ་ལྔའི་ལམ་ནས་མྱོང་རྒྱུ་ཡོད་པའི་བདེ་བ་དང་སྡུག་བསྔལ་རྣམས་ཡིན། གཅིག་ཤོས་ནང་སེམས་དང་བསམ་བློའི་འཁྱེར་སོའི་སྟེང་ནས་མྱོང་བའི་བདེ་སྡུག་གི་ཚོར་བའི་རིམ་པ་གཞན་ཞིག་ཡོད། དེ་གཉིས་ལས་ནང་སེམས་ཀྱིས་མྱོང་བའི་བདེ་སྡུག་དེ། དབང་པོའི་བརྒྱུད་ནས་མྱོང་བའི་བདེ་སྡུག་ལས་ཞེ་དྲགས་ཀྱི་ཤུགས་ཆེ་ལ་ནུས་སྟོབས་ལྡན་པ་ཡོད།
དེའི་དཔེ་བརྗོད་གསལ་པོ་ཞིག་ནི། གལ་སྲིད་ཁྱོད་རང་ལ་ཕྱི་དངོས་པོའི་མཐུན་རྐྱེན་ཆ་ཚང་བདག་ཏུ་བཟུང་རྒྱུ་ཡོད་ཅིང་། ཕྱི་ལུས་ལ་དཀའ་ངལ་དང་སྡུག་བསྔལ་གྱི་རིགས་གང་ཡང་མེད་སྲིད་ཀྱང་། ཁྱོད་ཀྱི་ནང་སེམས་ལ་ད་དུང་ཞི་བདེ་བག་ཕེབས་མེད་པར། སེམས་ཀྱི་སྡུག་བསྔལ་མྱོང་བའི་སྐབས། ལུས་ཀྱི་བདེ་ཐང་དང་སྤྲོ་སྣང་དེ་རྣམས་ཀྱིས་ནང་སེམས་ཀྱི་རིམ་པར་འཕྲད་བཞིན་པའི་སྡུག་བསྔལ་དེ་རྣམས་ལས་ཐར་ཐུབ་ཀྱི་མེད། ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ཁྱོད་རང་ཕྱི་ལུས་ཀྱི་མི་བདེ་བ་དང་སྡུག་བསྔལ་འགའ་ཤས་དང་འཕྲད་ཀྱང་། ཁྱོད་ཀྱིས་སེམས་ཀྱིས་དེ་འདྲའི་གནས་སྟངས་དེ་ཡོངས་སུ་ངོས་ལེན་བྱེད་པ་ཡིན་ན། དེ་ནས་ཁྱོད་ཀྱིས་ལུས་ཀྱི་སྡུག་བསྔལ་དེར་བཟོད་སྒོམ་བྱེད་ཐུབ།
དཔེ་གཅིག་བཞག་ན། ཆོས་ཀྱི་ཉམས་ལེན་ལ་ཡོངས་སུ་སྦྱོང་བརྩོན་བྱེད་བཞིན་པའི་གང་ཟག་གཅིག ཆོས་ཀྱི་ཉམས་ལེན་དེར་འབད་བརྩོན་བྱེད་བཞིན་པའི་གནས་སྐབས་སུ། ལུས་ཀྱི་དཀའ་སྡུག་མང་པོ་ཞིག་འཕྲད་སྲིད་ཀྱང་། ནང་སེམས་སུ་འདོད་བློ་ཁེངས་པ་དང་ཆོག་ཤེས་པའི་ཚོར་སྣང་ཞིག་དང་། རང་ཉིད་ཀྱིས་འབད་རྩོན་བྱེད་བཞིན་པའི་དམིགས་ཡུལ་གསལ་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས། གང་ཟག་དེས་རང་ལ་འཕྲད་པའི་དཀའ་སྡུག་དེ་དག་དཀའ་ངལ་དུ་མི་སེམས་པར་རྒྱན་ཆར་བརྩི་བ་ཡིན། བྱས་ཙང་། དགོས་འདུན་ཆེན་པོ་ཞིག་མཐོང་སྟེ་གནས་སྟངས་དེ་རྣམས་ངོས་ལེན་བྱ་རྒྱུར་སེམས་སྟེང་ནས་གྲ་སྒྲིག་ཨང་གསར་ཡོད་པའི་སྒོ་ནས་ཕྱི་ལུས་ཀྱི་སྡུག་བསྔལ་དེ་རྣམས་དབང་དུ་བསྒྱུར་ཐུབ། དགོས་འདུན་དང་དམིགས་ཡུལ་གལ་ཆེ་བ་ཞིག་ལ་འབད་བརྩོན་བྱེད་བཞིན་པའི་སྐབས། ལུས་ཀྱི་སྡུག་བསྔལ་དེ་དག་ཇི་ལྟར་དབང་དུ་བསྒྱུར་ཐུབ་མིན་གྱི་སྐོར་ལ་དཔེ་ཤིན་ཏུ་ནས་མང་པོ་ཡོད། དེ་འདྲའི་གནས་སྐབས་སུ་ང་ཚོར་ལུས་ཀྱི་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཀྱི་ཡོད་ཀྱང་། དེ་དག་དགའ་བ་ཆེན་པོ་དང་སྤྲོ་བ་ཆེན་པོའི་ངང་ནས་རྒྱན་ཆ་ལྟ་བུར་བརྩིས་ཀྱི་ཡོད།
གནད་དོན་འདི་མདོར་བསྡུ་ན། ཁྱོད་ལ་དབང་པོ་དང་སེམས་ཀྱི་སྒོ་ནས་འཕྲད་པའི་མྱོང་བ་གཉིས་བྱུང་བ་ལས། སེམས་ཀྱི་བརྒྱུད་ནས་འཕྲད་པའི་མྱོང་བ་དེ་གལ་ཆེ་བ་ཡིན།
ངས་བཤད་པ་ལྟར། སེམས་ཀྱི་དཀའ་ངལ་ལ་གདོང་ལེན་དང་འབྲེལ་གཏུགས་བྱེད་པའི་སྐབས། དཀའ་ངལ་དེ་དག་ནི་ཁྱོད་ཀྱི་བསམ་བློའི་འཁྱེར་སོ་དང་སེམས་ཀྱི་སྣང་ཚུལ་ཁོ་ན་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པས། དེ་དག་ཉུང་དུ་གཏོང་བ་དང་མེད་པར་བཟོ་བར། སོ་སོ་རང་གི་བསམ་བློའི་འཁྱེར་སོ་ལ་འགྱུར་བ་གཏོང་དགོས། དེ་འདྲ་སོང་ཙང་། སེམས་ཀྱི་དཀའ་ངལ་དེ་རྣམས་རྩ་མེད་གཏོང་བ་ལ། ཐབས་དང་། ལམ་དང་། ཆ་རྐྱེན་ཡོད་པ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སེམས་ཀྱི་དཀའ་ངལ་མང་པོ་དེ་དག་ཉུང་དུ་གཏོང་ཐུབ་པ་དང་རྩ་མེད་བཟོ་ཐུབ་པའི་ཆ་རྐྱེན་དང་ཐབས་ཤེས་རྣམས་ཤེས་པ་བྱ་རྒྱུ་གལ་ཆེ། དེར་མ་ཟད། ང་ཚོས་སེམས་ཀྱི་དཀའ་ངལ་རྣམས་རྩ་མེད་བཟོ་རྒྱུའི་ཆ་རྐྱེན་དང་ཐབས་ཤེས་ཀྱི་སྐོར་བཤད་སྐབས། འགྲོ་བ་མི་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་པའི་ཡོན་ཏན་བཟང་པོ་རྣམས་རྟོགས་པ་དང་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན།
དཔེར་ན། ངས་འདི་ལྟ་བུ་ཞིག་མཐོང་གི་འདུག གལ་ཏེ་ཁྱོད་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཡག་པོ་ལྟ་ཞིབ་བྱས་ན། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པ་དེ་ཁྱོད་ཀྱིས་ཤེས་ཀྱི་རེད། དེའི་དོན་ནི་ང་ཚོ་ཕན་ཚུན་ཡོངས་སུ་གཅིག་གིས་གཅིག་ལ་བརྟེན་པའི་སྒོ་ནས་སྤྱི་ཚོགས་སུ་འཚོ་གནས་བྱེད་ཀྱི་ཡོད་པ་དེ་རེད། ང་ཚོ་རང་ཉིད་སྐྱེས་པའི་དུས་དེ་ནས་དར་མ་མ་ཆགས་ཀྱི་བར་ལ་སོ་སོར་བལྟ་རྟོག་ཐུབ་པ་དེ་གཞན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། མཐའ་ན་ཕྱི་ལུས་པོའི་བདེ་ཐབས་ཀྱང་གཞན་ལ་བརྟེན་དགོས། དེ་གང་ཡིན་ཞེ་ན། ང་ཚོའི་སྐྱེ་དངོས་རིག་པ་དང་ལུས་ཀྱི་གྲུབ་ཆ་དེ་ཉིད་གཞན་རྟེན་ཡིན་པས་སོ། ང་ཚོ་ཕྱོགས་ཕན་ཚུན་བློ་ཐག་ཇི་ཙམ་ཉེ་ཞིང་སྙིང་རྗེའི་བློ་ཇི་ཙམ་གྱིས་འཕེལ་རྒྱས་སུ་བཏང་བ། དེ་ཙམ་གྱིས་ཞི་བདེ་དང་བདེ་སྐྱིད་མང་བ་ཐོབ་ཐུབ། འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་རྣམས་ཀྱི་ཁེ་ཕན་ལ་བརྟེན་ནས། ང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་རྣམས་གལ་ཆེན་པོ་དང་དགོས་མཁོ་ཡོད་པ་ཞིག་ཡིན་པས། དེ་དག་ནི་ཉེ་བར་མཁོ་བའི་ཡོན་ཏན་རྣམས་ཡིན་པར་བརྗོད་ཆོག།
དེ་མིན་དཔེ་གཞན་ཁ་ཤས་བཞག་ན། ཕྱེ་མ་ལེབ་དང་རུས་སྦལ་གྱི་རིགས་རྒྱུད་ཕྲུ་གུ་སོགས་ནི་ཨ་མ་དང་ཕྲུ་གུ་གཉིས་བར་ཕན་ཚུན་ཞེ་དྲགས་ལྟོས་མི་དགོས་པ་འདྲ་ཞིག་ཡོད། དེ་ཡང་། ཕྱེ་མ་ལེབ་ལྟ་བུར་མཚོན་ན་སྒོ་ང་བཏང་ཚར་བའི་རྗེས་སུ་ཕྲུ་གུས་རང་གི་ཕ་མ་ཐུག་འཕྲད་བྱེད་མི་ཐུབ་ལ། དེ་བཞིན་རུས་སྦལ་ཡང་རང་གིས་སྒོ་ང་བཏང་ཚར་རྗེས་ཡལ་ནས་འགྲོ་གི་ཡོད། གལ་ཏེ་ཁྱོད་ཀྱིས་ཁོ་ཚོའི་ཨ་མ་དེ་ཕྲུ་གུའི་འགྲམ་དུ་འཁྱེར་ཡོང་ཡང་། ངས་བསམ་ན་ཕྲུ་གུ་དེ་དག་གིས་རང་གི་ཕ་མར་བྱམས་པ་དང་བརྩེ་བའི་རྣམ་འགྱུར་གྱི་ཡ་ལན་སློག་མདོག་ཁ་པོ་མ་རེད་དྲན་གྱི་འདུག གང་ཡིན་ཟེར་ན་སྐྱེ་ཙམ་ནས་ཁོ་ཚོ་རང་དབང་ངང་འཚོ་གནས་བྱེད་ཐུབ་པས་རེད། འདི་ནི་ཁོ་ཚོའི་སྐྱེ་བ་སྔོན་མའི་གོམས་འདྲིས་སམ། ཡང་ན་ཁོ་ཚོའི་གཟུགས་པོའི་ཆགས་སྟངས་ཀྱི་ཆ་ནས་བྱུང་བ་ཡིན་སྲིད། རུས་སྦལ་གྱི་ཕྲུ་གུར་མཚོན་ན་རང་ཉིད་ཀྱི་སྐྱེ་བ་སྔོན་མའི་གོམས་འདྲིས་དང་ལུས་པོའི་ཆགས་སྟངས་ལ་བརྟེན་ནས། ཁོ་ཚོ་རང་ཉིད་ཀྱིས་རང་ལ་བལྟ་རྟོག་བྱེད་ཐུབ་པ་ཡིན། ཁོ་ཚོས་རྒྱ་མཚོའི་རྦ་རླབས་ཀྱི་སྒྲ་རྣ་བས་ཐོས་སྐབས། ག་ལེར་རྒྱ་མཚོའི་ཕྱོགས་སུ་བསྐྱོད་ཅིང་རང་ཉིད་ཀྱིས་རང་ལ་བལྟ་རྟོག་བྱེད་ནུས། ཁོ་ཚོའི་ཨ་མས་ཕྲུ་གུ་ཚོ་འཁྲིད་ནས་རྐྱལ་རྩེད་སློབ་པ་སོགས་ཀྱི་བྱ་བ་མི་བྱེད་པ་ནི་གསལ་པོ་ཞེ་དྲགས་རེད། བྱས་ཙང་། ཁོ་ཚོས་རང་དབང་ལྡན་པའི་འཚོ་བ་ཞིག་སྐྱེལ་གྱི་ཡོད་པས། ང་ཚོས་དེ་རྣམས་ལ་ཕ་མ་དང་ཕྲུ་གུའི་བརྩེ་སེམས་ལྡན་པ་ཞིག་མཐོང་གི་མེད།
ད་ང་རང་ཚོ་འགྲོ་བ་མི་རྣམས་ལ་མཚོན་ན། ང་ཚོའི་ལུས་ཁམས་ཀྱི་ཆགས་སྟངས་ལ་བརྟེན་ནས་སྐྱེས་མ་ཐག་པ་ནས་རང་ཉིད་ཀྱི་ཕ་མ་གཉིས་ལ་བྱམས་བརྩེ་ཤུགས་དྲག་པོ་སྟོན་ཐུབ་ཀྱི་ཡོད། ལྷག་པར་རང་གི་ཨ་མར་བརྩེ་བ་ཤུགས་ཆེན་ཡོད། ངས་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་ཁས་ལེན་པའམ་ཆོས་ལུགས་གང་རུང་གི་དགོངས་དོན་གཞི་ལ་བཞག་ནས་གནད་དོན་འདི་དག་གསལ་ཁ་སྟོན་བཞིན་མེད། འོན་ཀྱང་། གལ་ཏེ་ཁྱོད་ཀྱིས་འགྲོ་བ་མིའི་འཚར་ལོངས་དང་འཚོ་གནས་ལ་གཟབ་ནན་གྱིས་བལྟས་ན། ཁྱོད་ཀྱིས་ང་ཚོའི་འཚོ་གནས་དེ་བཞིན་འགྲོ་བ་མིའི་རིན་ཐང་སྟེ། བྱམས་པ་དང་སྙིང་རྗེར་ཡོངས་སུ་བརྟེན་ནས་ཡོད་པ་དེ་རྟོགས་ཐུབ་ཀྱི་རེད། མིའི་ཕྲུ་གུར་ཆ་མཚོན་ན། སྐྱེས་མ་ཐག་པ་ནས་ཁོ་ཚོ་ཨ་མའི་ནུ་ཞོ་ལ་བརྟེན་ཞིང་། དེ་ནས་ག་ལེར་རང་ཉིད་ཀྱིས་རང་ལ་ལྟ་རྟོགས་བྱེད་མ་ཐུབ་བར་དུ་ཁོ་ཚོ་སླར་ཡང་ཕ་མ་གཉིས་ཀྱི་བྱམས་བརྩེར་ཡོངས་སུ་བརྟེན་དགོས་པ་ཡིན། དེ་བཞིན་ཁོ་ཚོ་འཚར་ལོངས་བྱུང་ཚར་བའི་རྗེས་སུའང་། ད་དུང་མུ་མཐུད་ནས་འགྲོ་བ་མི་གཞན་དག་གིས་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས་པ་ཡིན།
ཇི་སྲིད་ཁྱོད་ལ་མི་རོགས་པ་དང་མི་གང་རུང་གིས་ལྟ་རྟོགས་བྱེད་མཁན་ཡོད་པ་དེ་སྲིད། རང་ཁྱིམ་དུ་ཞི་བདེ་དང་བག་ཕེབས་ཀྱི་ཚོར་སྣང་ཆེས་ཆེར་མྱོང་བ་ཡིན། དེ་འདྲ་སོང་ཙང་། རང་གི་མི་ཚེ་དེ་བཞིན་གཞན་སུ་ལའང་གནོད་པ་མི་སྐྱེལ་བར་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཕན་པ་བསྒྲུབ་ཡུལ་ཞིག་ཏུ་སྣེ་འཁྲིད་དགོས་པ་ནི་གལ་ཆེན་པོ་རེད། གལ་སྲིད་ཁྱོད་ལ་འགྲོ་བ་གཞན་དག་གི་ཕྱོགས་སུ་བྱམས་པ་དང་བརྩེ་བའི་བློ་ཞིག་ཡོད་ཚེ། དེའི་ལན་དུ་མི་ཚང་མས་ཀྱང་ཁྱོད་ལ་བྱམས་པ་དང་དགའ་པོ་བྱ་ལ། རང་ཉིད་འཆི་བའི་གནས་སྐབས་སུའང་རང་གི་སེམས་སུ་སེམས་འཚབ་དང་ཞེད་སྣང་སོགས་སེམས་ཀྱི་བསུན་གཙེར་གང་ཡང་ཡོང་གི་མ་རེད།
གང་ལྟར། ང་ཚོ་འཚར་ལོངས་བྱུང་བའི་སྐབས་སུ། མཚམས་རེ་ང་ཚོའི་འཆར་སྣང་དུ་འགྲོ་བ་མིའི་རྣམ་དཔྱོད་ཤུགས་ཆེར་ཡོང་བ་དང་། སྐབས་རེ་མིའི་རྣམ་དཔྱོད་འདིས་ང་ཚོར་རེ་བ་སྟོང་པ་སྦྱིན་གྱི་ཡོད། ང་རང་ཚོ་མིའི་རྣམ་དཔྱོད་བརྒྱུད་ནས། བརྗོད་བྱ་གསར་པ་ལ་སློབ་སྦྱོང་བྱེད་པ་དང་། ཤེས་བྱ་གསར་པ་ཐོབ་ཀྱི་ཡོད། དེ་འདྲའི་ཤེས་བྱའི་རིགས་ཀྱིས་རྐྱེན་པས་ང་ཚོས་མཚམས་མཚམས་དང་། ལྷག་པར་དུ་རང་ཉིད་ཀྱི་བྱ་བཞག་གྲུབ་འབྲས་ལྡན་པ་ཞིག་བྱུང་བའི་དུས་སུ་བསམ་བློ་འདི་ལྟར་འཁོར་སྲིད་དེ། ངས་མི་གཞན་ལ་ཐུབ་ཚོད་དང་བཤུ་གཞོག་གཏོང་ཆོག གང་ཡིན་ཟེར་ན། ང་ལ་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཤེས་བྱ་ཡོད་པས་ཡིན། བྱས་ཙང་། ང་ལ་མཚོན་ན་འགྲོ་བ་མིའི་གཞི་རིམ་གྱི་རིན་ཐང་རྣམས་གལ་ཆེན་པོ་མ་རེད། ཅེས་བསམ་སྲིད་པ་ཡིན། ཁྱོད་ལ་འདི་འདྲ་བའི་རེ་བ་སྟོང་པའི་ཚོར་སྣང་ཡོང་ཞིང་། དེའི་ལམ་ནས་ཁྱོད་ཀྱིས་བསམ་བློའི་འཁྱེར་སོ་དང་ལྟ་ཚུལ་འདྲ་མིན་གྱི་རིགས་གོང་འཕེལ་གཏོང་བ་དང་། ཁྱོད་ཀྱིས་འཛེམ་ཟོན་གང་ཡང་མེད་པར་རང་ཉིད་ལ་ཁེ་ཕན་གང་རུང་ཞིག་རག་གི་ཡོད་པ་ལྟ་བུའི་གཞན་ལ་བཤུ་གཞོག་དང་ཐུབ་ཚོད་གཏོང་བ་ཡིན།
འོན་ཀྱང་དངོས་པོའི་གནས་ལུགས་སྟེང་ནས་ཁྱོད་ཀྱིས་འཚོ་བའི་ཁྲོད་གཞན་གྱི་བདེ་སྐྱིད་ལ་དོ་འཁུར་གང་ཡང་མི་བྱེད་པའི་མི་ཚེ་ཞིག་བསྐྱལ་ན། རིམ་བཞིན་ཁྱོད་ཀྱིས་མི་ཡོད་ཚད་རང་གི་དགྲ་བོར་གྱུར་བ་ཤེས་ཀྱི་རེད། ཁྱོད་ཀྱི་གཡས་གཡོན་སྟེང་འོག་གང་དུ་བལྟས་ཀྱང་། ཁྱེད་རང་དགའ་པོ་བྱེད་མཁན་གྱི་མི་ཕལ་ཆེར་སུ་ཞིག་ཀྱང་རག་གི་མ་རེད། དེ་འདྲ་བའི་བཟང་པོ་མ་ཡིན་པའམ་མི་དགེ་བའི་མི་ཚེ་ཞིག་བསྐྱལ་བའི་རྒྱུ་མཚན་གྱིས། རང་ཉིད་འཆི་བའི་གནས་སྐབས་སུ་མི་ཚང་མས། ད་ཡིན་ན་ཁོ་འཆི་བཞིན་འདུག་ཅེས་དགའ་སྤྲོ་བྱེད་སྲིད། སོ་སོ་རང་ཉིད་ཀྱང་རང་གི་འདས་པའི་མི་ཚེ་སྐྱེལ་སྟངས་དེའི་རིགས་ལ་ཕྱི་བལྟས་ཀྱིས་འགྱོད་པ་སྐྱེ་སྲིད་པ་ཡིན། དེ་བཞིན་སོ་སོའི་མི་ཚེ་སྐྱེལ་སྟངས་དེ་ལ་བརྟེན་ནས། མི་སུ་ཞིག་གིས་ཀྱང་རང་ལ་དོ་འཁུར་དང་བལྟ་རྟོག་མི་བྱེད་པས་རང་ཉིད་སླར་ཡང་བློ་ཕམ་ཆེན་པོའི་ཚོར་སྣང་ཡོང་སྲིད། བྱས་ཙང་། གལ་ཏེ་ཁྱོད་ཀྱིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་ལ་སྣང་མེད་བཏང་བ་ཡིན་ན། བཅོས་མིན་གྱི་བདེ་སྐྱིད་དང་ཡུན་རིང་ཐུབ་པའི་ཞི་བདེ་ཞིག་ཐོབ་རྒྱུའི་རེ་བ་གང་ཡང་མེད་པ་གསལ་པོ་ཞེ་དྲགས་རེད། དེ་འདྲ་ཡིན་དུས། མཐའ་མཇུག་ཁྱོད་རང་འཆི་བའི་སྐབས་སུ། ཁྱོད་ལ་མི་སུ་ཞིག་གིས་ཀྱང་ལྟ་རྟོག་དང་བརྩེ་བ་བྱེད་མཁན་མེད་པར། ལག་པ་སྟོང་པ་དང་སེམས་སྟོང་ལྷང་ལྷང་ངང་བློ་ཕམ་དང་བཅས་འཛམ་གླིང་འདི་བཞག་ནས་འགྲོ་དགོས་པ་ཆགས་ཀྱི་རེད། དེར་བརྟེན། འགྲོ་བ་སེམས་ཅན་གཞན་གྱི་བདེ་སྡུག་ལ་དོ་འཁུར་གང་ཡང་མེད་པར་མི་ཚེ་སྐྱེལ་སྟངས་དེ་འདྲ་ནི། དངོས་གནས་གླེན་པའི་མི་ཚེ་སྐྱེལ་སྟངས་ཤིག་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ཁྱོད་ཀྱིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་དག་ལ་འགྲོ་བ་མིའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་དང་ཤེས་རབ་ཀྱི་རོགས་ལ་བརྟེན་ནས་གཅེས་སྐྱོང་དང་གཙིགས་ཆེར་བཟུང་ཐུབ་པ་ཡིན་ན། ཁྱོད་ཀྱིས་འགྲོ་བ་མིའི་སྙིང་རྗེ་དེ་ཚད་དཔག་ཏུ་མེད་པར་གོང་འཕེལ་དུ་གཏོང་ཐུབ། དེ་འདྲའི་མི་ཚེ་སྐྱེལ་སྟངས་དེ་ནི། རྣམ་དཔྱོད་ལྡན་པ་དང་། རང་ཉིད་ཀྱི་མི་ཚེ་དོན་སྙིང་ལྡན་པར་སྐྱེལ་ཚུལ་ཞིག་ཡིན་ནོ།།