སྙིང་རྗེ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན།

Compassion as a source of happiness

མི་ཚེའི་དགོས་དོན་ནི་བདེ་སྐྱིད་འཐོབ་པའི་ཆེད་དུ་འབད་པ་དེ་ཡིན།

ང་ཚོ་འདིར་འཚོ་གནས་བྱེད་པ་དང་འཚོ་གནས་བྱེད་པའི་ཐོབ་ཐང་ཡོད། ཐ་ན་སེམས་ཅན་མ་ཡིན་པའི་མེ་ཏོག་ལ་སོགས་པར་ཡང་འཚོ་གནས་བྱ་རྒྱུའི་ཐོབ་ཐང་ཡོད། གལ་སྲིད་དེ་དག་ལ་གནོད་པའི་ནུས་ཤུགས་བཏོན་ཡོད་པ་ཡིན་ན། རྫས་སྦྱོར་གྱི་འགྱུར་ལྡོག་གི་རིམ་པའི་ཐོག་ནས། དེ་དག་འཚོ་གནས་བྱ་ཕྱིར་སླར་གསོ་བྱེད་ཀྱི་ཡོད། འོན་ཀྱང་[དེ་ལས་ལྷག་པའི་]སྲོག་ཆགས་འབུ་སྲིན་དང་སེམས་ཅན་ཆུང་ཤོས་སྦུབ་གཅིག་དུམ་སྐྱེས་ (amoebas) ཚུད་པའི་ང་ཚོ་འགྲོ་བ་མི་རྣམས་སེམས་ཅན་དུ་བརྩི་གི་ཡོད། [སེམས་ཅན་ཡིན་པའི་ཆ་ནས། འཚོ་གནས་ཐུབ་པའི་ཆེད་ང་ཚོར་རོགས་རམ་བྱེད་མཁན་གྱི་ཆ་ལག་མང་བ་ཡོད་པ་རེད།]

ང་དང་ཚན་རིག་པ་ལྷན་དུ་བགྲོ་གླེང་བྱུང་བ་ལ་གཞིགས་ན། སོ་སོ་རང་གི་འདོད་པའམ་འདུན་པའི་དབང་གིས་དངོས་པོ་རྣམས་བཀོལ་སྤྱོད་བྱེད་ཐུབ་པ་ནི་སེམས་ཅན་ཞེས་པའི་དོན་ཡིན། སེམས་ཅན་ཞེས་པའི་གོ་དོན་ནི་རིག་ཚོར་གྱི་རིམ་པའི་ཐོག་ནས་རིག་ཚོར་ཅན་ནམ་མི་ཡིན་དགོས་པའི་ངེས་པ་མེད། མ་གཞི་ནས་ “རྣམ་ཤེས་སམ་རིག་ཚོར་ཅན་” ཞེས་པ་འགྲེལ་བརྗོད་བྱ་རྒྱུ་ཁག་པོ་རེད། རྒྱུན་དུ་དེའི་དོན་ནི་སེམས་ཀྱི་གསལ་ཆ་དོད་ཤོས་ཀྱི་ཆ་དེ་ཡིན་པ་རེད། འོན་ཀྱང་ང་ཚོར་དྲན་ཤེས་མེད་པའམ་ཕྱེད་དྲན་ཤེས་མེད་པའི་སྐབས་རྣམ་ཤེས་མེད་པའི་དོན་ཡིན་ནམ། འབུ་སྲིན་རྣམས་ལ་རྣམ་ཤེས་ཡོད་དམ། གཅིག་བྱས་ན་རྣམ་ཤེས་ཞེས་བརྗོད་རྒྱུའི་ཚབ་ལ་ “འཛིན་རྟོག་གི་ནུས་པ་” ཞེས་བརྗོད་ན་ལེགས།

གང་ལྟར་ཡང་། ང་ཚོས་འདིར་[འཛིན་རྟོག་གི་ནུས་པ་]ཞེས་བརྗོད་པའི་དོན་ངོ་མ་དེ་ནི། བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བ་མྱོང་བའི་ནུས་པ་ཞིག་ལ་ཟེར། ངོ་མ་བྱས་ན་བདེ་བ་དང་སྡུག་བསྔལ་[བདེ་སྐྱིད་དང་བདེ་སྐྱིད་མེད་པ་]ཞེས་པ་ནི་ང་ཚོས་བརྟག་དཔྱད་གཏིང་ཟབ་པོ་བྱེད་དགོས་པའི་གནད་དོན་རེད། དཔེར་ན། སེམས་ཅན་ཚང་མར་འཚོ་སྡོད་བྱེད་པའི་ཐོབ་ཐང་ཡོད། འཚོ་གནས་བྱེད་པ་ཟེར་དུས་བདེ་ཐང་དང་བདེ་སྐྱིད་དོན་གཉེར་གྱི་འདོད་པ་ཡོད་པ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱིས་འཚོ་གནས་ལ་འབད་བརྩོན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོའི་འཚོ་གནས་ནི་རེ་བ་ལ་གཞི་བཅོལ་ཡོད་པ་དང། དེ་ཡང་རེ་བ་བཟང་པོ་ཞིག་སྟེ། བདེ་སྐྱིད་ལ་རེ་བ་དེ་ཡིན། དེ་འདྲ་སོང་ཙང་། མི་ཚེའི་དགོས་དོན་ནི་བདེ་སྐྱིད་ཡིན་པར་ངས་རྟག་ཏུ་མཇུག་སྡོམ་རྒྱག་གི་ཡོད། རེ་བ་བཟང་པོ་དང་བདེ་སྐྱིད་ཀྱི་ཚོར་བ་ལ་བརྟེན་ནས་ང་ཚོའི་གཟུགས་པོའི་གནས་སྟངས་ཀྱང་བདེ་ཐང་དུ་ཚོར་གྱི་ཡོད། དེ་འདྲ་སོང་ཙང། རེ་བ་དང་བདེ་སྐྱིད་ནི་འཕྲོད་བསྟེན་གྱི་མཐུན་པའི་བཟང་ཕྱོགས་ཀྱི་ཆ་རྐྱེན་ཁག་ཡིན་ཅིང་། འཕྲོད་བསྟེན་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་ལ་རག་ལུས་ཡོད།

ཕྱོགས་གཞན་ཞིག་ནས། ཁོང་ཁྲོ་ནི་ཉེན་སྲུང་མེད་པའི་ཚོར་བ་ཞིག་གི་ཐོག་གཞི་བཅོལ་ཏེ་ང་ཚོར་འཇིགས་སྣང་སྟེར་གྱི་ཡོད། ང་ཚོར་གནས་ཚུལ་ཡག་པོ་དེ་འདྲ་དང་འཕྲད་པའི་སྐབས་ང་ཚོ་བདེ་མོ་དང་འཇིག་ཉེན་མེད་པ་ཚོར་གྱི་ཡོད། ཡང་གང་ཞིག་གིས་ང་ཚོར་འཇིགས་སྣང་བསྐུལ་ཚེ། ཉེན་སྲུང་མེད་པར་ཚོར་ཏེ་ང་ཚོ་ཁོང་ཁྲོ་ཟ་གི་ཡོད། ཁོང་ཁྲོ་ནི་ང་ཚོའི་འཚོ་གནས་ལ་གནོད་སྐྱོན་གང་ཞིག་བྱེད་ཀྱི་ཡོད་པ་དེ་ལས་སྲུང་སྐྱོབ་བྱེད་པའི་སེམས་ཀྱི་ཆ་ཤས་ཤིག་ཡིན། འོན་ཀྱང་ཁོང་ཁྲོས་[མི་བདེ་བའི་ཚོར་བ་བྱིན་ཏེ་མཐར་]ང་ཚོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད།

ཆགས་སེམས་ནི་འཚོ་གནས་ལ་ཕན་ཐོགས་པའི་ཆ་རྐྱེན་ཅིག་ཡིན། དེར་བརྟེན་ཐ་ན་རྩི་ཤིང་ཞིག་ལ་རྣམ་ཤེས་མེད་ཀྱང་། ད་དུང་རྫས་སྦྱོར་གྱི་རྣམ་པ་ལྡན་པ་ལ་བརྟེན་ནས་རང་གིས་རང་སྲུང་སྐྱོབ་དང་འཚར་ལོངས་ཀྱི་རྒྱུ་བྱེད་ཀྱི་ཡོད། ང་ཚོའི་གཟུགས་པོ་ནི། ཕྱི་ལུས་ཀྱི་ཐོག་ནས་གཅིག་པ་ཡིན། འོན་ཀྱང་མི་ཡིན་པའི་ཆ་ནས། ང་ཚོའི་གཟུགས་པོར་ཡང་སེམས་ཚོར་གྱི་ཐོག་ནས་བཟང་ཕྱོགས་ཀྱི་ཆ་རྐྱེན་ཞིག་ཡོད་པ་དང། དེས་མི་གང་ཞིག་ལ་ཆགས་སེམས་སྐྱེ་བའམ་སོ་སོའི་བདེ་སྐྱིད་ལ་ཆགས་སེམས་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས། ཁོང་ཁྲོའི་གནོད་སྐྱོན་གྱིས། བདེ་སྐྱིད་ཚུད་པའི་དངོས་པོ་རྣམས་ནས་རིང་དུ་གཏོང་བར་བྱེད་པ་དང། ཕྱིའི་ལུས་ཀྱི་ཐོག་ལ། དགའ་བདེ་[བདེ་སྐྱིད་]ཚོར་བ་དེ་གཟུགས་པོར་ཕན་ཐོགས་ཆེན་པོ་ཡོད། དེ་དང་ཆབས་ཅིག་ཁོང་ཁྲོ་[མི་སྐྱིད་པའི་ཚོར་བ་སྐྲུན་པ་]གནོད་ཚབས་ཅན་ཞིག་ཡིན་པ་རེད། དེར་བརྟེན། [འཚོ་གནས་ཆེད་འབད་བརྩོན་བྱེད་པའི་ལྟ་ཚུལ་ཐོག་ནས་]མི་ཚེའི་དགོས་དོན་ནི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་དགོས་རྒྱུ་དེ་རེད། 

ངས་བརྗོད་བཞིན་པ་དེ་ནི་མིའི་གཞི་རྩའི་རིམ་པ་ཡིན་པ་ལས། ངས་ཆོས་ལུགས་ཀྱི་རིམ་པ་སྟེ། རིམ་པ་གཉིས་པའི་སྐོར་ཤོད་ཀྱི་མེད། ཆོས་ལུགས་ཀྱི་རིམ་པའི་ཐོག་ནས། མི་ཚེའི་དགོས་དོན་ཐད་འགྲེལ་བརྗོད་འདྲ་མིན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། རིམ་པ་གཉིས་པ་དེ་ནི་དོན་དངོས་སུ་གང་ལ་གང་འཚམ་གྱི་རྙོག་འཛིངས་ཅན་ཞིག་ཡིན། དེར་བརྟེན། འགྲོ་བ་མིའི་གཞི་རྩའི་རིམ་པ་ཙམ་གྱི་ཐོག་ལ་སྐད་ཆ་བཤད་ན་ཡག་ག་ཡོད།

བརྙན་པར། ༸གོང་ས་མཆོག “རེ་བ།” 

བདེ་སྐྱིད་ཅེས་པ་གང་ཡིན་ནམ།

ང་ཚོའི་མི་ཚེའི་དམིགས་ཡུལ་དང་དགོས་དོན་ནི་བདེ་སྐྱིད་ཡིན་པ་སོང་ཙང་། བདེ་སྐྱེད་ཅེས་པ་གང་ཡིན་ནམ། སྐབས་རེ་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་འདོད་པ་ཚིམས་པའི་ཚོར་སྣང་གཏིང་ཟབ་པ་སྦྱིན་གྱི་ཡོད། [གྱད་རྩལ་འགྲན་མཁན་ཞིག་ངལ་དུབ་ཆེ་བའི་སྦྱོང་བརྡར་རྗེས་ཀྱི་གནས་སྟངས་ལྟ་བུ་རེད།] དེར་བརྟེན་བདེ་སྐྱིད་ཅེས་པ་ནི་གཙོ་བོ་སེམས་གཏིང་ནས་འདོད་པ་ཚིམས་པའི་ཚོར་སྣང་ཞིག་ཡིན། དེ་འདྲ་ཡིན་དུས། ང་ཚོའི་མི་ཚེའི་དམིགས་ཡུལ་ལམ་དགོས་དོན་སྙིང་པོ་ནི་ཡིད་ཚིམ་པ་བྱ་རྒྱུ་དེ་ཡིན།

བདེ་སྐྱིད་དང་། ཡིད་སྐྱོའམ་སྡུག་བསྔལ། གང་ལྟར་ཡང་། དེ་དག་ལ་རིམ་པ་གཉིས་ཡོད། དབང་ཤེས་ཀྱི་རིམ་པ་དང་ཡིད་ཤེས་ཀྱི་རིམ་པ་གཉིས་རེད། ཚོར་བའི་དབང་པོའི་རིམ་པ་ནི་ནུ་གསོ་སྲོག་ཆགས་དང་སྦྲང་བུ་ལྟ་བུའི་འབུ་སྲིན་ཆུང་ཆུང་རིགས་དང་གཅིག་པ་ཡིན། གནམ་གཤིས་གྲང་བའི་ས་ཁུལ་ཞིག་གི་ནང་། ཉི་མ་ཤར་བའི་ཚེ། སྦྲང་བུས་བདེ་སྐྱིད་ལྡན་པའི་རྣམ་པ་སྟོན་ཅིང་། དགའ་པོའི་ངང་གཡས་གཡོན་དུ་འཕུར་ལྡིང་བྱེད། ཁང་པ་གྲང་མོ་ཞིག་གི་ནང་། ཉོབ་སྣང་དང་། ཡིད་སྐྱོ་བའི་རྣམ་འགྱུར་སྟོན། འོན་ཀྱང་གལ་སྲིད་དེར་རྙོག་འཛིངས་ཆེ་བའི་ཀླད་པ་ཞིག་ཡོད་ན། ཐ་ན་དབང་ཤེས་ཀྱི་བདེ་བའི་ཚོར་བ་དེ་ཤུགས་ཆེ་བ་ཡོད། དེར་མ་ཟད། རྙོག་འཛིངས་ཆེ་བའི་ང་ཚོའི་ཀླད་པ་ནི་རྒྱ་ཆེ་ཤོས་ཡིན་པས། ང་ཚོར་རྣམ་དཔྱོད་ཀྱང་ལྡན་ཡོད།

[གནས་སྟངས་འདི་འདྲ་ཞིག་ལ་བསམ་བློ་ཐོངས་དང་] ཕྱིའི་འཇིགས་སྣང་གི་ཚོར་བ་མེད་པའི་འགྲོ་བ་མི་རྣམས་མི་ཚེ་སྐྱིད་པོ་ཞིག་དང་བདེ་པོ། གྲོགས་བཟང་པོ། གླ་ཕོགས་ཡག་པོ། སྙན་གྲགས་བཅས་ཡོད། འོན་ཀྱང་། དཔེར་ན། འབྱོར་ལྡན་དུང་ཕྱུར་བདག་པོ་འགས་སོ་སོ་སྤྱི་ཚོགས་ནང་གི་ཆ་ཤས་གལ་འགངས་ཆེ་བ་ཞིག་ཡིན་པར་བསམ་གྱི་ཡོད་པ་ང་ཚོས་དོ་སྣང་ཡོང་གི་ཡོད། འོན་ཀྱང་རྒྱུན་དུ་མི་དེ་ཚོ་ནི་སྐྱིད་པོ་མེད་པའི་མི་ཞིག་ཡིན། སྐབས་རེ་ངོས་དང་མི་ཕྱུག་བདག་དང་དབང་ཤུགས་ཅན་འགའ་ཐུག་འཕྲད་བྱུང་སྐབས། ཁོང་ཚོས་དཀའ་ངལ་ཆེ་བའི་རྣམ་པ་སྟེ། སེམས་ཀྱི་གཏིང་ན་གནོན་ཤུགས་དང་སེམས་ཁྲལ་གྱིས་ཁེངས་པ་དང་ཁེར་རྐྱང་གི་ཚོར་བ་ཡོད་པའི་རྣམ་པ་སྟོན་གྱི་འདུག །དེར་བརྟེན་སེམས་ཀྱི་རིམ་པའི་ཐོག་ལ་ཁོང་ཚོར་སྡུག་བསྔལ་ཡོད་པ་རེད།

ང་ཚོར་ད་དུང་ངོ་མཚར་ཅན་གྱི་རྣམ་དཔྱོད་ཅིག་ཡོད། དེར་བརྟེན་ང་ཚོའི་ནང་སེམས་ཀྱི་རིམ་པའི་མྱོང་བ་ནི་ཕྱི་ལུས་ཀྱི་རིམ་པ་ལས་ཤུགས་ཆེ་བ་དང་། དེ་ལ་བརྟེན་ནས་ཕྱི་ལུས་ཀྱི་སྡུག་བསྔལ་ཆུང་དུ་གཏོང་བའམ་དབང་དུ་བསྡུ་ཐུབ་པ་ཡིན། དཔེ་ཆུང་ཆུང་ཞིག་ནི། སྐབས་ཤིག་ལ་ངོས་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་བྱུང་། དེ་ནི་ངོས་ཀྱི་རྒྱུ་མའི་ནང་ན་ཟུག་ཆེན་པོ་འདུག །སྐབས་དེ་དུས་ངོས་རང་རྒྱ་གར་གྱི་མངའ་སྡེ་སྐྱོ་ཤོས་བི་ཧར་ (Bihar) ནང་ཡོད་ཅིང་། རྡོ་རྗེ་གདན་དང་ནཱལནྡ་བརྒྱུད་ཕྱིན་པ་ཡིན། དེར་ངོས་ནས་ཕྲུ་གུ་ཉམ་ཐག་མང་པོ་ཡོད་པ་མཐོང་བྱུང་། ཁོང་ཚོས་བ་ཕྱུགས་ཀྱི་ལྕི་བ་སྒྲུག་ནས་སྡོད་པ་དང་། སློབ་སྦྱོང་གི་མཐུན་རྐྱེན་མེད་སྟབས་ངོས་ལ་སེམས་སྡུག་ཆེན་པོ་བྱུང་། དེ་རྗེས་མངའ་སྡེའི་རྒྱལ་ས་པཊ་ནའི་ཉེ་འགྲམ་དུ་སླེབས་སྐབས་ངོས་ཀྱི་ལུས་ལ་ན་ཟུག་ཆེན་པོ་དང་རྔུལ་ནག་མང་པོ་ཤོར་སོང་། ཆབས་ཅིག་ངོས་ནས་གོས་དཀར་པོ་ཧ་ཅང་བཙོག་པ་གྱོན་པའི་རྒས་པོ་ནད་པ་ཞིག་མཐོང་བྱུང་། ཁོང་ལ་སུ་གཅིག་གིས་ཀྱང་ཁ་ཡ་དང་ལྟ་སྐྱོང་བྱེད་མཁན་མི་འདུག །དེ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་འདུག །དེའི་མཚན་མོ་ངོས་ཀྱི་འགྲུལ་ཁང་ནང་། མ་གཞི་ངོས་ཀྱི་ལུས་པོའི་ན་ཟུག་ཧ་ཅང་ཆེ་ནའང་། སེམས་ནང་རྒས་པོ་དེ་དང་ཕྲུ་གུ་དེ་དག་འཁོར་ནས། བསམ་བློ་དེས་ངོས་ཀྱི་ན་ཟུག་ཆུང་དུ་གཏོང་ཐུབ་པ་བྱུང་།

རྒྱལ་སྤྱིའི་རྩེད་འགྲན་རྒྱས་འཛོམས་ (Olympic Games) ཆེད་སྦྱོང་བརྡར་བྱེད་མཁན་རྣམས་ལ་དཔེ་ཆ་བཞག་ན། ཁོང་ཚོས་ཤུགས་དྲག་ཆེ་བའི་སྦྱོང་བརྡར་བྱེད་ཅིང་། ལུས་ལ་ན་ཟུག་དང་མི་བདེ་བ་གང་བྱུང་ཀྱང་གང་ཡང་མེད། ཁོང་ཚོའི་སེམས་ནང་སྐྱིད་པའི་ཚོར་སྣང་ཅིག་ཡོང་གི་ཡོད། དེར་བརྟེན། ནང་སེམས་ཀྱི་རིམ་པ་དེ་ཕྱི་ལུས་ཀྱི་མྱོང་བ་ལས་གལ་ཆེ་བ་ཡིན། དེ་འདྲ་ཡིན་པ་སོང་ཙང། མི་ཚེའི་ནང་དངོས་གནས་གལ་ཆེ་བ་དེ་ག་རེ་རེད་ཟེར་ན། དེ་ནི་བདེ་སྐྱིད་དང་ཡིད་ཚིམས་པ་བྱ་རྒྱུ་དེ་རེད།

བདེ་སྐྱིད་ཀྱི་རྒྱུ།

ད་བདེ་སྐྱིད་ཀྱི་རྒྱུ་གང་དང་གང་རེད་དམ། ངོས་ཀྱི་བསམ་པར། ལུས་འདིའི་གྲུབ་ཆ་རྣམས་ཞི་འཇམ་གྱི་སེམས་དང་མཉམ་དུ་ལེགས་པར་གནས་པ་ལས། བསུན་གཙེར་ཅན་གྱི་སེམས་དང་གནས་ཀྱི་མེད་པ་སོང་ཙང། ཞི་འཇམ་གྱི་སེམས་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་ཕྱི་ལུས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོད་ནའང་ཁྱད་པར་མེད། གལ་ཆེ་ཤོས་ནི་ཞི་འཇམ་གྱི་སེམས་དགོས་རྒྱུ་དེ་ཡིན། དེར་བརྟེན་ང་ཚོས་ལྷིང་འཇགས་དང་ཞི་འཇམ་གྱི་སེམས་ཇི་ལྟར་སྐྲུན་ཐུབ་བམ།

ད་དཀའ་ངལ་གང་ཡོད་པ་ཚང་མ་སེལ་རྒྱུ་ནི་མི་སྲིད་པ་ཞིག་ཡིན་ཅིང་། སེམས་ཐིབ་ཏུ་བཅུག་ནས་དཀའ་ངལ་རྣམས་དྲན་པ་བརྗེད་དུ་བཅུག་ནའང་དེས་ཕན་ཐོགས་མེད་པ་རེད། ང་ཚོས་སོ་སོའི་དཀའ་ངལ་རྣམས་ལ་གསལ་པོ་ལྟ་ཞིབ་བྱས་ཏེ། གདོང་ལེན་བྱེད་དགོས། འོན་ཀྱང་དེ་དང་དུས་མཉམ་དུ་ང་ཚོས་སེམས་ཞི་འཇམ་ཉར་ཐུབ་ན་དོན་དངོས་དང་མཐུན་པའི་བསམ་ཕྱོགས་ཤིག་དང་ལྡན་པ་དང་། དེ་དག་ལ་ང་ཚོས་ལྟ་ཚུལ་ཡག་པོ་ཞིག་འཛིན་ཐུབ་པ་དང་གདོང་ལེན་ཡག་པོ་བྱེད་ཐུབ་ཀྱི་རེད།

ཞི་བྱེད་ཀྱི་སྨན་ (tranquilizer) ཟ་མཁན་རྣམས་ཀྱི་ཐད་ངོས་ལ་ཉམས་མྱོང་མེད། ཞི་སྨན་བེད་སྤྱོད་བྱེད་པའི་སྐབས་མི་རྣམས་ཀྱི་བློ་གྲོས་རྣོ་པོའམ་རྟུལ་པོ་ཡོད་མེད་ངོས་ནས་ཤེས་ཀྱི་མེད། ངོས་ཀྱིས་སྐད་ཆ་འདྲི་དགོས་པ་ཆགས་ཡོད། དཔེར་ན། ཕྱི་ལོ་ ༡༩༥༩ ལོར་ངོས་མ་སུ་རི་ལ་ཡོད་པའི་སྐབས། ངོས་ཀྱི་ཨ་མ་ལགས་སམ་ཕལ་ཆེར་མི་གཞན་ཞིག་ལ་སེམས་ལ་དཀྲོག་རྐྱེན་ཐེབས་ནས་སེམས་འཚབ་ཆེན་པོ་བྱུང་སྟེ་གཉིད་ཐེབས་ཀྱང་བཅག་པ་རེད། སྨན་པས་བཟི་སྨན་གང་རུང་ཟས་ན་འགྲིགས། འོན་ཀྱང་དེས་སེམས་ཏོག་ཙམ་ཐིབ་པ་ལྟ་བུ་བཟོ་ངེས་རེད་ཅེས་འགྲེལ་བརྗོད་གནང་སོང་། སྐབས་དེར་ངོས་ཀྱི་བསམ་པར། དེ་ཡག་པོ་མི་འདུག་བསམས་བྱུང་། ཕྱོགས་གཅིག་ནས་རང་ལ་སེམས་ཞི་འཇམ་ཏོག་ཙམ་འོང་ཀྱང་། ཕྱོགས་གཞན་ཞིག་ནས་དེས་སེམས་བྱིང་བ་དང་ཉོབ་ཏོ་བཟོ་གི་ཡོད། དེ་ཡག་པོ་མ་རེད། དེར་བརྟེན་ངོས་ནས་ལམ་གཞན་ཞིག་འདམ་ག་བྱས་པ་ཡིན། ཡིད་ལ་བསུན་གཙིར་དང་དཀྲོག་རྐྱེན་མེད་པར་རྣམ་དཔྱོད་ཀྱི་བྱེད་ལས་ཧུར་པོ་དང་དོ་སྣང་ཅན། གྲུང་པོ་ཞིག་བདམས་པ་ཡིན། སེམས་ལ་དཀྲོག་རྐྱེན་དང་བསུན་གཙིར་མེད་པའི་ཞི་འཇམ་ནི་ལེགས་ཤོས་ཡིན།

དེ་ལ་སྙིང་རྗེ་དང་ལྡན་པའི་འགྲོ་བ་མིའི་བྱམས་བརྩེ་དངོས་གནས་གལ་ཆེན་པོ་ཡིན། ང་ཚོའི་སེམས་ཇི་ཙམ་གྱི་སྙིང་རྗེ་ཆེ་བ་ཡོད་པ་དེ་ཚོད་ཀྱིས་ཀླད་པས་བྱ་བ་ལེགས་པ་བྱེད་ཀྱི་ཡོད། གལ་སྲིད་སེམས་ནང་འཇིགས་སྣང་དང་ཁོང་ཁྲོ་བསྐྱེད་པ་ཡིན་ན། དེ་ནས་ག་རེ་ཡོང་གི་རེད་ཅེ་ན། ང་ཚོའི་ཀླད་པས་བྱ་བ་སྐྱོ་བ་བྱེད་ཀྱི་ཡོད། སྐབས་ཤིག་ངོས་ལ་ལོ་ན་བརྒྱད་བཅུ་ལྷག་ཏུ་སོན་པའི་ཚན་རིག་པ་ཞིག་ཐུག་བྱུང་། ཁོང་གིས་རང་ཉིད་ཀྱི་དཔེ་དེབ་ཅིག་ངོས་ལ་སྤྲད་བྱུང་། ཕལ་ཆེར་དེབ་དེའི་མིང་ལ་ “ང་ཚོ་ཁོང་ཁྲོའི་བཙོན་པ་ཡིན་” ཞེས་པ་འདྲ་པོ་ཡོད། ཁོང་གི་ཉམས་མྱོང་ཐད་གོ་བསྡུར་བྱེད་པ་དང་ཆབས་ཅིག་ཁོང་གིས། ང་ཚོས་ཡུལ་གང་ཞིག་གི་ཕྱོགས་ལ་ཁོང་ཁྲོ་ལངས་སྐབས། ཡུལ་དེ་ཧ་ཅང་མི་མཛེས་པའམ་ངན་པ་ཞིག་ཏུ་སྣང་གི་ཡོད། འོན་ཀྱང་མི་མཛེས་པའམ་ངན་པའི་ཆ་བརྒྱ་ཆ་དགུ་བཅུ་ནི་ང་ཚོའི་སེམས་ཀྱི་འཆར་སྣང་ཙམ་རེད། དེ་ནི་ཁོང་སྒེར་གྱི་ཉམས་མྱོང་ཡིན་ཅེས་གསུངས་སོང་།

ནང་ཆོས་ནས་ཀྱང་གཅིག་མཚུངས་གསུང་གི་ཡོད། ཉོན་མོངས་ཅན་གྱི་སེམས་ཚོར་འཕེལ་བའི་སྐབས། ང་ཚོས་དངོས་པོའི་གནས་ལུགས་མཐོང་ཐུབ་ཀྱི་མེད། ང་ཚོས་གནད་དོན་ཅིག་ཐག་གཅོད་བྱ་དགོས་པ་དང་སེམས་ཁོང་ཁྲོའི་དབང་དུ་གྱུར་ཡོད་ན། ང་ཚོས་ཐག་གཅོད་ནོར་བ་ཞིག་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། མི་སུ་འདྲ་ཞིག་གིས་ཀྱང་ཐག་གཅོད་ནོར་བ་བྱེད་འདོད་མེད། འོན་ཀྱང་སྐབས་དེར་ལེགས་ཉེས་བླང་དོར་འབྱེད་པ་དང་ཐག་གཅོད་ཡག་པོ་བྱེད་པའི་ང་ཚོའི་རྣམ་དཔྱོད་དང་ཀླད་པའི་ཆ་ཤས་ཤིག་གིས་བྱ་བ་ཏག་ཏག་བྱེད་ཀྱི་མེད། ཐ་ན་རླབས་ཆེན་གྱི་འགོ་ཁྲིད་ཚོར་ཡང་མྱོང་བ་དེ་འདྲ་ཡོད།

དེར་བརྟེན་སྙིང་རྗེ་དང་བྱམས་བརྩེས་ཀླད་པས་བྱ་བ་ཚགས་ཚུད་པ་བྱེད་པར་རོགས་རམ་བྱེད་ཀྱི་ཡོད། ཞར་བྱུང་དུ་སྙིང་རྗེས་ང་ཚོའི་སེམས་ནང་སྟོབས་ཤུགས་སྦྱིན་ཅིང་། རང་གིས་རང་ལ་གདེང་ཚོད་སྟེར་བ་དང་དེ་ལས་འཇིགས་སྣང་ཤུགས་ཆུང་དུ་གཏོང་གི་ཡོད། དེ་ལས་ང་ཚོའི་སེམས་ཞི་འཇམ་དུ་གནས་པར་བྱེད་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། སྙིང་རྗེ་ལ་བྱེད་ལས་གཉིས་ཡོད་པ་ནི། དེས་ང་ཚོའི་ཀླད་པས་བྱ་བ་ཡག་པོ་བྱེད་དུ་འཇུག་པ་དང་ནང་གི་ནུས་སྟོབས་སྐྱེད་པར་བྱེད་ཀྱི་ཡོད། དེ་དག་ནི་བདེ་སྐྱིད་ཀྱི་རྒྱུ་ཡིན་པ་རེད། ངོས་ཀྱིས་དེ་འདྲ་བསམ་གྱི་འདུག

མཐུན་རྐྱེན་གཞན་དག་ཀྱང་བདེ་སྐྱིད་ལ་ཕན་ཐོགས་ཆེན་པོ་ཡོད་པ་བརྗོད་མི་དགོས་པ་རེད། དཔེར་ན། མི་ཚང་མ་དངུལ་ལ་དགའ་པོ་ཡོད། གལ་ཏེ་ང་ཚོར་དངུལ་ཡོད་ན། ང་ཚོས་མཐུན་རྐྱེན་སྣེ་ཁ་འཛོམས་པོ་ལོངས་སུ་སྤྱོད་ཐུབ། ནམ་རྒྱུན་ང་ཚོས་མཐུན་རྐྱེན་དེ་དག་གལ་ཆེ་ཤོས་ཡིན་པར་བསམ་གྱི་ཡོད། ངོས་ཀྱིས་དེ་ལྟར་རེད་བསམ་གྱི་མི་འདུག །ཕྱི་དངོས་པོའི་བདེ་ཐང་དེ་ལུས་ཀྱི་རྩོལ་བ་ལས་ཡོང་ཐུབ། འོན་ཀྱང་སེམས་ཀྱི་བདེ་སྐྱིད་ནི་སེམས་ཀྱི་རྩོལ་བ་ལ་བརྟེན་ནས་ཡོང་དགོས། གལ་ཏེ་ང་ཚོས་ཚོང་ཁང་གཅིག་ནང་ཕྱིན་ཏེ་ཚོང་པ་ལ་ང་ཚོར་སེམས་ཀྱི་ཞི་བདེ་ཉོ་དགོས་ཞེས་དངུལ་སྤྲད་ཀྱང་། ཁོང་ཚོས་དེ་འདྲ་ཞིག་འཚོང་རྒྱུ་མེད་བརྗོད་ངེས་རེད། སྐབས་དེར་ཚོང་པ་མང་པོ་ཞིག་མི་དེ་སྨྱོ་བ་མིན་ནམ་ཞེས་བསམས་ནས་ང་ཚོར་གད་མོ་ཤོར་གྱི་ཡོད། སྨན་ཁབ་དང་བཟི་སྨན་ཀྱི་རིགས་ཁ་ཤས་ཀྱིས་གནས་སྐབས་ཙམ་བདེ་བའམ་སེམས་ལྷོད་པོར་བཟོ་ཐུབ་ནའང་། དེས་སེམས་ཀྱི་བདེ་སྐྱིད་ཡོངས་སུ་རྫོགས་པ་དང་གཏན་དུ་གནས་པ་ཞིག་སྟེར་མི་ཐུབ། ང་ཚོས་སློབ་སྟོན་གྱི་དཔེ་མཚོན་དེ་ལས་གྲོས་བསྡུར་དང་རྒྱུ་མཚན་འགོད་པ་བརྒྱུད་སེམས་ཚོར་ལ་གདོང་ལེན་བྱེད་དགོས་པ་མཐོང་ཐུབ། དེར་བརྟེན་ང་ཚོས་སེམས་ཀྱི་ཐབས་ཚུལ་ཞིག་ངེས་པར་དུ་བེད་སྤྱོད་བྱེད་དགོས། དེ་འདྲ་སོང་བ་ཡིན་ཙང་། ངོས་ནས་ག་དུས་གཏམ་བཤད་བྱས་ཀྱང། དེང་དུས་ཀྱི་མི་རྣམས་ཀྱིས་ཕྱི་དངོས་པོའི་ཡར་རྒྱས་ཐོག་བསམ་བློ་གཏོང་ཡག་དང་དོ་སྣང་བྱེད་ཡག་མང་དྲགས་ཀྱི་འདུག་ཅེས་ཤོད་ཀྱི་ཡོད། གལ་སྲིད་ང་ཚོས་རིམ་པ་དེ་གཅིག་པུའི་ཐོག་དོ་སྣང་བྱས་ན། དེ་འདང་ངེས་ཤིག་ཆགས་ཀྱི་མེད། བཅོས་མིན་གྱི་བདེ་སྐྱིད་དང་ཡིད་ཚིམས་ནི་ངེས་པར་དུ་སེམས་ནང་ནས་ཡོང་དགོས།

དེའི་གཞི་རྩའི་གྲུབ་ཆའམ་ཆ་རྐྱེན་ནི་སྙིང་རྗེ་དང་འགྲོ་བ་མིའི་བྱམས་བརྩེ་ཡིན་ཅིང་། དེ་དག་ནི་སྐྱེ་དངོས་རིག་པའམ་ལུས་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད། བྱིས་པ་ཞིག་ལ་མཚོན་ན། འཚོ་གནས་ནི་མཐའ་ཅིག་ཏུ་བྱམས་བརྩེ་ལ་བརྟེན་ནས་ཡོད། གལ་སྲིད་དེར་བྱམས་བརྩེ་ཡོད་ན། ཉེན་སྲུང་དང་བརྟན་ཆ་ཡོད་པ་ཚོར་གྱི་ཡོད། དེ་མེད་ན་ང་ཚོས་སེམས་འཚབ་དང་ཉེན་སྲུང་མེད་པ་ཚོར་གྱི་ཡོད། ང་ཚོ་སོ་སོའི་ཨ་མ་དང་ཁ་བྲལ་སྐབས། ང་ཚོས་ངུ་བ་དང་། ང་ཚོ་ཨ་མས་ཕྱག་གིས་བརྩེ་བའི་སྒོ་ནས་དམ་པོར་བཟུང་བའི་སྐབས་བདེ་བ་ཚོར་ཞིང་ཁུ་སིམ་མེར་སྡོད་ཀྱི་ཡོད། ཕྲུག་གུ་མ་འབྱར་ཞིག་གི་ངོས་ནས་བཤད་ན། དེ་ནི་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད། དཔེར་ན། ངོས་ཀྱི་དགེ་རྒན་སྐྱེ་དངོས་ཚན་རིག་པ་ཞིག་ལ་དཔེ་མཚོན་ན། ཁོང་ནི་རྡུལ་ཕྲན་མཚོན་ཆར་འགོག་རྒོལ་བྱེད་མཁན་ཞིག་ཡིན། ཁོང་གིས་ང་ཚོ་སྐྱེས་པའི་རྗེས་གཟའ་འཁོར་ཁ་ཤས་རིང་ཨ་མའི་ལུས་ཀྱི་རེག་ཐུག་ནི་ཕྲུ་གུ་མ་འབྱར་དེའི་ཀླད་པ་རྒྱ་ཆེ་རུ་དང་ཡར་རྒྱས་འགྲོ་བའི་ཐད་དམིགས་བསལ་གནད་འགག་ཆེན་པོ་ཡོད་པར་གསུངས། དེ་ལ་བརྟེན་ནས་སེམས་ནང་ཉེན་སྲུང་དང་བརྟན་ཆ་ཡོད་པ་དང་བདེ་ཐང་གི་ཚོར་བ་ཞིག་བསྐྱེད་པ་དང་། དེས་ཀླད་པ་ཚུད་པའི་ལུས་ཀྱི་འཚར་ལོངས་ཏག་ཏག་ཡོང་ཐུབ་ཀྱི་ཡོད།

དེར་བརྟེན་སྙིང་རྗེ་དང་བྱམས་བརྩེའི་ས་བོན་ནི་ཆོས་ལུགས་ཀྱི་ཤོད་སྟངས་ཐོག་ནས་བྱུང་བ་ཞིག་མ་ཡིན་པར། དེ་ནི་སྐྱེ་དངོས་རིག་པའམ་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་གི་ཡོད། ང་ཚོ་ཚང་མ་ཨ་མའི་མངལ་ལས་སྐྱེས་པ་དང་མའི་བྱམས་སྐྱོང་དང་བརྩེ་བ་ལ་བརྟེན་ནས་འཚོ་གནས་ཐུབ་པ་བྱུང་ཡོད། རྒྱ་གར་གྱི་རྒྱུན་སྲོལ་ཁྲོད། ང་ཚོས་སྐྱེ་བ་ནི་དག་ཞིང་ནང་མེ་ཏོག་པདྨ་ལས་ཡིན་པར་བསམ་གྱི་ཡོད། དེ་ནི་ཡག་པོ་འདྲ་པོ་ཞིག་ཡོད་ཀྱང་། གཅིག་བྱས་ན་དེར་ཡོད་པའི་མི་རྣམས་ཀྱིས་མི་རྣམས་ལས་མེ་ཏོག་པདྨ་ལ་བརྩེ་བ་ཆེ་བ་ཡོད་སྲིད། བྱས་ཙང་། མའི་མངལ་ལས་སྐྱེ་བ་ནི་ལེགས་པ་ཡིན། གང་ཡིན་ཟེར་ན། ང་ཚོར་སྙིང་རྗེའི་ས་བོན་དང་ཐོག་ནས་རྒྱུད་ལ་རང་ཆས་སུ་གྲུབ་ཡོད། བྱས་ཙང་། དེ་དག་ནི་བདེ་སྐྱིད་ཀྱི་རྒྱུ་རྐྱེན་ཡིན།།

བརྙན་པར། དགེ་བཤེས་ལྷག་རྡོར། “མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཚུལ།” 
Top