བྱམས་པ་ཞེས་པ་དེ་ག་རེ་ཡིན་ནམ།

བྱམས་པ་ནི་གཞན་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་ཞིག་ཡོང་བར་འདོད་པ་དེ་ཡིན། ང་རང་ཚོའི་གོ་རྟོགས་གཞིར་བཟུང་བྱས་ན། དེ་ལྟར་གཅིག་མཚུངས་སུ་ང་རང་ཚོ་ཚང་མ་ལ་དགོས་བསྡད་ཡོད་ལ། དེ་ནི་སྤྱི་ལ་ཁྱབ་པའི་གཅིག་གྱུར་དང་ཆ་རྐྱེན་གཞན་ལ་ལྟོས་མི་དགོས་པའི་བྱམས་པ་དེ་ཡིན། གཞན་གྱི་དགོས་མཁོ་ལ་ཚོར་བ་རྣོན་པོ་དང་། ཁོ་ཚོའི་བདེ་སྐྱིད་ལ་ད་དུང་མཐུན་སྦྱོར་གང་དགོས་པའི་འདུན་སེམས་ཀྱི་ཁྱད་ཆོས་དང་ལྡན་ཡོད་པ་ཞིག་ཡིན། དེ་ནི་རང་ཉིད་ལ་ཚུར་གཅིག་རག་ཡོང་བསམ་པའི་རེ་བ་རྩ་བ་ནས་མེད་པར། ང་རང་ཚོ་དང་འབྲེལ་བ་ཡོད་དང་མེད། ཁོ་ཚོས་ག་རེ་བྱས་ཡོད་དང་མེད་བཅས་ལ་མ་ལྟོས་པར། ཚང་མ་ལ་གཅིག་མཚུངས་སུ་རྒྱ་སྐྱེད་དུ་གཏང་ཆོག་པ་ཡིན། སངས་རྒྱས་པའི་ཆོས་ཀྱི་ནང་དུ། བྱམས་པ་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་དེ་ཡིན།

བྱམས་པའི་ཁ་གཏད་ལ་འདོད་ཆགས། །

བྱམས་པ་དེ་ཡང་ནས་ཡང་དུ་སེམས་ཚོར་གཞན་དང་མཉམ་དུ་འགྲོགས་པ་ཡིན། གནོད་ཚབས་ཅན་གྱི་འདོད་ཆགས་དང་མཉམ་དུ་ང་ཚོས་དངོས་སུ་ཡིན་ན་འདྲ། ཡང་ན་སེམས་ནང་འཆར་བ་ཡིན་ནའང་འདྲ། མི་ཁ་ཤས་ཀྱི་བཟང་པོའི་ཡོན་ཏན་ལ་སྒྲོ་བཏགས་སོགས་ཀྱི་འུད་གཏམ་བཤད་ནས་ཁོ་ཚོའི་སྐྱོན་ཆ་རྣམས་ངོས་ལེན་མི་བྱེད་པ་ཡིན། ང་ཚོས་ཁོ་ཚོ་ལ་ཞེན་ཆགས་སྐྱེས་ཏེ། ཁོ་ཚོས་ང་ཚོ་ལ་དོ་སྣང་མི་སྤྲད་པའི་སྐབས་སུ། ང་ཚོའི་སེམས་མི་སྐྱིད་པ་ཆགས་ཏེ། ང་ནི་ཁྱེད་ལ་དགའ། ང་ནམ་ཡང་མ་གཡུག་ཨང་། ཁྱེད་མེད་ན་ང་འཚོ་ཐུབ་པ་མིན་འདུག་ཅེས་བསམ་བཞིན་ཡོད།

༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སྔ་ནས། བྱམས་པ་ངོ་མ་དེ་ནི། ང་ཚོ་ཁོ་ཚོ་ལ་དགའ་ན་རེད་མ་དགའ་ནའང་རེད། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ལ་ཉེ་དགའ་ཕྱོགས་ཞེན་མེད་པར་གཅེས་སྲུང་རྒྱུན་སྲིང་དུ་བྱེད་པའི་འདོད་པ་ཞིག་ཡིན། ཞེས་གསུངས་སོ།།

སངས་རྒྱས་པའི་ཆོས་ཀྱི་ནང་། བྱམས་པ་ཞེས་པ་དེ་ལ་གཞན་དང་མཉམ་དུ་སྙིང་ཉེ་བའི་ཚོར་བ་ཞིག་ཡོད། འོན་ཀྱང་དེ་ནི་གཞན་དག་གིས་རང་ཉིད་ལ་བྱམས་པ་དང་གཅེས་སྐྱོང་ཡོད་མེད་ལ་གཞིར་བཞག་པ་ཞིག་མ་རེད། དེ་འདྲ་སོང་ཙང་། སུ་གཅིག་ལའང་བརྟེན་མི་དགོས་པ་ཞིག་ཡིན། འདོད་ཆགས་དང་གཞན་བརྟེན་མཉམ་དུ་བསྲེས་པའི་བྱམས་བརྩེ་དེ་བརྟན་པོ་ཞིག་མེད། གལ་ཏེ་ང་རང་ཚོ་དགའ་སའི་མི་དེས་རང་ཉིད་ལ་གནོད་པ་དང་འཚེ་བའི་ལས་ཤིག་བྱེད་པ་ཡིན་ན། དེ་ནས་བཟུང་སྟེ་ཁོ་ཚོ་ལ་མི་དགའ་བ་ཆགས་སྲིད་པ་ཡིན། ཨ་ཙི། གཅིག་ལྟོས་དང་། ཆང་ས་རྒྱབས་པ་ག་ཚོད་ཙམ་ཞིག་ཐོག་མར་ཕན་ཚུན་དགའ་པོ་དང་བརྩེ་བ་སྤྲད་རེས་བྱས་ནས་འགོ་བཙུགས་པ་དང་མཐར་བཟའ་ཚང་ཁ་བྲལ་ནས་མཇུག་སྒྲིལ་བ་འདུག་གམ། ང་ཚོ་ལ་ཚུར་གཅིག་རག་ཡོང་བསམ་པའི་རེ་བ་དེ་མེད་ན། ང་ཚོ་དེ་ལས་གང་གིས་ཀྱང་ཤུགས་རྐྱེན་བྱེད་མི་ཐུབ། དཔེར་ན། ཕ་མས་དུས་རྟག་ཏུ་རང་གི་ཕྲུ་གུ་སྤྱོད་ངན་དེ་ལ་བྱམས་ཤིང་བརྩེ་བ་ཡོད་པ་མ་ཟད། རང་ཉིད་ཀྱི་ཕྲུ་གུར་གང་ཡག་ཡག་ཅིག་ཡོང་བར་འདོད་ཀྱི་ཡོད་པ་ནང་བཞིན་བྱམས་པ་བརྟན་པོ་ཞིག་གོང་འཕེལ་གཏང་བ་ལས། ང་ཚོས་ཧ་ཅང་གདོང་ལེན་བྱེད་པར་དཀའ་བའི་མི་རྣམས་དང་མཉམ་དུའང་གདོང་ལེན་བྱེད་པ་ལ་ནུས་པ་སྦྱིན་པ་ཡིན། དེ་ལྟར་ཡོང་བ་ལ་སྦྱོང་བརྡར་དགོས་ཀྱི་ཡོད། ཡིན་ནའང་ང་ཚོ་ཚང་མ་ལ་འཇོན་ཐང་དང་ནུས་པ་དེ་ཡོད་པ་ཡིན།

༼བྱམས་པ་གོང་འཕེལ་གཏོང་ཚུལ་ཞེས་པར་གཟིགས།༽

རང་ཉིད་རང་ལ་བརྩེ་བ། །

སྤྱི་ལ་ཁྱབ་པའི་གཅིག་གྱུར་གྱི་བྱམས་པ་དེ་ལ་ཡང་སེ་ཞིབ་ལྟ་མེད་པའི་རྣམ་པ་ཞིག་ཡོད་རེད། ང་རང་ཚོ་རང་སོ་སོ་ལའང་བརྩེ་བ་དགོས་པ་ཡིན། རང་སོ་སོ་ལ་བརྩེ་བ་དགོས་པའི་དོན་ནི། རང་གཅེས་པར་འཛིན་པའི་དགའ་བརྩེའི་སྒོ་ནས་མ་ཡིན་པར། རང་ཉིད་ཀྱི་གནས་སྐབས་དང་ཕུགས་རྒྱང་རིང་པོའི་བདེ་བའི་ཆེད་དུ་ལྷག་བསམ་དང་སེམས་འཁུར་ཡོད་པའི་སྒོ་ནས་རང་ཉིད་རང་ལ་བརྩེ་བ་དགོས་པ་ཡིན། ང་རང་ཚོ་རང་ཉིད་ཕུང་བར་བྱེད་པའི་གཤིས་སྤྱོད་ཀྱི་ཆ་ཤས་ཁ་ཅིག་ལ་མི་དགའ་བ་དེ་འདྲ་ཡོང་སྲིད་ཀྱང་། དེ་ནི་བྱམས་བརྩེའི་ལྡོག་ཟླར་གྱུར་བ་སྟེ། རང་ཉིད་མི་སྐྱིད་པའམ་སྡུག་པོ་ཞིག་འདོད་པའི་དོན་ནི་མ་ཡིན། ང་རང་ཚོ་སོ་སོ་ལ་རང་བཞིན་གྱིས་བདེ་སྐྱིད་ཡོང་བར་འདོད་ཀྱི་ཡོད།

བརྩེ་བ་དེ་རང་ཉིད་ལ་ཁ་ཕྱོགས་བསྒྱུར་ཡོང་དུས། དེས་ང་རང་ཚོ་བདེ་པོ་དང་སྤྲོ་པོ་ཞིག་ཡོང་བར་བྱེད་པ་ལ་འདུག་མི་ཚུགས་པའི་འདོད་པའི་རེ་བ་སྐོང་ཕྱིར་ཡིད་སྨོན་བྱེད་པ་ཁོ་ན་ཙམ་ཞིག་མ་ཡིན། དེ་འདྲ་ཞིག་ནས་ང་ཚོ་ལ་བདེ་སྐྱིད་ཉུང་ཉུང་ཞིག་ཐོབ་པ་དེ་ནམ་ཡང་ཡུན་རིང་པོར་མི་གནས་པར། ང་ཚོས་རྟག་ཏུ་ད་དུང་ཚིམ་རྒྱུ་མེད་པའི་འདོད་པ་གཅིག་གི་སྟེང་དུ་མཇུག་རྫོགས་འགྲོ་བ་ཡིན། གལ་ཏེ་རང་ཉིད་རང་ལ་ལྷག་བསམ་རྣམ་དག་གི་བརྩེ་བ་ཡོད་ན། ང་ཚོས་གནས་སྐབས་ཀྱི་བདེ་བ་ཙམ་མ་ཡིན་པར་ཡུན་ནས་ཡུན་དུ་གནས་པའི་བདེ་སྐྱིད་ངོ་མ་དེ་འཚོལ་ཐབས་བྱེད་ཀྱི་རེད། ནམ་ཞིག་ང་རང་ཚོ་དངོས་གནས་རང་སོ་སོ་ལ་བརྩེ་བ་ཡོད་པའི་དུས་ཤིག་ཤར་བའི་སྐབས། ང་ཚོས་དངོས་གནས་གཞན་དག་ལ་བརྩེ་བ་སྤྲད་ཐུབ་པ་ཡིན་ནོ།།

བརྙན་པར། མེ་ཐིའུ་རི་ཁརྡ། “བདེ་སྐྱིད་འཐོབ་ཆེད་གསང་བའི་ཐབས་ལས་སླ་པོ།” 
Top