གཞན་ལ་ཕན་པའི་ཐབས་ལམ་བཅུ་གཅིག

11 ways to help others
བརྙན་པར། དགེ་སློང་མ་ཐུབ་བསྟན་ཆོས་སྒྲོན།  “ནང་ཆོས་དང་སྤྱི་ཚོགས་ལས་དོན།” 

ཉིན་ལྟར་མི་དང་དུད་འགྲོ་མང་པོ་སྡུག་བསྔལ་མྱོང་བཞིན་ཡོད། དེ་དག་ལ་ཕན་ཐོགས་པའི་ཐབས་ཤེས་མི་འདྲ་བ་མང་པོ་ཡོད་པ་ཡིན། ཡིན་ནའང་། དེ་དག་གི་གནས་སྟངས་ངོས་འཛིན་པ་དང་། ཕན་ཐོགས་ཐབས་ཡག་ཤོས་དེ་ག་རེ་ཡིན་པ་ཧ་གོ་བ་བྱ་རྒྱུ་དེ་ཡིན། སྙིང་རྗེ་དང་ཐབས་རྩལ་ལྡན་པ་ཙམ་གྱིས་མི་འགྲིག་པར། ང་ཚོའི་དུས་ཚོད་ལ་གཏོང་ཕོད་ལྡན་པ་དང་། རང་སོ་སོ་ལ་སྒྲིག་ལམ་ཞིག་དགོས་པ་དང་། དེ་བཞིན་དུ་བཟོད་པ་དང་། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དགོས་པ་ཡིན། སྐབས་འདིར་གཞན་ལ་ཕན་ཐོགས་པའི་ཐབས་ལམ་བཅུ་གཅིག་ཡོད། དེ་དག་གིས་ཕན་འདོགས་དགོས་ངེས་རྣམས་ལ་ཕན་པ་མ་ཟད། དེས་ང་ཚོའི་ཁེར་རྐྱང་གི་སྐོགས་ཤུན་འདྲ་པོ་དེ་ནས་ཕྱིར་འདོན་པར་བྱེད་དེ་མི་ཚེ་དོན་དང་ལྡན་པ་ཞིག་བསྐྲུན་པ་ལའང་ཕན་ཐོགས་པ་ཡིན། དེ་ཡང་།

༡༽ སྡུག་བསྔལ་མྱོང་བཞིན་པ་རྣམས་ལ་བྱམས་སྐྱོང་།

སེམས་ཅན་ནད་པ་དང་དབང་པོ་སྐྱོན་ཅན། སྡུག་བསྔལ་གྱིས་མནར་བ་རྣམས་ལ་ང་ཚོས་བྱམས་སྐྱོང་བྱ་དགོས། གལ་ཏེ་ང་ཚོས་མི་ཁ་ཤས་ཁུར་ལྗིད་པོ་དང་ལས་ཀ་དཀའ་ལས་ཁག་པོ་དེ་འདྲ་བྱེད་དེ་མྱོང་བཞིན་པ་མཐོང་ན། དེ་དག་གི་དཀའ་སྡུག་ལ་ཁུར་ལྗིད་པོ་དེ་མཉམ་དུ་ཁུར་ཏེ་རོགས་པ་བྱེད་དགོས་པ་ཡིན།

༢༽ རང་ཉིད་རང་ལ་ཕན་ཐོགས་པ་ལ་མགོ་རྨོངས་པ་རྣམས་ལ་ལམ་སྟོན།

དཀའ་ངལ་གྱི་གནས་སྟངས་ནང་ག་རེ་བྱེད་དགོས་མི་ཤེས་པར་མགོ་འཐོམ་པ་རྣམས་ལ། གལ་ཏེ་ཁོ་ཚོས་རང་ཉིད་ལ་བསླབ་བྱ་བརྒྱབ་རོགས་ཟེར་ན་བསླབ་བྱ་བརྒྱབ་པ་དང་། མ་མཐའ་ཡང་ཁོ་ཚོས་གང་ཟེར་བ་ལ་ཉན་དགོས་པ་ཡིན། གལ་ཏེ་ང་ཚོའི་ཁྱི་དང་ཞི་མི་སོགས་ཁང་པའི་ནང་དུ་འཚུད་ནས་ཡོད་ན། ང་ཚོས་སྒོ་ཕྱེ་སྟེ་ཕྱིར་འདོན་དགོས་པ་ཡིན། དེ་བཞིན་དུ་སྦྲང་བུ་སྒེའུ་ཁུང་གི་ཉེ་འཁོར་དུ་འཁྱུག་སྟེ་འཕུར་བའི་སྐབས་སུའང་ང་ཚོས་རྩ་འཛིན་ལམ་སྟོན་འདི་བེད་སྤྱོད་བྱེད་ཀྱི་ཡོད། སྦྲང་བུ་དེ་ང་རང་ཚོའི་ཉལ་ཁང་དུ་བསྡད་འདོད་མེད་པར་ཕྱིར་ལོགས་ལ་འགྲོ་འདོད་ཡོད། བྱས་ཙང་དེ་ཐར་བའི་ཆེད་དུ་ང་ཚོས་སྒེའུ་ཁུང་ཕྱེ་བ་ཡིན།

༣༽ རང་ཉིད་ལ་རོགས་ཕན་བྱས་པ་རྣམས་ལ་དྲིན་ལན་འཇལ་དགོས།

 འཛམ་གླིང་འདི་ཡག་པོ་ཞིག་ཆགས་པ་བྱེད་པ་ལ་གཞན་གྱིས་ལས་དོན་ཅི་འདྲ་ཞིག་བྱེད་པ་ཐམས་ཅད་ལ་ཡི་རངས་བྱ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཕ་མ་ལྟ་བུའི་ང་རང་ཚོའི་དོན་དུ་དཀའ་ལས་བརླབས་ཆེན་བརྒྱབ་མཁན་རྣམས་ལ་རོགས་ཕན་སྒྲུབ་ཐབས་བྱ་དགོས་པ་ཡིན། དེ་ནི་རང་ཉིད་ལ་ནོངས་ཞིག་ཡོད་པའམ། ཡང་ན་ལས་འགན་ཞིག་ཡིན་པའི་ཚོར་བ་ཙམ་མ་ཡིན་པར། ལྷག་བསམ་རྣམ་པར་དག་པའི་བཀའ་དྲིན་དྲན་ཤེས་ཀྱི་སྒོ་ནས་རོགས་པ་བྱེད་དགོས་པ་ཡིན།

༤༽ འཇིགས་སྣང་གི་ཁེངས་པ་རྣམས་ལ་སེམས་གསོ་དང་སྲུང་སྐྱོབ་བྱ་དགོས།

འཇིགས་སྐྲག་ཡོད་པའི་མི་དང་དུད་འགྲོ་སེམས་ཅན་ཡོད་དོ་ཅོག་ལ་ཐབས་ཤས་གང་དྲགས་ཀྱིས་སེམས་གསོ་དང་སྲུང་སྐྱོབ་བྱ་དགོས་པ་ཡིན། གལ་ཏེ་མི་ཁ་ཤས། རང་ཉིད་ལ་རྨས་སྐྱོན་ཕོག་སྲིད་པའི་ཉེན་ཁ་ཆེ་བའི་ས་ཕྱོགས་སུ་འགྲོ་དགོས་བྱུང་ན། ང་ཚོས་ཁོ་ཚོ་དང་མཉམ་དུ་མཉམ་འགྲོགས་ཀྱིས་སྲུང་སྐྱོབ་བྱ་དགོས། འདས་པའི་དུས་ཀྱི་དྲག་པོའི་བཙན་འོག་ནས་ཐར་བའི་སྐྱབས་བཅོལ་བ་རྣམས་ལ་བདེ་འཇགས་ཉེན་སྲུང་དང་། གནས་དེ་གར་གཞིས་ཆགས་ཐབས་ལ་རོགས་སྐྱོར་བྱ་དགོས་པ་ཡིན། དམག་དང་ལོག་སྤྱོད་རིགས་ཀྱིས་སེམས་ལ་ཚ་གདུང་བཟོས་པ་རྣམས་ཀྱི་སེམས་ཚོར་གྱི་རྨ་ཁ་གསོ་བ་ལ་དམིགས་བསལ་ང་ཚོའི་བསམ་ཤེས་དང་རོགས་ཕན་དགོས་བསྡད་ཡོད།

༥༽ མྱ་ངན་གྱིས་དབང་དུ་སྡུད་པ་རྣམས་ལ་སེམས་གསོ་བྱ་དགོས།

 མི་རྣམས་རང་ཉིད་ཀྱི་སྙིང་ཉེ་དགའ་ས་ཞིག་ཤི་བ་དང་བཟའ་ཚང་ཁ་བྲལ་ནས་མྱ་ངན་བྱེད་བཞིན་པའི་སྐབས་སུ། ཁོ་ཚོ་ལ་སྙིང་རྗེའི་སྒོ་ནས་སེམས་གསོ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་ཁོ་ཚོ་ལ་ནམ་ཡང་ཐབས་སྡུག་པོ་དང་ཐབས་སྐྱོ་པོ་རེད་བསམས་ཏེ་མཐོང་ཆུང་མི་བྱ་བར། རང་ཉིད་ཁོ་ཚོའི་གནས་སྟངས་ནང་འཛུལ་ཡོད་བསམས་ནས་དཀའ་སྡུག་མཉམ་མྱོང་བྱ་དགོས་པ་ཡིན།

༦༽ དབུལ་འཕོང་རྣམས་ལ་ཟང་ཟིང་གི་སྦྱིན་པའི་རོགས་སྐྱོར་བྱ་དགོས།

 རོགས་སྐྱོར་དགེ་རྩ་ཚོགས་སྡེ་ཁག་ལ་ཞལ་འདེབས་འབུལ་ན་ཡག་པོ་རེད། འོན་ཀྱང་དེ་ནང་བཞིན་ང་ཚོས་དུས་རྒྱུན་རྒྱ་ལམ་དཀྱིལ་དུ་མཐོང་བའི་སློང་མོ་བ་རྣམས་ལའང་སྦྱིན་པ་གཏོང་དགོས་པ་གལ་ཆེན་པོ་རེད། ང་ཚོ་ལ་ངོ་ནོངས་དགོས་པ་ཅི་འདྲ་ཞིག་ཡོད་པ་ཡིན་ན་དེ་ལས་ཐར་བར་བྱ་དགོས། ལྷག་པར་དུ་གལ་ཏེ་ནང་མེད་པའི་སློང་མོ་བ་རྣམས་བཙོག་པ་དང་མི་སྡུག་པ་མཐོང་བའི་སྐབས་སུ། ང་ཚོས་དེ་རྣམས་ལ་བལྟ་མི་འདོད་པ་ཡོང་གི་ཡོད་ཀྱང་། འཛུམ་མུལ་མུལ་དང་གུས་ཞབས་གཅིག་པུའི་སྒོ་ནས་རོགས་སྐྱོར་བྱེད་དགོས་བསྡད་ཡོད། བསམ་བློ་གཅིག་གཏོང་དང་། གལ་ཏེ་རྒྱ་ལམ་དུ་གནས་པའི་མི་དེ་རང་ཉིད་ཀྱི་ཕ་མའམ། ཡང་ན་རང་ཉིད་བུ་ལྟ་བུ་ཡིན་ན། ང་ཚོས་ཚོར་མེད་སྙིང་རྗེ་དང་བྲལ་བའི་སྒོ་ནས་དེ་རྣམས་དྲི་ངན་གྱི་གད་སྙིགས་འདྲ་པོར་སྣང་མེད་དུ་བཏང་སྟེ་གང་འདྲ་སེ་འགྲོ་ནུས་སམ།

༧༽ ང་ཚོ་ལ་ཆགས་པ་རྣམས་ལ་ཆོས་ངོ་སྤྲོད་བྱ་དགོས།

 དུས་རྟག་ཏུ་རང་ཉིད་ཀྱི་ཉེ་འཁོར་དུ་འདུག་པར་འདོད་པ་རྣམས་ལ་རོགས་པ་བྱ་རྒྱུའི་འབད་བརྩོན་བྱེད་དགོས། ང་ཚོས་ཁོ་ཚོ་གཞན་བརྟེན་ཁོ་ནར་འགྱུར་ན་བསམ་པའི་འདོད་པ་མེད་ཀྱང་། གལ་ཏེ་ཁོ་ཚོ་ང་ཚོ་དང་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་ན། ང་ཚོས་བདེ་སྐྱིད་འཐོབ་པ་དང་གཞན་དོན་བསྒྲུབ་པའི་ཆེད་དུ་ནང་ཆོས་ཀྱི་གཞི་རྩའི་ཐབས་ལམ་རྣམས་འགྲེལ་བཤད་བརྒྱབ་པའི་སྒོ་ནས་ཕན་པ་སྒྲུབ་ཐབས་བྱ་ཆོག་པ་ཡིན། ཡིན་ནའང་། གལ་ཏེ་ཁོ་ཚོ་ལ་སྤྲོ་བ་ཞིག་ཡོད་ན་མ་གཏོགས་ཕན་ཐོགས་མེད། དེ་ནི་མི་རྣམས་གཅིག་ནས་གཞན་ཞིག་ཏུ་འགྱུར་བའི་སྐད་ཆ་མ་ཡིན་པར་སྤྱིར་བཏང་གི་རོགས་ཕན་དང་སློབ་གསོ་སྟེར་བའི་སྐོར་ལ་ཡིན། དེ་ལྟ་བུའི་སྒོ་ནས་ང་ཚོས་ཕན་ཚུན་འབྲེལ་ལམ་དོན་དང་ལྡན་པ་ཞིག་བཟོ་ཐུབ་པ་ཡིན།

༨༽ གཞན་གྱི་རེ་འདོད་ལྟར་རོགས་པ་བྱ་དགོས།

 ང་ཚོས་གཞན་ལ་རོགས་པ་བྱེད་སྐབས། ཁོ་ཚོའི་འདོད་པ་དང་མཐུན་ཞིང་རན་པའི་ཐབས་ལམ་གྱི་སྒོ་ནས་རོགས་པ་བྱེད་ཡག་ཐབས་ཤེས་གཏང་དགོས། གལ་ཏེ་མི་ཁ་ཤས་ཀྱིས་རང་ཉིད་ལ་དོན་གནད་ཁ་ཅིག་གི་སྐོར་ལ་སློབ་ཁྲིད་བྱེད་རོགས་ཟེར་ན། དེ་ང་ཚོའི་ལས་ཀ་དགའ་ཤོས་མ་ཡིན་ཡང་། གཞན་ལ་རན་ཞིང་མཚམས་ལ་ཕན་ཐོགས་པ་ཞིག་དང་། རང་ཉིད་ཀྱིས་ཀྱང་བྱེད་ཐུབ་པ་ཞིག་ཡོད་ན། གང་ཐུབ་ཅི་ཐུབ་ཀྱིས་བྱ་དགོས་པ་ཡིན། དེ་ནི་གལ་ཏེ་ང་ཚོ་གྲོགས་པོ་མཉམ་དུ་ཕྱི་ལོགས་ཟ་ཁང་གཅིག་གི་ནང་འགྲོ་བ་ཡིན་ན། དེ་རྟག་ཏུ་ཡང་ནས་ཡང་དུ་དེར་འགྲོ་ནས་རང་ཉིད་དགའ་བའི་ཟས་བཟའ་དགོས་ཤེས་ཨུ་ཚུགས་བྱེད་པ་ནི་རང་འདོད་དང་བསམ་མེད་རང་རེད། མཚམས་རེར་གཞན་གྱི་དགའ་སའི་ཁ་ལག་དང་བསྟུན་ཏེ་འགྲོ་ཆོག་པ་ཡིན། དཔེར་ན། ཕན་ཚུན་འབྲེལ་ལམ་སྐབས། རང་ཉིད་ལ་གང་འདོད་པ་དང་མི་གཞན་དེ་ལ་གང་འདོད་པ་གཉིས་གཅིག་མཐུན་བཟོ་དགོས་པ་ཡིན། ག་དུས་ཡིནའང་རང་ཉིད་རྐྱང་རྐྱང་གི་དོན་དང་རང་ཉིད་གང་འདོད་ལྟར་ཡིན་མི་དགོས།

༩༽ མི་ཚེ་བཟང་པོར་སྐྱེལ་མཁན་རྣམས་ལ་སེམས་སྐུལ་བྱ་དགོས།

 ལེགས་པའི་ལམ་གྱི་རྗེས་སུ་འབྲང་མཁན་རྣམས་དང་། བྱ་བ་བཟང་པོ་བྱེད་མཁན་སོགས་མི་ཚེ་བཟང་པོ་སྐྱེལ་མཁན་རྣམས་ལ་ང་རྒྱལ་བསྐྱེད་དུ་མ་བཅུག་པར་གཟབ་ནན་གྱི་ཐོག་ནས་ང་ཚོས་བསྔགས་བརྗོད་ཀྱི་སྒོ་ནས་རོགས་པ་བྱེད་ཆོག དམིགས་བསལ་རང་འདོད་ཆུང་བའི་མི་རྣམས་དང་གདོང་ཐུག་བྱེད་སྐབས་འདི་འབྲེལ་བ་ཡོད། ཡོན་ཏན་ལྡན་པའི་ང་རྒྱལ་ཡོད་པ་རྣམས་ལ་ནི། ང་ཚོས་གཞན་ལ་ཁོ་ཚོའི་སྐོར་བསྔགས་བརྗོད་བྱེད་སྲིད་ཀྱང་ཁོ་ཚོའི་ངོ་མདུན་དུ་བསྔགས་བརྗོད་མི་བྱེད། ད་དུང་ང་ཚོས་གཞན་ལ་ཕན་པའི་ཆེད་དུ་ཁོ་ཚོའི་འཇོན་ཐང་བེད་སྤྱོད་གཏང་དགོས་ཞེས་སེམས་སྐུལ་བྱེད་ཀྱི་ཡོད། ཡིན་ནའང་དེ་དག་གིས་ནོར་འཁྲུལ་བཟོ་སྲིད་པ་རྣམས་ལ་མཛུབ་སྟོན་གྱིས་ང་རྒྱལ་ཆུང་དུ་གཏང་བ་ལ་རོགས་པ་བྱེད་དགོས།

༡༠༽ མི་ཚེ་ཕུང་ཀྲོལ་དུ་སྐྱེལ་མཁན་རྣམས་ལ་དོན་ཕན་ལྡན་པའི་དགེ་བའི་སྤྱོད་ལམ་བསླབ་དགོས།

 གལ་ཏེ་ང་ཚོར་ཕུང་ཀྲོལ་དང་སྡིག་པའི་མི་ཚེ་སྐྱེལ་མཁན་རྣམས་དང་འཕྲད་པའི་ཚེ། ང་ཚོས་ནམ་ཡང་སྣང་མེད་རྡོག་རོལ་དང་སྐྱོན་འཛུགས་བྱ་རྒྱུ་མེད། ཁོ་ཚོ་ལ་ཚོད་དཔག་གིས་བརྟག་དཔྱད་བྱ་རྒྱུའི་ཚབ་ལ། གལ་ཏེ་ཁོ་ཚོ་འགྱུར་བ་འགྲོ་ཡག་ལ་གྲ་གྲིག་ཡོད་ན། ང་ཚོས་མི་དགེ་བའི་སྤྱོད་ལམ་སེལ་བའི་ཐབས་ལམ་སྟོན་དགོས་ངེས་ཡིན།

༡༡༽ ཐམས་ཅད་དོན་གོ་ཆོད་པའི་སྐབས་ཐུན་མིན་གྱི་འཇོན་ཐང་གང་ཡོད་པ་སྤྱོད་དགོས།

 ང་ཚོ་ཁ་ཤས་ལ་ཐུན་མོང་ལས་བརྒལ་བའི་འཇོན་ཐང་གི་ནུས་པ་ཁྱད་པར་ཅན་དེ་འདྲ་ཡོད་པ་ཡིན། ང་ཚོ་སྒྱུ་རྩལ་དྲག་པོ་ལ་མཁས་པ་དེ་འདྲ་ཡིན་སྲིད། འོན་ཀྱང་གཞན་ལ་ངོམ་སོ་བྱ་རྒྱུ་མེད། ད་དུང་ང་ཚོས་མི་ཁ་གཅིག་ལ་གནོད་འཚེ་བྱུང་བ་མཐོང་སྐབས། དེ་འགོག་ཐབས་སུ་ཐབས་ཤེས་གཞན་མེད་ན། གནོད་པ་སྐྱེལ་མཁན་དེ་འདུལ་བའི་དོན་དུ་རང་ཉིད་ཀྱི་འཇོན་ཐང་སྒྱུ་རྩལ་དེ་ངེས་པར་དུ་བེད་སྤྱོད་བྱེད་དགོས།

བརྙན་པར། མེ་ཐིའུ་རི་ཁརྡ། “གཞན་ཕན་གྱི་ལྟ་བའི་ཕན་ཡོན།”

ཕྱོགས་བསྡོམས།

གཞན་ལ་ཕན་ཐོགས་པའི་ཐབས་ལམ་མང་པོ་ཡོད། ཐབས་མཁས་པོའི་སྒོ་ནས་ཕན་ཐོགས་བྱེད་སྟངས་དེ་ནི། ཕན་ཇི་ལྟར་འདོགས་དགོས་པ་དང་། ག་རེའི་སྒོ་ནས་སུ་ལ་ཕན་འདོགས་དགོས་པ་ཤེས་པ་ཙམ་མ་ཡིན་པར། གཞན་དག་རང་ཉིད་རང་ལ་རོགས་པ་བྱེད་སྟངས་ཤེས་པའི་ཆེད་དུ། རོགས་པ་དེ་འདྲ་ག་དུས་བྱེད་དགོས་པ་དང་། རོགས་པ་བྱེད་ཡག་ལས་ཕྱིར་འཐེན་ག་དུས་བྱེད་དགོས་པ་དེ་ཡིན། ལུས་སེམས་གང་གི་སྒོ་ནས་ཀྱང་སྡུག་བསྔལ་ངོ་མ་ཞིག་མྱོང་བཞིན་པའི་སྐབས་སུ་དེ་མ་ཐག་ང་ཚོའི་རོགས་པ་དགོས་ཀྱི་ཡོད། ཡིན་ནའང་རོགས་པ་མང་དྲགས་པ་མ་ཡིན་ལ་ཉུང་དྲགས་པ་མ་ཡིན་པར། དེ་ཚད་རན་པ་ཞིག་བྱ་དགོས། ང་ཚོས་བསོད་བདེ་བསོད་ནམས་ཉམས་པ་རྣམས་རང་མགོ་ཐོན་པ་ཞིག་ཡོང་བ་ལ་རོགས་པ་ངེས་པར་དུ་བྱ་དགོས་པ་ཡིན། ཡིན་ནའང་ཕུགས་རྒྱང་རིང་པོའི་རོགས་ཕན་ཡག་ཤོས་དེ་ཕལ་ཆེར་གཞན་རྣམས་སོ་སོ་རང་ཉིད་ཀྱི་རྐང་པའི་སྟེང་དུ་ལངས་པའམ། རང་ཁ་རང་གསོ་ཐུབ་པ་ཞིག་ཡོང་བ་ལ་ཆ་རྐྱེན་དང་ཐབས་ལམ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་ནོ། །

Top