སྙིང་རྗེ་གོང་འཕེལ་གཏོང་ཚུལ།

ང་ཚོ་ཚང་མར་སྐྱེས་དུས་ནས་གཞན་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་ཤོག་སྙམ་པའི་སྙིང་རྗེའི་ནུས་པ་ཞིག་ལྷན་སྐྱེས་སུ་ཡོད་ཅིང་། རང་གཞན་གཉིས་ཀར་བླ་ན་མེད་པ་ཕན་ཐོགས་པའི་ནུས་པ་དེ་འདྲ་བ་ནི་ང་ཚོས་གོང་འཕེལ་གཏོང་ཐུབ།

སྙིང་རྗེ་གོང་འཕེལ་གཏོང་བའི་ཐབས་ལམ་ཡག་ཤོས་ནི། ཐོག་མར་རང་ཉིད་ཀྱི་མི་ཚེ་དངོས་དང་དྲ་རྒྱ་སོགས་ཀྱི་ནང་ནས་ངོ་ཤེས་བྱུང་བའི་མིས་གཙོས། མཐའ་ན་དུད་འགྲོ་སེམས་ཅན་ཡན་ལ་སྙིང་རྗེའི་དམིགས་པ་ཚད་ངེས་ཅན་ཞིག་གི་སྟེང་ནས་འགོ་རྩོམ་དགོས་ཞིང་། དེ་ནས་གལ་ལེར་རང་ཉིད་ཀྱི་དགའ་སའི་མི་དང་། ངོ་མི་ཤེས་པའི་མི་རྣམས་དང་། ད་དུང་རང་ཉིད་རྩ་ནས་མི་དགའ་བའི་མི་རྣམས་དང་། དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རྒྱ་སྐྱེད་དང་སྦྱོང་བརྡར་བྱེད་དགོས། དེ་ལྟར་མུ་མཐུད་དེ་འཛམ་གླིང་ཁྱོན་ཡོངས་རང་གི་སྙིང་རྗེའི་འོག་ཏུ་མ་འཚུད་བར་དང་། མཐའ་ན་རང་གི་ཐབ་ཚང་ནང་དུ་རྒྱུ་བའི་འབུ་ཞུ་ལུ་མ་ཡང་རང་གི་སྙིང་རྗེའི་དམིགས་འོག་ཏུ་འཛུད་དགོས།

སྙིང་རྗེ་ལ་སེམས་ཚོར་གྱི་གྲུབ་ཆ་དང་རྒྱུ་མཚན་ལྡན་པའི་གྲུབ་ཆ་གཉིས་ཀ་ཡོད། སེམས་ཚོར་གྱི་སྟེང་ནས་བཤད་ན། གོ་ལའི་སྟེང་གི་ཚེ་སྲོག་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པར། ང་ཚོས་ཡི་རང་བརྩི་མཐོང་བྱེད་དགོས། དེ་ཡང་ང་ཚོས་སྐྱིད་པོའི་ངང་ལོངས་སུ་སྤྱོད་པའི་ཟས་གོས་གནས་མལ་དང་། འཕྲུལ་ཆས་དང་རླང་འཁོར་སོགས་འཛམ་གླིང་ཐོག་གི་དཔལ་འབྱོར་མཐུན་རྐྱེན་ཐམས་ཅད་གཞན་གྱི་ངལ་རྩོལ་བརྒྱུད་ནས་ཡོང་བ་ཤ་སྟག་ཞིག་ཡིན། མི་གཞན་མེད་ན། ང་ཚོ་ལ་ལམ་ཁ་དང་། གློག་དང། རྡོ་སྣུམ་དང། འཐུང་ཆུ་དང། ཁ་ལག་སོགས་ཀྱི་མཐུན་རྐྱེན་མེད། དེ་དག་གཅིག་པུར་བསམ་བློ་བཏང་ན། གཞན་དག་ང་ཚོར་རང་བཞིན་གྱིས་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད། དེ་འདྲ་བའི་སེམས་བདེ་སྐྱིད་ཀྱི་གནས་བབས་དེས་ང་ཚོ་ལ་ཚོར་བ་འདྲེན་ནུས་པའི་སྤྲོ་ལྷང་ལྷང་གི་བྱམས་བརྩེ་ཞེས་པའི་ཕྱོགས་སུ་འཁྲིད་ཀྱི་ཡོད། དེ་ལྟ་བུའི་བཀའ་དྲིན་བསམ་ཤེས་ཀྱི་བློ་ལ་ཇི་ཙམ་བསམ་བློ་བཏང་བ་དེ་ཚོད་ཀྱི་མི་གཞན་དག་ལ་་བྱམས་སྐྱོང་བྱེད་ཐུབ། དཔེར་ན། ཨ་མས་རང་ཉིད་ཀྱི་བུ་གཅིག་པུ་དེ་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན། དེར་བློ་འཚབ་དང་ཞེད་སྣང་གི་ཚོར་བ་ཞིག་སྐྱེ་བ་ལྟ་བུ་ཡིན། དེ་མིན་ང་ཚོས་གཞན་གྱི་བཀྲ་མི་ཤེས་པའི་རྐྱེན་ངན་ལ་བློ་ཕམ་བྱེད་ཀྱང་། ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་ཁོ་ཚོར་སྙིང་རྗེ་དང་རོགས་ཕན་བྱེད་ཀྱི་མེད། ང་ཚོས་གཞན་གྱི་དཀའ་ངལ་རྣམས་རང་ཉིད་ཀྱི་དཀའ་ངལ་ཡིན་པ་ནང་བཞིན་གཞན་གྱི་མྱོང་ཚོར་ཤེས་པར་བྱེད་ཀྱི་ཡོད།

དེ་དང་ཕྱོགས་མཚུངས་རྒྱུ་མཚན་གཞི་རྩར་བཟུང་བའི་སྒོ་ནས་མི་ཚང་མ་འདྲ་མཉམ་གྱི་སྙིང་རྗེ་རྒྱ་སྐྱེད་གཏོང་རྒྱུ་དེ་ཧ་ཅང་མངོན་པར་གསལ་བ་ཞིག་ཡིན་ཡང་། མི་མང་པོ་ཞིག་གིས། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ཞིག་ལ་བསམ་བློ་ཙམ་ཡང་གཏོང་གི་མེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་དངོས་ཡོད་ཀྱི་གནས་སྟངས་འདི་གཉིས་ནི། ང་ཚོ་དང་ཐག་ཉེ་ས་དང་རིང་ས། ཁོ་ཚོས་བྱ་བ་གང་འདྲ་ཞིག་གཉེར་གྱི་ཡོད་མེད་ལ་མི་ལྟོས་པར། དངོས་ཡོད་ཀྱི་གནས་སྟངས་གང་ཡིན་པ་དེ་ག་རང་ལ་གནས་པ་ཡིན། དེར་མ་ཟད་གལ་ཏེ་མི་ཞིག་གིས། མ་རིག་པ་དང་རྨོངས་པ། ཉོན་མོངས་དབང་གིས་མི་གཞན་དང་སྤྱི་ཚོགས་ལ་ཕན་ཡོང་བསམ་པའི་བསམ་བློ་ནོར་བ་ཞིག་གིས་གནོད་འཚེ་འཚབ་ཆེན་བཟོ་བ་ཡིན་ནའང་། དངོས་ཡོད་ཀྱི་གནས་སྟངས་དེ་རང་འཇགས་གནས་པ་ཡིན། དེ་ལྟར་བྱེད་པ་ཡང་ཁོ་ཚོ་རང་བཞིན་ལྷན་སྐྱེས་ནས་མི་ངན་པ་ཡིན་པས་རྐྱེན་གྱི་མིན། སུ་ཞིག་ཡིན་ཡང་རང་བཞིན་ལྷན་སྐྱེས་ནས་མི་ངན་པར་གྲུབ་མེད། དེའི་ཕྱིར་ཁོ་ཚོར་སྙིང་རྗེ་སྐྱེ་འོས་པ་དང་རྒྱུ་མཚན་དང་ལྡན་པ་ཞིག་རེད། དེ་གང་ཡིན་ཞེ་ན། ང་ཚོ་སྡུག་བསྔལ་མི་འདོད་པ་ནང་བཞིན་ཁོ་ཚོའང་སྡུག་བསྔལ་མི་འདོད་པས་སོ།།

སྙིང་རྗེའི་སྒོམ་སྒྲུབ།

སྙིང་རྗེ་གོང་འཕེལ་གཏོང་རྒྱུའི་སྦྱོང་བརྡར་གྱིས་ངར་ཤུགས་ཀྱི་རིམ་པ་དུ་མ་ཞིག་བསྐྱེད་པར་བྱེད་ཀྱི་ཡོད། དེ་ཡང་། ཐོག་མར་ང་ཚོས་རང་ཉིད་ཀྱི་དགའ་ས་གཉེན་དང་ཉེ་འདུའི་སྡུག་བསྔལ་ལ་དམིགས་པ་དང་། དེ་ནས་བར་མ་རྣམས་དང་། དེའི་རྗེས་ནས་རང་ཉིད་མི་དགའ་ས་དགྲ་བོ་ལྟ་བུར་དམིགས་ཀྱི་ཡོད། མཐར་ཐུག་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་སྤྱི་སྙོམས་ཀྱིས་དམིགས་དགོས་པ་ཡིན། གོང་གསལ་གྱི་རིམ་པ་རེ་རེ་ནང་ང་ཚོས་ཚོར་བ་མི་འདྲ་བ་གསུམ་སེམས་བསྐྱེད་པ་ཡིན།

  • གལ་སྲིད་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་ན་ཅི་མ་རུང་སྙམ་པ་དང་།
  • ཁོ་ཚོ་སྡུག་བསྔལ་ལས་ཐར་བར་འགྱུར་ཅིག ཐར་བ་ཡིན་ན་སྙམ་པའི་རེ་སྨོན།
  • ངས་ཁོ་ཚོ་སྡུག་བསྔལ་ལས་ཐར་བར་བྱེད་ཐུབ་པར་ཤོག

དེ་ལྟ་བུར་སྙིང་རྗེ་ལ་གཞན་དག་སྡུག་བསྔལ་ལས་སྐྱོབ་འདོད་དང་དཀའ་ངལ་ལས་ཐར་བར་རོགས་རམ་བྱེད་པའི་འདུན་པ་དང་ལྡན་པ་ཡིན། དོན་ངོ་མའི་ཐབས་ལམ་ཀྱི་རྗེས་སུ་འབྲང་ནས་དཀའ་ངལ་སེལ་ནུས་པའི་འདེང་སྤོབས་ཤིག་ཡིན། དེའི་དོན་ནི། གནས་སྟངས་ཅི་འདྲ་ཞིག་ཡིན་རུང་རེ་བ་མེད་པ་ཞིག་མིན། དེས་ན་ནང་པ་སངས་རྒྱས་པའི་སྙིང་རྗེ་ཞེས་པ་ནི། ག་དུས་ཡིན་ཡང་གཞན་གྱི་དོན་དུ་ལམ་སེང་བྱ་བ་བྱེད་ཆོག་ཆོག་ངང་། གྲ་སྒྲིག་ཨང་སར་དང་གྲུང་ཤ་དོད་པའི་སེམས་ཀྱི་གནས་སྟངས་ཤིག་ཡིན།

བརྙན་པར། མེ་ཐིའུ་རི་ཁརྡ། “སེམས་སྐུལ་གྱི་བསླབ་བྱ།”
Top