འགྲེལ་བཤད།
འཆི་བ་ནི་མི་མང་པོ་ཞིག་ལ་བསམ་བློ་གཏོང་འདོད་མེད་པའི་བརྗོད་གཞི་ཞིག་རེད། འོན་ཀྱང་། འཆི་བ་ནི་མི་ཚེའི་ནང་གི་བདེན་དོན་དངོས་ཤིག་ཡིན་པ་དང་ང་ཚོ་གཅིག་ཀྱང་ལྷག་ལུས་མེད་པར་འཆི་དགོས་ཀྱི་ཡོད། གང་འགོག་ཏུ་མེད་པའི་འཆི་བ་ལ་ང་ཚོ་ཐོག་མ་ཉིད་ནས་གྲ་སྒྲིག་ཨང་གསར་ཞིག་མེད་ན། མཐར་འཇིགས་སྐྲག་དང་འགྱོད་པས་ཁེངས་ནས་འཆི་སྲིད། དེར་བརྟེན་འཆི་བ་བསྒོམ་རྒྱུ་དེ་ཧ་ཅང་གི་ཕན་ཐོགས་པོ་དང་གལ་ཆེན་པོ་ཡིན་པ་རེད།
འཆི་བ་དང་འབྲེལ་བའི་སྒོམ་རྒྱག་སྟངས་མང་པོ་ཡོད་དེ། དཔེར་ན། ང་ཚོ་ལ་བཅོས་ཐབས་མེད་པའི་ནད་གཞི་ཚབས་ཆེན་ཞིག་འདུག་ཅེས་བརྗོད་པ་དེ་ལ་གདོང་ལེན་ཇི་ལྟར་བྱེད་ངེས་པའི་ཐད་བསམ་བློ་གཏོང་བ་ལྟ་བུ་རེད། གཤམ་གྱི་སྒོམ་ནི་ད་ལྟ་ང་ཚོ་ལ་གོ་སྐབས་བཟང་པོ་ཡོད་པའི་སྐབས་སུ་རང་གིས་རང་ལ་སེམས་བསྐུལ་བྱས་ཏེ་སོ་སོའི་བསམ་བློའི་ཁྱེར་སོ་དང་སྤྱོད་ལམ་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་པའི་ཆེད་དུ་ཉམས་ལེན་བྱེད་པའི་ཚད་ལྡན་གྱི་སྒོམ་ཞིག་རེད། སྒོམ་འདིའི་ནང་དབུགས་ལ་དམིགས་པ་གཏད་པའི་སྒོ་ནས་སེམས་ཞི་འཇམ་བཟོ་བའི་རྗེས་སུ་ང་ཚོས་གཤམ་གྱི་གནད་དོན་ཁག་ལ་བསམ་བློ་གཏོང་དགོས།
སྒོམ་ཚུལ།
འཆི་བ་ནི་ཡོང་ངེས་པ་ཡིན་ཏེ།
- འཆི་བ་ཡོང་རྒྱུ་ནི་ངེས་པ་རེད། འཆི་བ་ལས་ཟློག་ཐུབ་པའི་སྔོན་འགོག་ཀྱི་ཐབས་གཅིག་ཀྱང་མེད་ལ། དར་བར་གྱི་ལོ་རྒྱུས་རིང་མོའི་ནང་སྐྱེས་ནས་འཆི་བ་ལས་ཐར་མཁན་སུ་གཅིག་བྱུང་མྱོང་མེད་པས། ང་ཚོ་ལའང་དམིགས་བསལ་གང་ཡང་མེད་པར་འཆི་ངེས་པ་རེད།
- འཆི་བ་དུས་ལ་བབས་པའི་སྐབས་སུ་ང་ཚོའི་ཚེ་ཚད་རིང་དུ་གཏོང་མི་ཐུབ་ལ། ང་ཚོ་འཚོ་རྒྱུར་ལྷག་པའི་ཚེ་ཚད་ནི་རྒྱུན་མ་ཆད་པར་ཇེ་ཐུང་དུ་འགྲོ་བཞིན་ཡོད་དེ། མི་ཚེའི་སྐད་ཅིག་རེ་རེ་ནས་རྒ་བཞིན་པ་དང་འཆི་བ་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པ་ལས། གཞོན་དུ་འགྲོ་བ་དང་འཆི་བ་ལས་ཐག་རིང་དུ་འགྲོ་གི་མེད། དེ་ནི་སྐྱོད་བཞིན་པའི་དངོས་ཟོག་འོར་འདྲེན་བྱེད་ཆས་ཀྱི་སྒང་ལ་མཚམས་འཇོག་མེད་པའི་ཐོག་ཡོང་ངེས་པའི་འཆི་བའི་ཕྱོགས་སུ་སྐྱོད་བཞིན་པ་ལྟ་བུ་རེད།
- ང་ཚོ་འཚོ་བཞིན་པའི་སྐབས་སུ་སེམས་ཞི་བདེའི་ངང་འགྱོད་པ་མེད་པའི་ཐོག་ནས་འཆི་བའི་ཐབས་ཚུལ་ཁག་ལ་བརྟེན་པའི་དུས་ཚོད་རག་མེད་ནའང་འཆི་རྒྱུ་ནི་ངེས་པ་རེད། འཆི་བ་ནི་གློ་བུར་དུ་སྙིང་རྩ་འགགས་པའམ་མོ་ཊ་བརྡབ་སྐྱོན་ལྟ་བུ་བསམ་པའི་ཡུལ་ལ་མེད་པ་དང་གྲ་སྒྲིག་མེད་པའི་སྐབས་སུ་གློ་བུར་ཐོག་རྒྱག་ལ་བསླེབ་ཀྱི་ཡོད།
ང་ཚོ་ག་དུས་འཆི་རྒྱུ་ཡིན་པ་ལ་ངེས་པ་མེད་དེ།
- སྤྱིར་བཏང་ང་ཚོའི་ཚེ་ཚད་ལ་ངེས་པ་མེད་དེ། ང་ཚོ་འཆི་བར་ཡིན་གཅིག་རྒས་མི་དགོས།
- འཆི་རྐྱེན་མང་ལ་འཚོ་བའི་རྐྱེན་ཉུང་བ་སྟེ། གོ་ལ་སྤྱི་དྲོད་འཕེལ་རིམ་ལ་བརྟེན་ནས་རང་བྱུང་ཁམས་དང་འཛམ་གླིང་གར་སར་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་རིམས་ནད་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རང་བྱུང་ཁམས་གྱི་འབྱུང་ཁུངས་ཉམས་རྒུད་འགྲོ་བཞིན་པ་དང་དཔལ་འབྱོར་གྱི་གནས་སྟངས་དོ་མི་མཉམ་པ། འཚེ་བ་ཇེ་མང་དུ་འགྲོ་བཞིན་པ། རེ་བ་ཟད་པའི་ཚོར་བ་མང་དུ་འགྲོ་བཞིན་པ། བཟི་སྨན་གྱི་རིགས་ལ་ཚད་བརྒལ་སྤྱོད་བཞིན་པ་སོགས་འཆི་རྐྱེན་ནི་ཧ་ཅང་མང་པོ་རེད།
- ང་ཚོའི་ལུས་པོ་ནི་ཧ་ཅང་འཇིག་སླ་བ་ཡིན་ཏེ། ཅུང་ཟད་ཙམ་ན་བའམ་སྣུམ་འཁོར་བརྡུང་རྡེག་གི་གོད་ཆག་ལ་བརྟེན་ནས་ང་ཚོ་འཆི་སྲིད་པ་རེད།
ང་ཚོའི་ཀུན་སློང་དང་ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་འབད་བརྩོན་བྱེད་པའི་སྔོན་འགོག་གི་ཐབས་ལམ་བསྟེན་པ་མ་གཏོགས་གཞན་གང་གིས་ཀྱང་ང་ཚོ་ཞི་བའི་ངང་ནས་འགྱོད་པ་མེད་པར་འཆི་བར་ཕན་མི་ཐུབ། གལ་ཏེ་ང་ཚོས་འཆི་བ་ལ་ད་ལྟ་ཉིད་དུ་གདོང་ལེན་བྱེད་དགོས་ན།
- དེའི་སྐབས་རྒྱུ་ནོར་ལོངས་སྤྱོད་ཀྱིས་མི་ཕན་ཏེ། ང་ཚོའི་དངུལ་ནི་གློག་ཀླད་ཀྱི་ཡོལ་བའི་ངོས་སུ་ཨང་གྲངས་ཙམ་དུ་ཟད་པ་ལས་ཕན་མི་ཐོགས།
- གྲོགས་པོ་དང་སྤུན་ཉེ་རྣམས་ཀྱིས་མི་ཕན་ཏེ། ང་ཚོས་དེ་དག་ཐམས་ཅད་བཞག་ནས་འགྲོ་དགོས་ཤིང་། གལ་ཏེ་ཁོང་ཚོས་ངུ་འབོད་བྱེད་བཞིན་ཡོད་ན། ཁོང་ཚོས་རང་ཉིད་ཧ་ཅང་བློ་ཕམ་པོ་བཟོ་བ་ཙམ་ལས་གཞན་མི་ཕན།
- ཐ་ན་དེའི་སྐབས་སུ་སོ་སོའི་ལུས་པོས་ཀྱང་མི་ཕན་ཏེ། ལུས་ཀྱི་ལྗིད་ཚད་ལ་ཆ་བཞག་ན་ཀི་ལོའམ་རྒྱ་མ་འཕར་མ་ག་ཚོད་ཙམ་ཞིག་ཆག་པ་དེ་དག་ལས་ང་ཚོ་ལ་བདེ་ཐང་ག་ཚོད་ཙམ་ཞིག་ཡོང་ཐུབ་ཀྱི་ཡོད་དམ།
དེ་འདྲ་སོང་ཙང་། ང་ཚོས་མི་ཚེའི་ནང་དོན་སྙིང་ཡོད་པ་གཅིག་པུ་དེ་ནི་འཇིགས་སྐྲག་དང་འགྱོད་པ་ལ་བརྟེན་ནས་འཆི་བ་ལ་སྔོན་འགོག་གི་ཐབས་ཚུལ་དང་ལེན་གྱི་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་རེད།
ཕྱོགས་བསྡོམས།
འཆི་བ་ཡོང་ངེས་པ་ཤེས་པ་ནི་ང་ཚོ་སེམས་ཞུམ་པའམ་སེམས་ནང་འཇིགས་སྐྲག་གིས་ཁེངས་པ་ཞིག་བཟོ་བའི་ཕྱིར་དུ་མིན། ང་ཚོ་ཚེ་འདིའི་ནང་ལྷག་ཡོད་པའི་དུས་ཚོད་དེ་འདང་ངེས་ཤིག་མེད་པ་དང་དུས་ཚོད་དེ་ཡང་ག་དུས་རྫོགས་ཀྱི་ཡོད་པའི་ཁག་ཐེག་སུས་ཀྱང་བྱེད་མི་ཐུབ་པ་དེ་རྟོགས་པའི་སྐབས། ད་ལྟ་ང་ཚོར་ཡོད་པའི་གོ་སྐབས་དང་དུས་ཚོད་ལས་ཁེ་བཟང་ཆ་ཚང་ལེན་དགོས་པའི་སེམས་བསྐུལ་ཐེབ་ཀྱི་ཡོད། འཆི་བ་ལ་དྲན་པ་ཉེ་བར་བཞག་ནས་གནས་པ་དེས་ང་ཚོ་ལ་མ་འོངས་པར་གནད་དོན་རྣམས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་ཡང་དག་པ་དང་དགེ་བའི་ཐབས་ལམ་བསྟེན་པ་ལ་འགོག་རྐྱེན་བྱེད་པའི་ལེ་ལོ་དང་ཕྱི་བཤོལ་ལས་རྒྱལ་བར་བྱེད་ཀྱི་ཡོད།།