མི་རྟག་པ་ལ་གུས་བརྩི་བྱེད་པ།

ང་ཚོས་མི་ཚེའི་ནང་གི་གནས་སྟངས་ཚང་མ་རྟག་ཏུ་འགྱུར་བ་འགྲོ་ཡི་ཡོད་པའི་བདེན་དོན་ལ་བརྩི་མཐོང་བྱེད་པའི་སྐབས། ང་ཚོས་གཞན་དང་མཉམ་དུ་འབྲེལ་བ་བྱེད་ཚུལ་རྙིང་པ་དེ་དག་ལ་འཁར་ནས་སྡོད་རྒྱུ་སྤོང་དགོས།
Meditation impermanence

འགྲེལ་བཤད།

མི་རྟག་པའི་དོན་ནི་འགྱུར་བའི་དོན་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པའི་ཆོས་རྣམས་ནམ་ཡང་རྟག་ཏུ་མི་གནས་པར་སྐད་ཅིག་ནས་སྐད་ཅིག་འགྱུར་བ་འགྲོ་ཡི་ཡོད། ཆོས་འགའ་ཞིག་ནི་བསྐྲུན་ཟིན་པའི་རྗེས་སུ་དེ་དག་མ་ཟད་ཀྱི་བར་དུ་རིམ་པས་ཉམས་ནས་འཇིག་འགྲོ་ཡི་ཡོད། དཔེར་ན། ཁྱེད་ཀྱི་གློག་ཀླད་དང་། ཁྱེད་ལ་ཡོད་པའི་སྣུམ་འཁོར། ཡང་ན་ཁྱེད་ཀྱི་ལུས་པོ་ལྟ་བུ་རེད། ཆོས་གཞན་རྣམས་ནི་སྐད་ཅིག་གི་འགྱུར་བ་འགྲོ་ཡི་ཡོད་ནའང་། དེ་དག་རྟག་ཏུ་བསྐྱར་གསོ་བྱེད་ཀྱི་ཡོད་སྟབས། དེ་དག་ཉམས་རྒུད་འགྲོ་ཡི་མེད། དཔེར་ན། ཁྱེད་རང་ཕྲུ་གུ་མ་འབྱར་ཞིག་ཡིན་ནའང་འདྲ། ཧུར་བརྩོན་ཅན་གྱི་མི་དར་མ་ཞིག་ཡིན་ནའང་འདྲ། ཡང་ན་དབང་རྩའི་ནུས་སྟོབས་བྲི་ནས་དྲན་ཤེས་ཉམས་པའི་རྒས་ནད་ཅན་ལྟ་བུ་གང་ཞིག་ཡིན་རུང་རང་གི་གཞི་རྩའི་སེམས་ཀྱི་བྱེད་ལས་ལྟ་བུ་རེད། ཡང་ཆོས་འགའ་ཞིག་ནི་འཕེལ་འགྲིབ་འགྲོ་ཡི་ཡོད། དཔེར་ན། དྲོད་ཚད་དང་སྒོམ་གྱི་སྤུས་ཚད་ལྟ་བུ་རེད། གནམ་གྲུའི་ནང་ཡོད་པའི་མི་རྣམས་ལྟ་བུ་གཞན་དག་ནི་འདུས་ནས་འབྲལ་དགོས་ཀྱི་ཡོད། ཡང་ཆོས་འགའ་ཞིག་ནི་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཡོང་གི་ཡོད། དཔེར་ན། ནམ་དུས་དང་ཉིན་མཚན་གྱི་འཁོར་སྐྱོད་ལྟ་བུ་རེད། ཡང་ཆོས་གཞན་དག་ནི་བསྐྱར་ལྡབ་ཡང་ལྡབ་ཀྱིས་སྐྱེ་བ་དང་། གནས་པ། འཇིག་འགྲོ་ཡི་ཡོད། དཔེར་ན། ནང་པའི་ལྟ་ཚུལ་ལྟར་བྱས་ན། ང་ཚོའི་འཇིག་རྟེན་འདི་ལྟ་བུ་རེད། མི་རྟག་པ་ལ་རིགས་མི་འདྲ་བ་མང་པོ་ཡོད།

སྟབས་ཉེས་པ་ཞིག་ལ་ང་ཚོའི་སེམས་ཀྱིས་གློ་བུར་དུ་སྐད་ཅིག་གཅིག་གི་ནང་དུས་ཀྱི་ཡུན་ཚད་རྟོགས་ཀྱི་མེད་པ་སོང་ཙང་། ང་ཚོ་རྨོངས་ནས་སྐབས་འགར་ཆོས་རྣམས་རྟག་པར་གནས་ཀྱི་ཡོད་པ་དང་ནམ་ཡང་འགྱུར་བ་འགྲོ་ཡི་མེད་ཅེས་བསམ་གྱི་ཡོད། དཔེར་ན། ང་ཚོའི་འབྲེལ་ལམ་དང་། ལང་ཚོ། སེམས་ཁམས་ཀྱི་ཉམས་འགྱུར་ལ་སོགས་པ་ལྟ་བུ་རེད། ང་ཚོས་དེ་འདྲ་བསམ་བློ་གཏོང་བའི་སྐབས། ང་ཚོས་རང་གིས་རང་མི་སྐྱིད་པ་དང་དཀའ་ངལ་གྱི་རིགས་བཟོ་ཡི་ཡོད། དཔེ་ཆ་བཞག་ན། ང་ཚོ་མི་ཞིག་དང་མཉམ་དུ་བརྩེ་དུང་གི་འབྲེལ་བ་ཞིག་གི་ནང་ཡོད་པ་ལྟ་བུ་རེད། དེ་ནི་རྒྱུ་དང་རྐྱེན་ཞིག་ལ་བརྟེན་ནས་འབྱུང་གི་ཡོད་པ་སྟེ། ངེད་གཉིས་ཀ་ས་ཆ་གཅིག་ལ་ཡོད་པ་དང་། ངེད་གཉིས་ཀས་མི་ཚེའི་ནང་ཟླ་རོགས་ཤིག་འཚོལ་བཞིན་ཡོད་པ། ངེད་གཉིས་ཀའི་མི་ཚེའི་ནང་གནད་དོན་གཞན་འགའ་ཞིག་ཀྱང་འགྲོ་བཞིན་ཡོད། འོན་ཀྱང་། རིམ་གྱིས་རྐྱེན་དེ་དག་འགྱུར་བ་ཕྱིན་ཟིན་པ་རེད། གལ་ཏེ་ང་ཚོ་ལ་ཐོག་མ་ཉིད་དང་སྔ་མོ་ནས་ཡོད་པའི་འབྲེལ་བ་ཞིག་ལ་འཛིན་པ་སྐྱེས་ནས་བསྡད་ན། ང་ཚོའི་ཟླ་རོགས་གིས་ལས་ཀ་བརྗེ་བའམ་ཡང་གྲོང་ཁྱེར་གཞན་ཞིག་ལ་སྤོ་བ། ཡང་ན་ཐུག་འཕྲད་ཡོང་མཁན་ཞིག་ཡོད་པའམ་གྲོགས་པོ་གསར་པ་བཟོ་བ། དེ་བཞིན་ང་ཚོའི་མི་ཚེའི་ནང་གནས་ཚུལ་འདྲ་མཚུངས་རིགས་འབྱུང་བའི་སྐབས། སོ་སོའི་འབྲེལ་བ་དེ་རན་པོ་དང་ཆ་སྙོམ་པོ་བཟོ་ཐུབ་ཀྱི་མ་རེད། ང་ཚོ་སྔོན་འབྲེལ་བ་གང་འདྲ་ཡོད་པ་ལ་ཞེན་གྱི་ཡོད། དེ་ནི་དངོས་པོའི་གནས་ལུགས་ཤེས་རྟོགས་མེད་པ་སོང་ཙང་། ང་ཚོས་མི་སྐྱིད་པ་དང་སྡུག་བསྔལ་མྱོང་གི་ཡོད།

ང་ཚོས་སྒོམ་གྱི་ཆེད་དུ་སོ་སོའི་མི་ཚེའི་ནང་མི་རྟག་པའི་རང་བཞིན་ཡིན་པའི་གནད་དོན་སྣ་ཚོགས་པའི་ཐད་ལ་དམིགས་པ་གཏད་རྒྱུ་དང་དེ་དག་འགྱུར་བ་ཕྱིན་ཡོད་པ་དང་དུས་ཚོད་འགྲོ་བ་དང་བསྟུན་མུ་མཐུད་ནས་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། མཐར་མེད་པ་ཆགས་ཀྱི་ཡོད་པའི་རྟོགས་པ་ཞིག་ལ་བརྟེན་ནས་དམིགས་པ་གཏད་ཐབས་བྱེད་དགོས། 

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • སོ་སོའི་ཨ་མ་དང་འབྲེལ་བ་ཡོད་པ་ལ་དམིགས་པ་གཏད་དགོས།
  • དེ་ཇི་ལྟར་འགོ་བཙུགས་ཡོད་པ་ལ་བསམ་བློ་གཏོང་དགོས་ཏེ། ཁྱེད་རང་ཕྲུ་གུ་ཆུང་ཆུང་ཞིག་ཡིན་པ་དང་དེས་ཁྱེད་ཀྱི་འབྲེལ་གླེང་ལ་ཤུགས་རྐྱེན་ངེས་ཅན་ཞིག་སྤྲད་ཡོད།
  • དེ་ནས་ཁྱེད་དང་ཁྱེད་ཀྱི་ཨ་མ་རྒས་ནས་ཁྱེད་རང་ཕྲུ་གུ་ཞིག་དང་། བཅུ་ཐོག་ན་གཞོན་ཞིག་དང་། དར་མ་ཞིག་དང་ཨ་མ་རྒས་པ་དང་ཁྱེད་ཀྱི་འབྲེལ་གླེང་དེ་འགྱུར་བ་ཕྱིན་ཡོད་དམ་མེད།
  • ཐ་ན་སོ་སོའི་ཨ་མ་གྲོངས་པའི་སྐབས་སམ་གྲོངས་ཚར་བ་དང་ཕན་ཚུན་ལྟོས་རེས་ཀྱི་འབྲེལ་གླེང་དེ་མཇུག་རྫོགས་ནའང་། ཁོ་མོའི་ཕྱོགས་སུ་ཡོད་པའི་ཁྱེད་ཀྱི་བསམ་ཕྱོགས་དང་དྲན་པ་རྣམས་ཇི་ལྟར་འགྱུར་བ་འགྲོ་ཡི་ཡོད་པ་དང་མུ་མཐུད་ནས་འགྱུར་བ་འགྲོ་རྒྱུ་ཡིན་པ་དེ་ལ་བསམ་བློ་གཏོང་དགོས། 
  • དེ་ག་ནང་བཞིན་སོ་སོའི་ཨ་ཕ་དང་མཉམ་དུ་ཡོད་པའི་འབྲེལ་བ་ལ་གཅིག་མཚུངས་སུ་དམིགས་པ་གཏད་དགོས།
  • ཁྱེད་རང་བརྩེ་བ་ཡོད་སའམ་བརྩེ་བ་ཧ་ཅང་སྤྲད་མྱོང་ཡོད་པའི་ཟླ་རོགས་ཀྱི་འབྲེལ་བ་ལ་དམིགས་པ་གཏད་དགོས།
  • སོ་སོའི་ཆེད་ལས་ཀྱི་མི་ཚེ་ལ་དམིགས་པ་གཏད་དགོས།

ཕྱོགས་བསྡོམས།

མི་རྟག་པ་ནི་མི་ཚེའི་བདེན་དོན་ཞིག་ཡིན། ང་ཚོ་དེ་ལ་དགའ་རུང་མ་དགའ་རུང་ཆོས་ཐམས་ཅད་དུས་རྟག་ཏུ་འགྱུར་བ་འགྲོ་ཡི་ཡོད་པ་ལས་རྟག་པར་འགྱུར་མེད་ཡུན་དུ་གནས་པ་གཅིག་ཀྱང་མེད། ང་ཚོས་དངོས་ཡོད་གནས་ཚུལ་འདི་ཁས་ལེན་བྱེད་པའི་སྐབས། ཆོས་རྣམས་རྟག་ཏུ་གཅིག་པ་ནང་བཞིན་གནས་ཀྱི་ཡོད་པ་ལྟ་བུ་དེ་དག་ལ་ཞེན་ཆགས་སྐྱེ་བ་ནི་སྙིང་པོ་མེད་པ་རྟོགས་ཀྱི་ཡོད། ང་ཚོའི་མི་ཚེའི་གནས་སྟངས་དང་། ང་ཚོའི་འབྲེལ་བ། ང་ཚོའི་ལུས་པོ་སོགས་ལ་འབྱུང་ངེས་པའི་འགྱུར་བ་དེ་དག་ལ་ཆ་སྙོམ་པོ་བཟོ་ཐུབ་པའི་སྐབས། ང་ཚོར་འཕྲད་བཞིན་པའི་དེ་མིན་གྱི་དཀའ་སྡུག་ཧ་ཅང་མང་པོ་ཞིག་སྤོང་ཐུབ་ཀྱི་ཡོད།།

Top