དཀའ་ངལ་ཅན་གྱི་ཕན་ཚུན་འབྲེལ་ལམ་ལ་གདོང་ལེན་བྱེད་པ།

ཕན་ཚུན་གྱི་འབྲེལ་གླེང་གོང་འཕེལ་གཏོང་བར་ང་ཚོས་དཀའ་ངལ་གྱི་རྒྱུ་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་རྟོག་འཆར་རྣམས་སྤོང་དགོས་ཀྱི་ཡོད་པ་དང་གཅེས་སྐྱོང་གི་བསམ་ཕྱོགས་ཤིག་སྐྱེད་དགོས།
Meditation difficult relationships nik shuliahin unsplash

འགྲེལ་བཤད། 

ནང་པ་སངས་རྒྱས་པའི་སྒོམ་ནི་དཀའ་ངལ་སེལ་ཐབས་དང་དཀའ་ངལ་ལས་ཐར་བའི་ཆེད་དུ་དམིགས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཀའ་ངལ་དེ་དག་ལ་ཡང་དག་པའི་སྒོ་ནས་གདོང་ལེན་བྱེད་པར་ཕན་པའི་འཕགས་པའི་བདེན་པ་བཞི་གསུངས་ཡོད། ང་ཚོ་ཚང་མ་ལ་སོ་སོའི་མི་ཚེའི་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་རིགས་ཡོད། དཀའ་ངལ་ཁ་ཤས་ནི་གཞན་ལས་ཚབས་ཉེ་བ་དེ་འདྲ་ཡོད། ཡིན་ནའང་། དེ་དག་གི་ནང་ནས་ང་ཚོ་མང་ཆེ་བ་ལ་འཕྲད་པའི་དཀའ་ངལ་གཅིག་ནི་གཞན་དང་མཉམ་ཡོད་པའི་འབྲེལ་ལམ་དེ་ཡིན་པ་རེད། 

འབྲེལ་ལམ་དེ་དག་ལས་འགའ་ཞིག་ནི་གང་འཚམས་ཀྱི་ཁག་པོ་དང་གདོང་ལེན་བྱེད་དཀའ་བ་ཡིན་སྲིད། འོན་ཀྱང་། སངས་རྒྱས་ཀྱིས་ང་ཚོ་ལ་དཀའ་ངལ་དེ་དག་ལ་ཡང་དག་པའི་སྒོ་ནས་གདོང་ལེན་བྱེད་ཐུབ་པའི་ཐབས་ཤིག་ཡོད་ཅེས་གསུངས་ཡོད། དཀའ་ངལ་དེ་དག་གི་རྒྱུ་རྣམས་འཚོལ་བར་སོ་སོ་རང་ཉིད་ལ་ཁ་ནང་དུ་བསྐོར་ནས་ལྟ་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ནི་གཞན་དག་གིས་ང་ཚོའི་དཀའ་ངལ་ལ་མཐུན་རྐྱེན་ཤུགས་ཆེན་ག་ཚོད་བྱེད་ཀྱི་ཡོད་མེད་ལ་མི་ལྟོས་པར། ང་ཚོས་དངོས་གནས་དྲང་གནས་སྟངས་འཛིན་བྱེད་ཐུབ་པ་ནི་སོ་སོ་རང་ཉིད་ཀྱི་ངོས་ནས་གཞན་ལ་ཡ་ལན་ཇི་ལྟར་སྤྲོད་ཀྱི་ཡོད་པ་དེ་རེད། དེ་ནི་ང་ཚོས་སོ་སོའི་ཀུན་སློང་དང་སྤྱོད་ལམ་གཉིས་ཀའི་ཆ་ནས་ཡ་ལན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་དོན་རེད། 

སྤྱོད་ལམ་ནི་ང་ཚོའི་ཀུན་སློང་དང་བསམ་བློའི་ཁྱེར་སོས་བཟོ་ལྟ་བཟོ་གི་ཡོད་པས་ང་ཚོས་སོ་སོའི་རྩོལ་བ་དེ་ཀུན་སློང་བཟང་ཕྱོགས་སུ་ཡར་རྒྱས་གཏོང་ཆེད་དམིགས་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་དཀའ་ངལ་བཟོ་མཁན་རྣམས་དངོས་པོའི་གནས་ལུགས་དང་སྙིང་རྗེ་ལ་གཞི་རྩ་བྱས་པའི་དགེ་བའི་ལས་དང་བརྗེ་པོ་རྒྱག་ན། ང་ཚོས་དཀའ་ངལ་ཅན་གྱི་འབྲེལ་ལམ་ལ་བརྟེན་ནས་མྱོང་བའི་སྡུག་བསྔལ་ཡོངས་སུ་རྫོགས་པ་མེད་པ་བཟོ་མི་ཐུབ་ནའང་། སྡུག་བསྔལ་དང་དཀའ་ངལ་རྣམས་ཉུང་དུ་གཏོང་ཐུབ། 

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • འཕགས་པའི་བདེན་པ་དང་པོ་སྡུག་བསྔལ་བདེན་པའི་དཔེ་རུ་ཁྱེད་རང་དང་དཀའ་ངལ་ཅན་གྱི་འབྲེལ་བ་ཡོད་མཁན་ཞིག་ལ་དམིགས་དགོས།
  • བསུན་གཙེར་ཅན་གྱི་ཚོར་བ་དེ་སྐྱེ་རུ་འཇུག་དགོས།
  • འཕགས་པའི་བདེན་པ་གཉིས་པ་ཀུན་འབྱུང་བདེན་པའི་དཔེ་རུ་ཁྱེད་ཀྱིས་དེ་འདྲ་ཅིའི་ཕྱིར་ཚོར་གྱི་ཡོད་པའི་ཐད་བརྟག་དཔྱད་བྱེད་དགོས། དེའི་རྒྱུ་མཚན་ནི་ཁོང་ཚོ་དང་མཉམ་དུ་འགྲོགས་འདྲིས་གནས་སྡོད་དཀའ་བ་དང་ང་ཚོ་ལ་དཀའ་ངལ་སྤྲོད་ཀྱི་ཡོད་སྲིད་ལ། ཁོང་ཚོའི་སྤྱོད་ཚུལ་ཞིག་ལ་མི་དགའ་བའམ། ཡང་ན་ཁོང་ཚོ་དང་མཉམ་དུ་གནས་འདོད་ཡོད་པའི་སྐབས་སུ་ཁོང་ཚོ་ལ་རྟག་པར་དུས་ཚོད་མེད་པ། ཡང་མིན་ན་ཁོང་ཚོ་རྟག་ཏུ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་ཞིག་གི་ནང་མེད་པ་ལྟ་བུ་ཡིན་སྲིད།
  • དེ་ལས་གཏིང་ཟབ་པར་བསམ་བློ་གཏོང་བའི་སྐབས་སུ་ང་ཚོས་རྣམ་པ་དེ་ཁོ་ན་ལ་བརྟེན་ནས་ངོས་འཛིན་བྱེད་པ་མ་གཏོགས་ཁོང་ཚོའི་མི་ཚེའི་ནང་མི་གཞན་མང་པོ་ཡོད་པའི་འགྲོ་བ་མི་ཞིག་ཏུ་བསམ་བློ་གཏོང་གི་མེད། ང་ཚོ་ལས་གཞན་པའི་གནད་དོན་གཞན་ཚང་མས་ཁོང་ཚོ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ང་ཚོ་ལ་ཡོད་པ་ནང་བཞིན་ཁོང་ཚོ་ལའང་ཚོར་བ་ཡོད་པ་དང་ང་ཚོ་ལ་གཞན་ནས་དགའ་མོས་ཐོབ་འདོད་ཡོད་པ་ནང་བཞིན་ཁོང་ཚོ་ལའང་གཞན་གྱིས་དགའ་མོས་བྱས་ན་བསམ་པའི་འདོད་པ་དེ་ཡོད་པ་རེད། 
  • མི་ཚང་མས་ཁོང་ཚོའི་ཕྱོགས་སུ་དེ་ལྟར་ཚོར་གྱི་མེད་པས། འཕགས་པའི་བདེན་པ་གསུམ་པ་འགོག་བདེན་གྱི་དཔེ་རུ་བསུན་གཙེར་ཅན་གྱི་ཚོར་བ་དེ་དང་དེ་དག་དང་མཉམ་དུ་སྡོད་སྐབས་ཀྱི་ཚོར་བ་མི་སྐྱིད་པ་དང་མི་བདེ་བ་དེ་མེད་པ་བཟོ་ནུས་པ་ཞིག་ཡིན།
  • ཚོར་བ་མི་བདེ་བ་དེ་མེད་པར་བཟོ་བར། དེ་ཡི་དཔེ་རུ་འཕགས་པའི་བདེན་པ་བཞི་པ་ལམ་གྱི་བདེན་པའམ་ཡང་དག་པའི་རྟོགས་པའི་སེམས་ཀྱི་ལམ་དེ་རྟོགས་དགོས་ཀྱི་ཡོད། གལ་ཏེ་མི་དེ་བསུན་གཙེར་ཅན་དུ་དངོས་གནས་བདེན་པར་གྲུབ་པ་ཞིག་ཡོད་ན། མི་ཚང་མས་རང་ཉིད་སྐྱེས་པའི་དུས་ནས་བཟུང་སྟེ་མི་དེ་བསུན་གཙེར་ཅན་དུ་མཐོང་དགོས་ཀྱི་ཡོད། ཡིན་ནའང་། དེ་ནི་མི་སྲིད་པ་ཞིག་རེད།
  • ང་ཚོས་བདེན་གྲུབ་ཀྱི་མི་བསུན་གཙེར་ཅན་ཞིག་ཏུ་འཛིན་པའི་རྟོག་འཆར་དེ་མེད་པ་བཟོ་དགོས། 
  • ང་ཚོས་དེ་དག་ལ་བསུན་གཙེར་མེད་པའི་སྒོ་ནས་ལྟ་དགོས། དེ་དག་ང་ཚོ་ལ་བསུན་གཙེར་ཅན་ལྟར་དུ་སྣང་ནའང་། དེ་ནི་སྒྱུ་མ་ལྟ་བུ་རེད། 
  • དེ་ནས་ང་ཚོས་ཁོང་ཚོའི་ཕྱོགས་སུ་གཅེས་སྐྱོང་གི་བསམ་ཕྱོགས་ (བག་ཡོད་) ཤིག་སྐྱེད་དགོས། དེ་ཡང་ཁོང་ཚོ་ནི་འགྲོ་བ་མི་ཡིན་པ་དང་གཞན་གྱིས་དགའ་མོས་བྱེད་ན་བསམ་པ་དང་སྐྱིད་པོ་འདོད་ཀྱི་ཡོད། ཁོང་ཚོ་ནི་གཞན་གྱིས་སྡང་པོ་བྱེད་པ་ལ་དགའ་ཡི་མེད། དཔེར་ན། རང་ཉིད་བསུན་གཙེར་ཅན་དུག་སྦྲང་ལྟ་བུ་ཞིག་ཡིན་པ་ནང་བཞིན་གཞན་ཞིག་གིས་སོ་སོ་ལ་བྱ་སྤྱོད་སྤེལ་བ་དེ་ལ་རང་ཉིད་མི་དགའ་བ་དེ་བཞིན་དུ་དེས་རང་ཉིད་ཀྱི་ཚོར་བ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། བྱས་ཙང་། ཁོང་ཚོས་ཀྱང་དེ་ལ་མི་དགའ་བ་དང་དེས་ཁོང་ཚོའི་ཚོར་བ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། 
  • མི་དེ་ལ་གཅེས་སྐྱོང་གི་བསམ་ཕྱོགས་ (བག་ཡོད་) ལ་བརྟེན་ནས་བརྩི་འཇོག་བྱེད་དགོས།

ཕྱོགས་བསྡོམས།

མི་བསུན་གཙེར་ཅན་དང་རྙོག་ཁྲ་ཚ་པོ་ཞིག་ལ་གདོང་ལེན་བྱེད་པར། ཐོག་མར་ཁོ་ཚོ་དང་ཐུག་པའི་སྐབས་དང་མ་ཐུག་སྔོན་ལ་གལ་ཏེ་གོ་སྐབས་ཡོད་ན་རང་ཉིད་ཀྱི་སེམས་ཞི་འཇམ་བཟོ་དགོས་ངེས་རེད། ང་ཚོ་ཁོང་ཚོ་དང་མཉམ་དུ་ཡོད་པའི་སྐབས། ང་ཚོ་ནང་བཞིན་ཁོང་ཚོ་ཡང་ཚོར་བ་ཡོད་མཁན་གྱི་མི་ཞིག་ཡིན་པར་བརྩི་འཇོག་བྱས་ནས་གཅེས་སྐྱོང་གི་བསམ་ཕྱོགས་ཤིག་སྐྱེད་པར་བྱེད་དགོས། དེ་ལྟ་བུའི་བསམ་ཕྱོགས་སྐྱེད་པར་འགོག་རྐྱེན་ནང་གི་གཅིག་ནི་མི་དེ་ལ་ཁོང་ཚོའི་མི་ཚེའི་ནང་གི་རྒྱ་ཆེ་བའི་དངོས་ཡོད་གནས་སྟངས་ཀྱི་སྐབས་དོན་གྱི་ཐོག་ནས་བརྩི་འཇོག་མི་བྱེད་པ་དེ་རེད། གལ་ཏེ་ང་ཚོས་སོ་སོའི་ཕྱིན་ཅི་ལོག་པའི་བློའི་ཁྱེར་སོ་དེ་མེད་པ་བཟོས་ནས་དེ་དག་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་བལྟས་ན། གུ་ཡངས་དང་གཅེས་སྐྱོང་གི་བསམ་ཕྱོགས་ཤིག་ལ་བརྟེན་ནས་ང་ཚོས་དེ་དག་ལ་ལམ་ལྷོང་དང་ཆེ་བའི་སྒོ་ནས་གདོང་ལེན་བྱེད་ཐུབ་ཀྱི་རེད།།

Top