མི་ཚེའི་དོན་སྙིང་ལྡན་པ་ཞིག་བཟོ་བ།

ང་ཚོས་སོ་སོའི་མི་ཚེའི་འཆར་ཅན་གྱི་བྱེད་སྒོ་ཁག་དོན་མེད་པ་མཐོང་བའི་སྐབས། ང་ཚོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བ་དང་ནུས་པའི་ཆ་རྣམས་རྟོགས་པའི་ཆེད་རང་གིས་རང་ཡར་རྒྱས་གཏོང་བའི་སྒོ་ནས་ཁ་ཕྱོགས་དོན་སྙིང་ཅན་ཞིག་ཐོབ་ཀྱི་ཡོད།
Putting%20meaning%20into%20life

འགྲེལ་བཤད།

ང་ཚོ་མང་པོ་ཞིག་གིས་སོ་སོའི་མི་ཚེའི་ནང་ཡར་རྒྱས་འགྲོ་ཡི་མེད་པ་ཚོར་གྱི་ཡོད། ང་ཚོས་སོ་སོའི་ལས་ཀ་དེ་དོན་སྙིང་མེད་པ་མཐོང་བའམ། ཡང་ན་ང་ཚོ་ལས་མེད་ཡིན་པ་དང་ཡར་རྒྱས་འགྲོ་རེ་ཞིག་མཐོང་གི་མེད་སྲིད། ང་ཚོ་ད་དུང་ཡང་སློབ་གྲྭར་ཡོད་པ་དང་ང་ཚོའི་ཤེས་ཡོན་གྱི་རིན་ཐང་དང་དོན་སྙིང་ལ་དྲི་བ་གཏོང་གི་ཡོད་སྲིད། ང་ཚོའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་སེམས་ངལ་ཡིད་ཞུམ་གྱི་ནང་ལྷུང་བའི་ཉེན་ཁ་ཡོད་པར་དངངས་སྐྲག་སྐྱེ་གི་ཡོད། དེ་དང་མཉམ་དུ་ང་ཚོས་དོན་སྙིང་ལྡན་པ་ཞིག་བྱེད་འདོད་ཡོད་པ་དང་དེས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ངེས་ཤིང་། དེ་གཞན་དང་མཉམ་སྤྱོད་བྱེད་འདུན་ཡོད། ཐ་ན་དངུལ་ཧ་ཅང་མང་པོ་གསོག་པ་དང་རྒྱུ་དངོས་ཧ་ཅང་མང་པོ་ཡོད་པ་དེས་ང་ཚོའི་དོན་སྙིང་གི་དགོས་གལ་ལ་འདོད་བློ་ཚིམ་གྱི་མེད་པ་དེ་ང་ཚོ་མང་པོ་ཞིག་གིས་རྟོགས་ཀྱི་ཡོད། 

ནང་ཆོས་ནས་གདན་དོན་འདི་ཉེན་མེད་ཀྱི་ཁ་ཕྱོགས་ཀྱི་བརྗོད་གཞི་ལ་བརྟེན་ནས་གླེང་གི་ཡོད། དེ་ནི་ནམ་རྒྱུན་སྐྱབས་འགྲོ་ཟེར་བ་དེ་རེད། ང་ཚོར་ཡོད་པའི་མི་ལུས་རིན་ཆེན་འདི་འཆི་བ་ལ་བརྟེན་ནས་མཇུག་རྫོགས་ངེས་ཡིན་པ་དང་། གལ་ཏེ་ང་ཚོས་ད་ལྟ་སོ་སོའི་མི་ཚེའི་ནང་དགེ་བའི་ལས་མ་བྱས་ན། དེའི་རྗེས་སུ་དེ་ལས་སྡུག་པའི་ངན་སོང་གི་གནས་སུ་སྐྱེ་བ་ལེན་སྲིད་པ་དེ་རྟོགས་པའི་སྐབས། དེ་ཇི་ལྟར་འགོག་ཐུབ་པའི་ཐད་ལ་འབད་དགོས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་མི་བྱེད་ནའང་། ད་ལྟ་ང་ཚོར་ཡོད་པའི་རྩ་ཆེ་བའི་མི་ཚེ་འདི་ལ་ཡི་རང་བྱེད་ཆོག་པ་དང་སོ་སོའི་མི་ཚེ་ཅི་འདྲའི་དོན་སྙིང་མི་ལྡན་པའི་ངང་ནས་ཕྱིན་པ་ལ་འགྱོད་སེམས་དང་བཅས་འཆི་བ་ནི་ཅི་འདྲའི་འཇིགས་རྔམ་ཅན་ཞིག་ཡིན་པ་དེ་ཤེས་པའི་སྒོ་ནས་ང་ཚོ་ཚེ་འདིའི་ནང་གནས་སྟངས་རྣམས་ཇེ་སྡུག་ཏུ་འགྲོ་བར་དངངས་སྐྲག་སྐྱེ་གི་ཡོད། 

ནང་ཆོས་ནས་གསུང་པའི་ཉེན་མེད་ཀྱི་ཁ་ཕྱོགས་ནི་དཀོན་མཆོག་གསུམ་གྱི་སྒོ་ནས་བསྟན་ཡོད་དེ། དེ་དག་ལས་གཙོ་བོ་ནི་ཆོས་ཡིན་པ་རེད། ཆོས་ནི་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་ཡིན་པས། ང་ཚོས་ཡོན་ཏན་བཟང་པོ་ཡོད་དོ་ཅོག་གོང་འཕེལ་གཏོང་བའི་སྒོ་ནས་སོ་སོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བ་དང་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པའི་ཆེད་རང་གིས་རང་ཡར་རྒྱས་གཏོང་དགོས་ཀྱི་ཡོད། སྐྱོན་གྱི་ཆའི་ནང་ཉོན་མོངས་པའི་སེམས་ཚོར་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་བྲལ་བ། རང་གཅེས་འཛིན། ཕན་ནུས་ལྡན་པའི་སྒོ་ནས་གཞན་དང་འབྲེལ་འདྲིས་བྱེད་པར་དཀའ་ངལ་ཡོད་པ་སོགས་ཚུད་ཡོད། ཡོན་ཏན་གྱི་ཆའི་ནང་བྱམས་པ་དང་། སྙིང་རྗེ། བཟོད་པ། བསམ་ཤེས། བཟོད་གསོལ། དྲང་བདེན་ལ་སོགས་པའི་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་ཚུད་ཡོད་པ་མ་ཟད། བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་། རྩེ་གཅིག་པའི་ཏིང་ངེ་འཛིན། ནང་གི་རྟོགས་པ་ཤེས་རབ་བཅས་ཀྱང་ཚུད་ཡོད། ཇི་ལྟར་སངས་རྒྱས་རྣམས་ཀྱིས་དེ་དག་ཡོངས་སུ་རྫོགས་པ་རྟོགས་པ་དང་སྐྱེས་བུ་དམ་པ་རྟོགས་པ་དང་ལྡན་པ་རྣམས་ཀྱིས་དེ་དག་གི་ཆ་ཤས་ཙམ་རྟོགས་ཡོད་པ་ནང་བཞིན་ང་ཚོས་དེ་དག་རྟོགས་པར་འབད་འབུངས་བྱེད་པ་ནི་ང་ཚོའི་མི་ཚེ་དངོས་གནས་དོན་སྙིང་ལྡན་པ་བཟོ་གི་ཡོད། 

ང་ཚོས་གཞན་དང་མཉམ་དུ་གནད་དོན་རྣམས་མཉམ་སྤྱོད་བྱེད་འདོད་ཡོད་སྲིད་ནའང་། དེ་ནི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ནང་སོ་སོའི་འགྲུབ་འབྲས་ལེགས་སོན་གང་བྱུང་བ་རྣམས་ཁྱབ་སྤེལ་གཏོང་བ་ཙམ་གྱི་དོན་མིན་པར། གདེང་ཚོད་རྙེད་པ་དང་སྦྲགས་ང་ཚོའི་ངོས་ནས་ཐབས་ཚུལ་རྒྱ་ཆེ་ཆུང་གང་རུང་གི་ཐོག་ནས་རོགས་རམ་བྱེད་པ་བརྒྱུད་ང་ཚོས་གཞན་དང་མཉམ་དུ་ཡར་རྒྱས་དེ་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་པ་ནི་གནས་སྟངས་རྣམས་ཇེ་སྡུག་ཏུ་འགྲོ་བའི་དངངས་སྐྲག་དང་། རང་གིས་རང་ཡར་རྒྱས་གཏོང་བ་ནི་སོ་སོའི་མི་ཚེ་ཇེ་སྡུག་ཏུ་འགྲོ་བ་ལ་སྔོན་འགོག་བྱེད་པའི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་ཡིན་པའི་བདེན་དོན་ལ་གདེང་ཚོད་རྙེད་པ། ང་ཚོར་འགྲུབ་འབྲས་གང་ཐོབ་པ་རྣམས་མཉམ་སྤྱོད་བྱེད་པའི་སྒོ་ནས་རོགས་བྱེད་འདོད་ཡོད་པའི་གཞན་དག་ལ་སེམས་ཁུར་དང་སྙིང་རྗེ་ཡོད་པ་བཅས་ལ་གཞི་བྱས་ཡོད།

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • སོ་སོའི་མི་ཚེ་ལ་བསམ་བློ་བཏང་ནས་དེ་དོན་སྙིང་ལྡན་པ་ཞིག་མཐོང་གི་འདུག་གམ་མི་འདུག་ཐད་དཔྱད་ཞིབ་བྱེད་དགོས།
  • ཁྱེད་ཀྱིས་གཞན་དང་མཉམ་དུ་རང་གི་མི་ཚེའི་གནད་དོན་རྣམས་ཇི་ལྟར་མཉམ་སྤྱོད་བྱེད་འདོད་པའི་སྐོར་བསམ་བློ་གཏོང་དགོས།
  • སོ་སོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བ་དང་ནུས་པའི་ཆ་རྣམས་རྟོགས་པའི་ཆེད་དུ་འབད་བརྩོན་བྱེད་པ་དེས་མི་ཚེ་དོན་སྙིང་ལྡན་པ་ཞིག་ཇི་ལྟར་བཟོ་གི་ཡོད་པ་དང་། དེ་ལ་བརྟེན་ནས་གལ་གནད་མེད་པའི་གནད་དོན་ཙམ་མིན་པར། དོན་སྙིང་ལྡན་པ་ཞིག་གཞན་དང་མཉམ་སྤྱོད་བྱེད་ཐུབ་པ་བཟོ་བ་དང་། དེ་ག་ནང་བཞིན་ཁྱེད་ཀྱིས་དྲྭ་ཐོག་ཙམ་མིན་པར་སྒེར་སོ་སོའི་འབྲེལ་བའི་ནང་གང་མཉམ་སྤྱོད་བྱས་པ་དེས་གཞན་ལ་ཕན་ཐོགས་ཤིག་བྱུང་ཡོད་ན། དེ་ནི་ཅི་འདྲའི་མི་ལེགས་སམ་ཞེས་དེ་དག་གི་ཐད་བསམ་བློ་གཏོང་དགོས།
  • སོ་སོའི་མི་ཚེའི་ནང་དོན་སྙིང་ལྡན་པའི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་མེད་པའི་སྐབས་སུ་གཏིང་ཟབ་པའི་སེམས་ངལ་ཡིད་ཞུམ་གྱི་གཡང་སར་ལྷུང་བར་བསམ་བློ་ཐོངས།
  • རང་གིས་རང་ཡར་རྒྱས་གཏོང་བ་དེས་རང་ཉིད་སེམས་ངལ་ཡིད་ཞུམ་ལས་ཇི་ལྟར་སྐྱོབ་ཀྱི་ཡོད་པ་དང་དེ་ནི་ཁྱེད་ཀྱིས་གཞན་དང་མཉམ་སྤྱོད་བྱེད་ཆོག་པའི་གསོལ་རས་ཧ་ཅང་ཡག་པོ་ཞིག་ཆགས་ཀྱི་ཡོད་པའི་ཐད་ལ་བསམ་བློ་གཏོང་དགོས། 
  • ཁ་ཕྱོགས་དེ་སོ་སོའི་མི་ཚེའི་ནང་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱེད་དགོས།
  • དེ་ལྟར་གཅིག་མཚུངས་སུ་བསམ་བློ་གཏོང་དགོས་ཀྱང་། ད་ལྟ་ཁྱེད་རང་གཡང་ས་ནས་ལྷུང་ཆོག་ཆོག་ཡོད་པ་རེད།
  • འདིར་ཡང་གཅིག་མཚུངས་སུ་བསམ་བློ་གཏོང་དགོས་ཀྱང་། ཁྱེད་རང་གཡང་ས་དེ་ལས་ཏོག་ཙམ་ཐག་རིང་སར་ཡོད། ཡིན་ནའང་། ག་ལེར་དེ་དང་ཐག་ཉེ་རུ་འགྲོ་བཞིན་ཡོད།

ཕྱོགས་བསྡོམས།

ང་ཚོས་སོ་སོའི་མི་ཚེ་རྒྱུན་ལྡན་ལྟར་དང་། ཉོབ་སྣང་ཅན། དོན་སྙིང་མེད་པ་ལྟར་མཐོང་བའི་སྐབས། ངེས་པར་དུ་སྔོན་ཚུད་ནས་བསམ་ཞིབ་བྱེད་པའི་ཐབས་ཚུལ་ཞིག་ལག་བསྟར་བྱེད་དགོས། ང་ཚོས་མི་ཚེའི་ནང་བཟང་ཕྱོགས་ཀྱི་ཁ་ཕྱོགས་ཤིག་སྐྲུན་དགོས་ཤིང་། དེ་ཡང་སོ་སོ་རང་ཉིད་ཀྱི་ཆེད་དུ་ཙམ་མིན་པར་གཞན་གྱི་ཆེད་དུའང་དོན་སྙིང་ལྡན་པ་ཞིག་དགོས། ཁ་ཕྱོགས་འདི་ནི་སོ་སོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བ་དང་དགེ་བའི་ནུས་པ་རྣམས་རྟོགས་པའི་ཕྱིར་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་ཡིན། ཇི་ལྟར་སངས་རྒྱས་རྣམས་ལ་ཡོངས་སུ་རྫོགས་པ་མངའ་ཞིང་བྱང་ཆུབ་སེམས་དཔའ་རྟོགས་པ་དང་ལྡན་པ་རྣམས་ལ་འདིའི་ཆ་ཤས་ཙམ་ཐོབ་ཡོད་པ་ནང་བཞིན་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་འདི་ཆ་ཚང་བ་ཞིག་ཐོབ་རྒྱུ་ཡིན་མིན་ལ་མི་ལྟོས་པར། ད་དུང་ཡང་འདིའི་ཕྱོགས་སུ་འགྲུལ་བཞུད་བྱེད་པ་དེ་ག་རང་གིས་ང་ཚོའི་མི་ཚེའི་སྤུས་ཚད་གོང་འཕེལ་ཧ་ཅང་རྒྱ་ཆེན་པོ་གཏོང་གི་རེད།།

Top