ངང་ངམ་ཤུགས་ཀྱི་རང་བཞིན་ལ་དབང་སྒྱུར་བྱེད་པ།

བྱ་སྤྱོད་སྤེལ་འདོད་ཡོད་པ་དང་སྐད་ཆ་བཤད་འདོད་ཡོད་པ་དང་ངང་ངམ་ཤུགས་ཀྱིས་ལས་ཀ་དེ་བྱེད་པ་གཉིས་ཀྱི་བར་ལ་དེའི་རྗེས་འབྲས་གང་ཡོང་བ་དང་གོམས་གཤིས་ངན་པའི་བྲན་གཡོག་མི་བྱ་བའི་ཐོག་དཔྱད་ཞིབ་བྱེད་པའི་གོ་སྐབས་ཤིག་ཡོད
Meditations conquering compulsiveness

འགྲེལ་བཤད། 

ལས་ནི་ང་ཚོའི་ངང་ངམ་ཤུགས་ཀྱི་རང་བཞིན་གྱི་སྐོར་ལ་ཡིན་པ་རེད། དེ་ནི་ཉོན་མོངས་འགའ་ཞིག་གི་དབང་དུ་ཕྱིན་ཏེ་ང་ཚོ་ལ་རྡོ་ཁབ་ལེན་ནང་བཞིན་འགུལ་འཐེན་གྱིས་ལས་ལ་འཇུག་པ་དང་། སྐད་ཆ་བཤད་དུ་འཇུག་པ། བསམ་བློ་གཏོང་དུ་འཇུག་པའི་དབང་མེད་ཀྱི་སྐུལ་མའམ་སེམས་ཀྱི་ངར་ཤུགས་ལ་གོ་བ་ཡིན། 

དབང་མེད་ཀྱི་ངར་ཤུགས་དེ་དག་ལས་ལ་ངང་ངམ་ཤུགས་ཀྱིས་འཇུག་པར་བརྟེན་ལུས་ངག་ཡིད་གསུམ་གྱི་ལས་ངང་ངམ་ཤུགས་ཀྱིས་ཡང་ནས་ཡང་དུ་བྱེད་པའི་བག་ཆགས་ཤིག་འཇོག་གི་ཡོད། དེ་ལྟར་གནས་སྟངས་སྣ་ཚོགས་པ་འབྱུང་བའི་སྐབས། ནང་ནས་ཉོན་མོངས་སྐྱེ་བ་ལྟ་བུའམ་ཕྱི་ནས་ང་ཚོར་འཕྲད་པའི་གནས་སྟངས་ལྟ་བུ་དང་ང་ཚོ་དང་མཉམ་དུ་ཡོད་པའི་མི་རྣམས་ལྟ་བུའི་བག་ཆགས་དེ་དག་གིས་ལས་དང་བྱ་བ་དེ་ཡང་ནས་ཡང་དུ་བྱེད་ཀྱིན་ཡོད་པའི་ཚོར་བ་ཞིག་འདྲེན་པར་བྱེད་ཀྱི་ཡོད། དེ་ནས་དུས་རྒྱུན་དུ་ང་ཚོས་ལས་ཀྱི་མཇུག་འབྲས་ལ་བསམ་བློ་མི་གཏོང་བར་ངང་ངམ་ཤུགས་ཀྱིས་བྱ་བ་དེ་ལ་ཡང་ནས་ཡང་དུ་འཇུག་གི་ཡོད། འདི་ལྟ་བུའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་འབྲས་བུར་ང་ཚོས་སྡུག་བསྔལ་ཚོར་བའམ་ནམ་ཡང་འདོད་བློ་ཁེངས་རྒྱུ་མེད་པའི་ཟག་བཅས་ཀྱི་བདེ་བ་ཞིག་མྱོང་དུ་འཇུག་གི་ཡོད། ལས་ནི་དབང་མེད་ཀྱི་ངར་ཤུགས་དང་སྤྱོད་ལམ་དེ་ལྟ་བུའི་རྒྱབ་ཏུ་ཡོད་པའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ཡིན་པ་རེད། 

ཉོན་མོངས་པའི་སེམས་ཚོར་དེ་དག་གིས་འགྲོས་དེ་དག་ལ་བསྐུལ་རྐྱེན་བྱེད་ཀྱི་ཡོད་པ་སོང་ཙང་། དེ་ལ་བརྟེན་ནས་དཀའ་ངལ་རྣམས་འབྱུང་གི་ཡོད།

  • ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་འགྲོས། དཔེར་ན། གང་ཡང་ཆད་ལྷག་མེད་པར་བྱེད་འདོད་ཀྱི་འདོད་ཆགས་དབང་གིས་ངང་ངམ་ཤུགས་ཀྱིས་ཁ་པར་ནང་གི་འཕྲིན་ཡིག་དང་ངོ་དེབ་ནང་སྔོག་བཤེར་བྱེད་པའམ། ཡང་ན་གཞན་གྱི་ཚོར་བ་ལ་བྱིས་བློའི་རང་བཞིན་དང་བསམ་ཤེས་མེད་པ་སོང་ཙང་། སོ་སོའི་ཕ་མ་དང་མཉམ་དུ་དགོང་ཚིགས་མཉམ་བཟའ་བྱེད་པའི་སྐབས་སུའང་ཁ་པར་རྩེ་བ་དང་། སྣུམ་འཁོར་འཚང་འགག་ནང་འཁར་བའི་སྐབས་སུ་ཁོང་ཁྲོའི་དབང་གིས་ངང་ངམ་ཤུགས་ཀྱིས་དུང་སྒྲ་གཏོང་བ་དང་མདུན་འཚང་བྱེད་རྩིས་བྱེད་པ་ལྟ་བུ་རེད། 
  • ངང་ངམ་ཤུགས་ཀྱི་ངག་གི་བརྗོད་པའི་འགྲོས། དཔེར་ན། འདོད་བློ་མི་ཁེངས་པ་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་རྙོག་ཁྲ་བཤད་པ་དང་། རང་གི་རང་ལ་གལ་ཆེན་དུ་འཛིན་པ་དང་སྡང་འཛིན་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་སྐྱོན་བརྗོད་བྱེད་པ་དང་དབང་ཡོད་ཐུབ་ཚོད་ལྟ་བུ་ངང་ངམ་ཤུགས་ཀྱིས་དྲག་ཤུལ་གྱི་སྒོ་ནས་སྐད་ཆ་བཤད་པ། དེ་བཞིན་ངོ་ཚ་སྨིན་པོ་དང་རང་གིས་རང་ལ་རིན་ཐང་དམའ་བའི་ཚོར་བ་ལ་བརྟེན་ནས་སྐད་ཆ་བཤད་པའི་སྐབས་ཧ་ཅང་འཇམ་པོ་བཤད་པ་ལྟ་བུ་རེད།
  • ངང་ངམ་ཤུགས་ཀྱི་བསམ་བློའི་འགྲོས། དཔེར་ན། བདེ་འཇགས་དང་ཉེན་སྲུང་མེད་པ་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་སེམས་ཁྲལ་བྱེད་པ་དང་། དངོས་པོའི་གནས་ལུགས་ལ་རྨོངས་པའི་བྱིས་བློའི་རང་བཞིན་ནམ་ཡང་ན་དངོས་པོའི་གནས་ལུགས་གཡོལ་འདོད་བྱེད་པ་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་ཉིན་མོའི་རྨི་ལམ་གཏོང་བ་ལྟ་བུ་རེད།

གོང་གི་དཔེར་བརྗོད་དེ་དག་ཐམས་ཅད་ནི་སྡུག་བསྔལ་འབྱུང་བར་བྱེད་པའི་རང་གིས་རང་ལ་གནོད་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་འགྲོས་རྣམས་ཡིན་པ་རེད། འོན་ཀྱང་། ཕན་བྱེད་དགེ་བའི་སྤྱོད་ལམ་རྣམས་ཀྱང་ཡོད་ཀྱང་། དེ་དག་ནི་དབང་རྩ་འཁྲུགས་པའི་སྤྱོད་ལམ་ཡིན་པ་སྟེ། དཔེར་ན། སྐྱོན་མེད་ཡང་དག་པ་དང་གཞན་གྱི་རྒྱུ་མཚན་རིགས་པ་ལ་ངང་ངམ་ཤུགས་ཀྱིས་ནོར་བཅོས་བྱེད་པ། “མིན་” ཞེས་ནམ་ཡང་བརྗོད་མི་ཐུབ་མཁན་གྱི་ངང་ངམ་ཤུགས་ཀྱིས་ཕན་ཐོགས་བྱེད་མཁན། དེ་བཞིན་ལས་ཀ་མི་བྱེད་པར་སྡོད་པར་དཀའ་བའི་མི་རྣམས་ལ་སོགས་པ་ལྟ་བུ་རེད། དེ་དག་གི་རྒྱབ་ཏུ་གཞན་ལ་ཕན་འདོགས་པར་འདོད་པ་དང་ལས་བཟང་པོ་བྱེད་པའི་དགེ་བའི་སེམས་ཚོར་གྱི་གྲུབ་ཆ་ཞིག་ཡོད་སྲིད་ཀྱང་། ཁོང་ཚོའི་རྒྱབ་ཏུ་ “བདག་གམ་ང་” ཟེར་བའི་སྔོན་ཚུད་ལས་བྲེལ་དང་ངར་ཤུགས་ཤིག་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ “ང་ཡག་པོ་ཡིན་དགོས་པ་” དང་། “ང་ནི་དགོས་མཁོ་ཅན་ཞིག་ཡིན་དགོས་པ།” “ང་ནི་སྐྱོན་མེད་ཡང་དག་ཅིག་ཡིན་དགོས་” ཞེས་ང་ཚོས་ལས་ཀ་ཡག་པོ་ཞིག་བྱེད་པའི་སྐབས་སུ་ང་ཚོ་ལ་གནས་སྐབས་རིང་སྐྱིད་པོ་ཞིག་ཡོང་གི་ཡོད་ནའང་། བདེ་སྐྱིད་དེ་ནི་ཡུན་དུ་གནས་ཀྱི་མེད། དེ་ནི་དཀའ་ངལ་ཞིག་ཡིན་པ་རེད། དཔེར་ན། ང་ཚོས་སོ་སོ་རང་ཉིད་ཡག་པོ་ཞིག་ཡིན་པ་ནམ་ཡང་མི་ཚོར་བའམ། ཡང་ན་སོ་སོ་རང་ཉིད་ཀྱི་རིན་ཐང་ཁུངས་སྐྱེལ་བྱེད་པར་ང་ཚོ་ད་དུང་ཡང་ཕྱི་ལོགས་ལ་ཕྱིན་ཏེ་ལས་ཀ་བཟང་པོ་བྱེད་དགོས་པར་ཚོར་གྱི་ཡོད། 

ཐོག་མར་ང་ཚོ་ཞི་འཇམ་དང་ལྷོད་ལྷོད་བྱེད་དགོས། དེ་ལྟར་བྱུང་ན་གཞི་ནས་ང་ཚོས་ལས་ཀ་ཞིག་བྱེད་སྙིང་འདོད་པ་དང་སྐད་ཆ་ཞིག་བཤད་སྙིང་འདོད་པའི་སྐབས་དང་ང་ཚོས་དེ་ངང་ངམ་ཤུགས་ཀྱིས་བྱེད་པ་གཉིས་དབར་གྱི་ཁྱད་པར་དེ་ཕལ་ཆེར་ངོས་འཛིན་བྱེད་ཐུབ་ཀྱི་རེད། དེའི་བར་ལ་ང་ཚོས་དཔྱད་ཞིབ་བྱེད་ཐུབ་པའི་སྟོང་ཆ་ཞིག་ཡོད་པ་ནི། དེའི་རྒྱབ་ལ་ཉོན་མོངས་ཀྱི་སེམས་ཚོར་ཡོད་དམ། ངས་སོ་སོ་རང་ཉིད་ (རྟག་ཏུ་སྐྱོན་མེད་ཡང་དག་ལྟ་བུ་) མི་སྲིད་པ་ཞིག་ཡོང་བར་ངང་ངམ་ཤུགས་ཀྱིས་ཨུ་ཚུགས་བྱེད་ཀྱིན་ཡོད་དམ། (ཟ་འཕྲུག་ལ་སྦར་ཤད་རྒྱག་པ་ལྟ་བུ་)དེ་བྱེད་པར་ལུས་པོའི་མཁོ་གནད་ཅིག་ཡོད་དམ། དེ་ནི་ཕན་ཐོགས་ཅན་ཞིག་ཡོང་གི་རེད་དམ་གནོད་གཞི་ཅན་ཞིག་ཡོང་གི་རེད། དེ་ལྟར་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཚོད་དཔག་བྱེད་དགོས་པ་དང་། གལ་ཏེ་ང་ཚོས་གང་བྱེད་སྙིང་འདོད་པ་དང་བརྗོད་སྙིང་འདོད་པའི་བྱ་བ་བརྩམ་པའི་རྒྱུ་མཚན་ཡང་དག་ཅིག་མེད་པར་མཐོང་ན། ཚོར་བ་དེ་དངོས་སུ་མི་བྱེད་པའི་རང་གིས་རང་ཚོད་འཛིན་བྱེད་ཐུབ་པ་དགོས། ཡིན་ནའང་། དེ་ནི་དབང་རྩ་འཁྲུགས་པའི་རྒྱུ་མཚན་འགའ་ཞིག་ཁོ་ན་ལ་ཡིན། འདི་ལ་ང་ཚོའི་ལུས་ངག་ཡིད་གསུམ་གྱི་ལས་བྱེད་ཚུལ་ལ་དྲན་པ་དགོས་པ་དང་ཉིན་གང་ཁ་ནང་དུ་བསྐོར་ནས་ཤེས་བཞིན་བསྟེན་པ། དེ་བཞིན་རང་ཚུགས་ཟིན་ཐུབ་པ་དགོས། 

དམིགས་ཡུལ་ནི་ཤེས་རབ་བེད་སྤྱོད་བྱ་རྒྱུ་དང་གང་ཐུབ་ཅི་ཐུབ་ཀྱིས་ངང་ངམ་ཤུགས་དང་བྲལ་བའི་སྒོ་ནས་བྱ་བ་བརྩམ་རྒྱུ་དེ་ཡིན་པ་རེད། དེ་བཞིན་ང་ཚོའི་སྤྱོད་ལམ་གྱི་རྒྱབ་ཏུ་དགེ་བའི་སེམས་ཚོར་དང་སོ་སོ་རང་ཉིད་དང་དངོས་པོའི་གནས་ལུགས་དང་མཐུན་པ་གང་ཡིན་པ་ལ་མགོ་རྨོངས་གང་ཉུང་ཉུང་ཡོང་བར་བྱ་རྒྱུ་དེ་རེད། 

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • སོ་སོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཀྱི་ངང་ངམ་ཤུགས་ཀྱི་འགྲོས་དེ་ངོས་འཛིན་ཐབས་བྱེད་དགོས།
  • དེ་དག་ལས་གཅིག་གདམ་ཀ་བྱས་ཏེ། དེའི་རྒྱབ་ཏུ་ཉོན་མོངས་པའི་སེམས་ཚོར་འདུག་དང་མི་འདུག ཡང་ན་ཡིན་པ་མི་སྲིད་པ་ཞིག་ལ་འཛིན་པ་སྐྱེ་བ་ཞིག་འདུག་དང་མི་འདུག་བརྟག་དཔྱད་བྱེད་དགོས། དེ་ཡང་དཔེར་ན། ནོར་འཁྲུལ་རྩ་ནས་བྱེད་ཀྱིན་མེད་པ་ལྟ་བུ་ཞིག་དགོས། 
  • ཁྱེད་ཀྱིས་ངང་ངམ་ཤུགས་ཀྱིས་བྱ་བ་བརྩམ་པའི་སྐབས། དེས་དཀའ་ངལ་ཞིག་བཟོ་གི་ཡོད་པ་དེ་ངོས་འཛིན་ཐབས་བྱེད་དགོས་ཤིང་། དེ་ཡང་སོ་སོ་རང་ཉིད་དམ་ཡང་ན་ཁྱེད་ཀྱིས་གཞན་དག་ལ་དཀའ་ངལ་གྱི་རིགས་སྤྲོད་པ་ཞིག་ཀྱང་ཡིན་ཆོག དེ་ལ་བརྟེན་ནས་རང་ཉིད་ཀྱིས་སྡུག་བསྔལ་ལམ་འདོད་བློ་མི་ཁེངས་པའི་གནས་སྐབས་རིང་གནས་པའི་བདེ་སྐྱིད་ཚོར་དུ་འཇུག་གི་ཡོད། 
  • ཁྱེད་ཀྱིས་གང་བརྗོད་འདོད་ཡོད་པ་དང་བྱེད་འདོད་ཡོད་པའི་ཐད་ལ་བརྟག་ཞིབ་བྱེད་པར་ཤེས་རབ་སྤྱོད་རྒྱུར་ཐག་གཅོད་བྱེད་དགོས་ཏེ། ཇི་ལྟར་སློབ་དཔོན་ཞི་བ་ལྷས། གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། །ཞེས་རང་གིས་རང་ལ་གནོད་པའི་བྱ་སྤྱོད་དང་རང་གི་བདག་འཛིན་ཤུགས་ཆེ་རུ་འགྲོ་བའི་སྐབས། རང་གིས་རང་སྟངས་འཛིན་དང་ཤིང་དུམ་གཅིག་ནང་བཞིན་གནས་དགོས་ཞེས་གསུངས་པ་ལྟ་བུའོ།།
  • ཁྱེད་རང་སྒོམ་རྒྱག་པ་དང་ཁྱེད་རང་ཟ་འཕྲུག་སྦར་ཤད་རྒྱག་སྙིང་འདོད་པ་དང་རང་གི་རྐང་པ་འགུལ་འདོད་ཡོད་པ། དེའི་བར་གྱི་དུས་ཡུན་དང་ཁྱེད་ཀྱིས་ཟ་འཕྲུག་རྒྱག་པ་དང་སྦར་ཤད་རྒྱག་པའི་སྐབས། ཁྱེད་རང་ག་རེ་བྱེད་སྙིང་འདོད་པ་དེ་གཏན་འབེབ་བྱེད་དང་མི་བྱེད་ཀྱི་ཐག་གཅོད་དེ་ཇི་ལྟར་བྱེད་ཐུབ་པ་བཅས་ལ་བརྟག་ཞིབ་བྱེད་དགོས། ཁྱེད་ཀྱིས་བྱ་བ་དེ་མ་བརྩམས་པ་ནི་བྱ་བ་བརྩམས་པ་ལས་ཁེ་ཕན་ཆེ་བ་ཡོད་པ་ཐག་གཅོད་བྱེད་པའི་སྐབས། རང་ཚུགས་ཟིན་ཐུབ་པ་དང་ཤིང་དུམ་གཅིག་ནང་བཞིན་གནས་ཐུབ་ཀྱི་ཡོད་མེད་ལྟ་དགོས། 
  • ཁྱེད་ཀྱི་ཉིན་རེའི་མི་ཚེའི་ནང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལ་མཚོན་ན། ཁྱེད་རང་ལས་དོན་ཞིག་བྱེད་སྙིང་འདོད་པ་དང་དངོས་སུ་བྱེད་པའི་བར་གྱི་སྟོང་ཆ་དེ་ལ་དྲན་པ་མང་བ་བསྟེན་ཐབས་བྱེད་དགོས། བྱ་བ་དེ་མ་བརྩམས་པ་ནི་བྱ་བ་དེ་བརྩམས་པ་ལས་ཁེ་ཕན་ཆེ་བ་ཡོད་པའི་སྐབས། ཁྱེད་རང་ཤིང་དུམ་གཅིག་ནང་བཞིན་གནས་ཐབས་བྱེད་དགོས་ཀྱི་ཡོད། 

ཕྱོགས་བསྡོམས།

ཉོན་མོངས་པ་དག་ལ་བརྟེན་ནས་བྱུང་བའི་ངང་ངམ་ཤུགས་ཀྱི་རང་གིས་རང་ལ་གནོད་པའི་སྤྱོད་ལམ་གྱིས་སྡུག་བསྔལ་དང་དཀའ་ངལ་མྱོང་བར་བྱེད་ཀྱི་ཡོད་པ་ང་ཚོས་མཐོང་ཟིན་པ་རེད། ཐ་ན་ང་ཚོས་ངང་ངམ་ཤུགས་ཀྱིས་བཟང་ཕྱོགས་དགེ་བའི་ལས་འཇུག་པའི་སྐབས་དང་དེ་ཡང་ཉེན་སྲུང་མེད་པ་དང་སོ་སོ་རང་ཉིད་ཀྱི་ཐོག་ལ་རྒྱུ་མཚན་དང་མི་ལྡན་པའི་བསལ་བློའི་དབང་གིས་བྱུང་བའི་སྐབས། ལས་དོན་ཞིག་ལེགས་པོར་བསྒྲུབས་པའི་རྗེས་སུའམ་ཡང་ན་ཕན་ཐོགས་ཅན་ཡོད་པ་ལྟ་བུ་ང་ཚོ་ལ་གནས་སྐབས་ཀྱི་བདེ་བ་ཡོད་སྲིད་ནའང་། ང་ཚོས་ངང་ངམ་ཤུགས་ཀྱིས་རང་གིས་རང་ལ་སླར་ཡང་ཁུངས་སྐྱེལ་བྱེད་དགོས་པར་ཚོར་གྱི་ཡོད། 

ང་ཚོ་ཞི་འཇམ་ངང་གང་བྱེད་སྙིང་འདོད་པ་དང་། བརྗོད་སྙིང་འདོད་པ། བསམ་སྙིང་འདོད་པ། དེ་བཞིན་ང་ཚོ་ངང་ངམ་ཤུགས་ཀྱིས་བྱེད་པའི་བར་གྱི་སྟོང་ཆ་དེ་ངོས་འཛིན་དགོས་ཀྱི་ཡོད། ང་ཚོ་ཁ་ནང་དུ་བསྐོར་ནས་ཤེས་བཞིན་ལྡན་པ་དང་། དྲན་པ་དང་ལྡན་པ། ཤེས་རབ་དང་ལྡན་པ་དགོས་ཀྱི་ཡོད། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བའི་ཚིགས་སུ་བཅད་པ་ ༢༨ པའི་ནང་། མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་གསུངས་པ་ལྟ་བུ་རེད།

འོན་ཀྱང་། མཁྲེགས་པོ་དང་འཕྲུལ་ཆས་ལྟར་གྱི་མཐའ་རུ་མི་ལྷུང་བའི་སྒོ་ནས་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་རྟག་ཏུ་བརྟག་ཞིབ་བྱེད་ཀྱིན་ཡོད། གལ་ཏེ་ཁྱེད་རང་འདི་ལ་དགའ་མོས་བྱེད་ན། ཁྱེད་རང་རྩོལ་མེད་རང་བཞིན་མིན་ཞེས་འགག་པ་རྒྱག་སྲིད། ཡིན་ནའང་། གལ་ཏེ་རྩོལ་མེད་རང་བཞིན་ཟེར་བ་དེ་སོ་སོའི་སེམས་ནང་གང་དྲན་པ་དེའི་ཁེ་ཕན་དང་རན་འཚམས་ལ་བརྟག་ཞིབ་མི་བྱེད་པར་དེ་ལྟར་བྱེད་པ་ལ་ཟེར་གྱི་ཡོད་ན། ཕྲུ་གུ་མ་འབྱར་དེ་མཚན་དཀྱིལ་དུ་ངུ་བཞིན་ཡོད་པའི་སྐབས། གལ་ཏེ་ང་ཚོ་ཡར་ལང་འདོད་མེད་ན། ལང་གི་མ་རེད། ཡང་ན་ང་ཚོས་ཕུ་གུ་ལ་ཐལ་ལྕག་གཞུས་ནས་ཁུ་སིམ་བཟོ་འདོད་ཡོད་ན། ང་ཚོས་ཐལ་ལྕག་གཞུ་གི་རེད། བྱས་ཙང་། ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་སྟེ། ལས་ཀྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་པར་ང་ཚོ་གོང་དུ་ཞུས་པ་ལྟར་ཡང་ནས་ཡང་དུ་སྒོམ་རྒྱག་དགོས་ཀྱི་ཡོད། དེ་ལྟར་སྒོམ་རྒྱག་ན་རང་གིས་རང་ལ་ཉེན་རྟོག་པ་ཞིག་ལྟར་མཁྲེགས་པོ་དང་རྩུབ་པོ་ཆགས་ཀྱི་མ་རེད། འོན་ཀྱང་། ང་ཚོས་གང་བྱེད་འདོད་ཡོད་པ་ལ་དྲན་པ་སྟེན་རྒྱུ་དེ་རང་ཤུགས་དང་རང་བཞིན་ཆགས་ཀྱི་ཡོད།།

Top