འགྲེལ་བཤད།
ཨིན་སྐད་དུ་ཡོད་པའི་ཨོཀྶ་ཧྥོརྜ་ཚིག་མཛོད་ཆེན་མོའི་ནང་དགོངས་ཡངས་སམ་བཟོད་གསོལ་ (forgiveness) ཟེར་བ་དེ་གཞན་གྱི་འཁང་ར་དང་སྐྱོན་ནོར་འཁྲུལ་ལ་ཁོང་ཁྲོ་དང་འཁོན་འཛིན་གྱི་ཚོར་བ་མི་སྐྱེ་བར་བྱེད་པའི་དོན་ཞེས་གསལ་འདུག མི་འགའ་ཞིག་ལ་དེ་ནི་འཁང་ར་བྱས་པའི་མི་དེའི་གོ་དོན་འཕར་མ་ཁྱད་པར་བ་ཞིག་ཡོད་པའམ། ཡང་ན་གནས་ཚད་མཐོ་བ་ཞིག་གིས་དགོངས་ཡངས་གནང་སྟེ། དེས་འཁང་ར་བྱེད་མཁན་གྱི་ལས་ཀྱི་ཉེས་ཆད་གང་འདྲ་ཞིག་ཡིན་པ་དེ་ལས་ཐར་བར་བྱེད་ཀྱི་ཡོད།
ནང་པའི་སེམས་བྱུང་གི་དཔྱད་དོན་ནང་མངོན་གསལ་དོད་པོའི་སྒོ་ནས་དགོངས་ཡངས་དེ་ཚུད་མེད་ནའང་། དེའི་ནང་ཁོང་ཁྲོ་དང་སྡང་འཛིན་ (དེའི་ནང་འཁོན་འཛིན་ཚུད་ཡོད་) དེ་དག་གི་གཉེན་པོར་ཁོང་ཁྲོ་མི་བྱེད་པ་དང་ངན་སེམས་མི་འཆང་བ་བཅས་ཚུད་ཡོད།
- ཁོང་ཁྲོ་མི་བྱེད་པ་ནི། ང་ཚོའི་བྱ་སྤྱོད་ལ་བརྟེན་ནས་སོ་སོ་རང་ཉིད་དང་གཞན་རྣམས་སྡུག་བསྔལ་མྱོང་བཞིན་པ་དང་མྱོང་བར་འགྱུར་བ་རྣམས་ལ་ཡ་ལན་སློག་འདོད་དང་གནོད་སྐྱེལ་འདོད་མི་བྱེད་པ་དེ་རེད།
- སེམས་ངན་མི་འཆང་བས་ནི། གཞན་རྣམས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་བྲལ་བར་འདོད་པའི་སྙིང་རྗེ་ལ་ཁ་སྣོན་བྱེད་ཀྱི་ཡོད།
དེར་བརྟེན་ནང་པའི་ལྟ་ཚུལ་ལྟར་ན། ང་ཚོས་སོ་སོ་རང་ཉིད་དང་གཞན་རྣམས་རང་སོ་སོའི་གནོད་བྱེད་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་གང་འདྲ་ཞིག་ཡིན་ནའང་དེ་དག་དང་བྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་ཀྱི་ཡོད། འོན་ཀྱང་། གཞན་གྱི་མི་དགེ་བའི་ལས་ཀྱི་རྗེས་འབྲས་ལ་སུས་ཀྱང་དགོངས་ཡངས་གཏོང་བའི་ནུས་པ་མེད། དེ་འདྲ་སོང་ཙང་། བླ་ཆེན་ནམ་མཆོད་དཔོན་ཡང་ན་ཁྲིམས་དཔོན་གྱིས་ནག་ཉེས་ཅན་རྣམས་ལ་དགོངས་ཡངས་གཏོང་སྲིད་པ་ནང་བཞིན་བཟང་སྤྱོད་ཀྱི་ཆ་ནས་རང་ཉིད་མཆོག་ཏུ་འཛིན་པའི་ཁེངས་པའི་ཚོར་བ་ཞིག་ཡོང་བའི་ཉེན་ཁ་མེད།
དགོངས་ཡངས་ལ་ནང་པའི་ལངས་ཕྱོགས་ཀྱི་གནད་འགག་གཙོ་བོ་ནི་མི་གཞན་ཞིག་གམ་ཡང་ན་སོ་སོ་རང་ཉིད་ཀྱིས་བྱས་པའི་གནོད་བྱེད་ཀྱི་མི་དགེ་བའི་ལས་སམ་དེ་དག་གི་ནོར་འཁྲུལ་ལ་གཞིགས་ནས་གང་ཟག་ལ་ཁྱད་པར་འབྱེད་པ་དེ་ཡིན། དྲན་དགོས་པ་ཞིག་ལ་ང་ཚོ་སྡུག་ཅག་ཡིན་པའི་རྒྱུ་མཚན་གྱིས་མི་དགེ་བའི་ལས་བྱེད་པའམ་ནོར་འཁྲུལ་བྱེད་ཀྱི་ཡོད་པ་མིན་པར། ང་ཚོ་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་དང་དངོས་པོའི་གནས་ལུགས་ལ་རྨོངས་པའི་རྒྱུ་མཚན་གྱིས་དེ་ལྟར་བྱེད་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོའི་གོ་རྟོགས་ཀྱང་ཚད་ངེས་ཅན་ལས་མེད་པས་ནོར་འཁྲུལ་བྱེད་ཀྱི་ཡོད། ང་ཚོ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་རྨོངས་པ་དང་དཀའ་ངལ་ཡོད་མཁན་གྱི་འཁོར་བའི་སེམས་ཅན་ཡིན་པ་སོང་ཙང་། སྙིང་རྗེའི་ཡུལ་འོས་ཤིང་འཚམས་པ་ཞིག་ཡིན། ང་ཚོས་སོ་སོ་རང་ཉིད་ལ་འགྲིག་ཚོད་ཀྱིས་གནོད་སྐྱེལ་བ་དང་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པས། ད་དུང་དེ་ལས་མང་བ་ཁ་སྣོན་བྱེད་དགོས་དོན་མེད།
དེར་བརྟེན་ནང་པའི་སྐབས་དོན་གྱི་ནང་དགོངས་ཡངས་ཞེས་བྱ་བའི་དོན་ནི།
- སོ་སོ་རང་ཉིད་དང་གཞན་ཞིག་གང་ཡིན་རུང་ལས་བྱེད་པ་པོ་གང་ཟག་དང་ལས་གཉིས་ཀྱི་དབར་ཁྱད་པར་འབྱེད་པ།
- མི་གཞན་ནམ་ཡང་ན་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་ཁོང་ཁྲོ་མི་ཟ་བ་དང་ངན་སེམས་མི་འཆང་བར། དེའི་ཚབ་ལ།
- རང་གཞན་གཉིས་ཀས་རྒྱུ་གང་ཞིག་ལ་བརྟེན་ནས་མི་དགེ་བའི་ལས་བྱེད་པའམ་ནོར་འཁྲུལ་བྱེད་པ་དེ་ལས་ཐར་བར་ཤོག་ཅེས་ཡིད་སྨོན་བྱེད་པའི་སྒོ་ནས་སྙིང་རྗེ་ཚོར་དགོས།
འོན་ཀྱང་། གནོད་བྱེད་མི་དགེ་བའི་སྤྱོད་ལམ་དང་ནོར་འཁྲུལ་ལ་མཚོན་ན་ང་ཚོས་གང་ཡང་མི་བྱེད་པར་ཁ་རོགས་སྡོད་རྒྱུ་མེད། ང་ཚོས་ད་དུང་གནོད་བྱེད་མི་དགེ་བའི་ལས་འགོག་པའི་ཆེད་དང་ནོར་འཁྲུལ་རྣམས་ལེགས་བཅོས་ཀྱི་ཆེད་དུ་ཐབས་ཚུལ་གང་འོས་ཆ་ཚང་ལག་བསྟར་བྱེད་དགོས་ཤིང་། དེ་ཡང་ཁོང་ཁྲོ་དང་འཁོན་འཛིན་དེ་བཞིན་ང་ཚོས་ཁོང་ཚོ་ལ་དགོངས་ཡངས་གཏོང་གིན་ཡོད་ཅེས་ཁེངས་དྲེགས་ཀྱི་ཚོར་བ་གང་ཡང་མེད་པའི་སྒོ་ནས་དེ་ལྟར་བྱེད་དགོས།
སྒོམ་ཚུལ།
ང་ཚོས་རང་གཞན་གཉིས་ཀ་ལ་བརྟེན་ནས་དགོངས་ཡངས་སམ་བཟོས་གསོལ་སྐྱེད་དགོས་ཀྱི་ཡོད་ནའང་། དེ་རིང་ང་ཚོས་གཞན་ལ་དམིགས་ནས་འཆད་རྒྱུ་དང་། རྗེས་མ་ང་ཚོས་སོ་སོ་རང་ཉིད་ལ་དམིགས་ནས་འཆད་ཀྱི་ཡིན།
- དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
- ཁྱེད་ལ་གནོད་བསྐྱལ་བ་དང་སུན་པོ་བཟོས་ཏེ་ཁྱེད་རང་མི་དེ་ལ་ཁོང་ཁྲོ་ལངས་པ་དང་སྡང་འཛིན་གྱི་ཚོར་བ་སྐྱེས་པ། ཐ་ན་འཁོན་འཛིན་ཀྱང་བྱས་ཡོད་སྲིད་པའི་མི་ཞིག་སེམས་ནང་དྲན་དགོས། དེ་ཡང་དུས་ཕྱིས་སུ་མི་དེས་གང་བྱས་པ་ལ་བསམ་བློ་བཏང་ནས་ཁྱེད་རང་ཁོང་ཁྲོ་ཟ་བ་དང་བློ་ཕམ་ཡོང་གི་ཡོད་པ་ཞིག་དགོས།
- དེ་ལ་ཁྱེད་རང་ཚོར་བ་གང་འདྲ་ཞིག་སྐྱེས་པ་དེ་དྲན་ཐབས་བྱེད་པ་དང་དེ་ལྟ་བུའི་ཚོར་བ་ནི་བདེ་བ་དང་སྤྲོ་ཉམས་ལྡན་པའི་སེམས་ཀྱི་གནས་བབས་ཤིག་མིན་པར་ཤེས་དགོས།
- དེ་ནས་ཁྱེད་ཀྱིས་སོ་སོའི་སེམས་ནང་གང་ཟག་དེ་གང་ཟག་དེའི་བྱ་བའམ་ལས་དང་ཁྱད་པར་འབྱེད་ཐབས་བྱེད་དགོས། འདི་ནི་མི་དེའི་མི་ཚེ་ཧྲིལ་པོའི་སྐབས་དོན་གྱི་ནང་ཐེངས་མང་པོ་བྱུང་ཡོད་ནའང་བྱུང་རྐྱེན་གཅིག་ཙམ་རེད།
- སོ་སོ་རང་ཉིད་ཚུད་པའི་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་ཤ་སྟག་ཡིན་ནའང་། བདེ་བ་དེ་གང་ལ་བརྟེན་ནས་འབྱུང་གི་ཡོད་པའི་ཐད་ལ་རྨོངས་ཀྱི་ཡོད། བྱས་ཙང་། མི་སྐྱིད་པའམ་སྡུག་བསྔལ་མྱོང་བ་རྒྱུ་མཚན་དུ་བྱས་ནས་རྨོངས་པ་དང་མ་རིག་པའི་དབང་གིས་ཁྱེད་ལ་གནོད་སྐྱེལ་བའམ་ཁྱེད་རང་བསུན་སྣང་དང་ཁོང་ཁྲོ་སྐྱེ་བའི་རྒྱུ་ཞིག་བྱེད་པའི་སྒོ་ནས་མི་དགེ་བའི་ལས་བྱེད་ཀྱི་ཡོད།
- ཁྱེད་ཀྱིས་གོ་རྟོགས་འདིའི་ཐད་ཇི་ཙམ་གྱིས་དམིགས་པ་མང་བ་གཏད་པ་དེའི་ཚོད་ཀྱིས་ཁྱེད་ཀྱི་ཁོང་ཁྲོ་དང་སྡང་འཛིན་ཉུང་དུ་དང་ཤུགས་ཆུང་དུ་འགྲོ་གི་ཡོད།
- དེ་དག་ལ་སྙིང་རྗེ་སྐྱེད་དགོས་ཤིང་། ཁྱེད་ལ་གནོད་པ་དང་བསུན་སྣང་སྐྱེ་བའི་ལས་བྱེད་དུ་འཇུག་མཁན་གྱི་རྨོངས་པ་དང་མི་སྐྱིད་པ་ཡིན་པས། དེ་དག་ལས་བྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་དགོས།
- ཁྱེད་རང་ཞི་འཇམ་ངང་གནས་པའི་སྐབས་དང་ཕ་རོལ་པོ་དེའང་གོ་ཤེས་ཅན་ཡིན་པའི་འོས་ཤིང་འཚམས་པའི་དུས་ཚོད་ལ་ཁྱེད་ལ་གནོད་པའི་ལས་གང་ཞིག་བྱས་པ་དེ་མཛུབ་སྟོན་བྱེད་དགོས་པ་དང་དཀའ་ངལ་དེ་སེལ་ཐབས་ཀྱི་ཐག་ཆོད་བྱེད་དགོས།
ནོར་འཁྲུལ་བྱེད་མཁན་གྱི་མི་ཞིག་ལ་བརྟེན་ནས་ཡང་བསྐྱར་སྒོམ་དགོས།
- ཁོང་ཚོས་ནོར་འཁྲུལ་བྱས་པ་དང་དེ་ལ་ཁྱེད་རང་ཁོང་ཁྲོ་ཇི་ལྟར་ལངས་བ་དེ་དྲན་དགོས།
- ཁྱེད་ལ་ཚོར་བ་གང་འདྲ་ཞིག་བྱུང་ཡོད་པ་དེ་དྲན་ཐབས་བྱས་ནས་དེ་ལྟ་བུའི་ཚོར་བ་ནི་བདེ་བ་དང་སྤྲོ་ཉམས་ཅན་གྱི་སེམས་ཀྱི་གནས་བབས་ཤིག་མིན་པར་ཤེས་དགོས།
- ཁྱེད་ཀྱི་སེམས་ནང་གང་ཟག་དེ་དང་ནོར་འཁྲུལ་བྱེད་པའི་ལས་ཀྱི་དབར་ཁྱད་པར་འབྱེད་ཐབས་བྱེད་དགོས།
- རང་ཉིད་ཚུད་པའི་མི་ཚང་མ་ལ་ཕན་ཐོགས་ཅན་འདོད་པ་དང་ནོར་འཁྲུལ་བྱེད་འདོད་མེད། ཡིན་ནའང་། ལས་ཀ་བྱེད་སྟངས་ཡག་ཤོས་གང་ཡིན་པ་ལ་རྨོངས་པའམ། དོ་སྣང་སྤྲད་མེད་པའང་ཡིན་སྲིད། ཡང་མིན་ན་ལེ་ལོ་ཅན་ཡིན་སྲིད། གང་ལྟར་ཡང་མ་རིག་པ་དང་ཉོན་མོངས་དབང་གིས་ནོར་འཁྲུལ་བྱེད་ཀྱི་ཡོད། ཁོང་ཚོ་ནི་ཚད་ངེས་ཅན་དང་ལྡན་པའི་འཁོར་བའི་སེམས་ཅན་ཡིན་པས། ཁོང་ཚོ་ནི་རྟག་ཏུ་སྐྱོན་མེད་ཡང་དག་ཡིན་པ་དང་ནོར་འཁྲུལ་ནམ་ཡང་བྱེད་ཀྱི་མེད་ཅེས་རེ་བ་བྱེད་པ་ནི་རྒྱུ་མཚན་དང་མི་ལྡན་པ་རེད།
- ཁྱེད་ཀྱིས་གོ་རྟོགས་ལ་དམིགས་པ་ག་ཚོད་མང་བ་གཏད་པ་དེའི་ཚོད་ཀྱིས་ཁོང་ཁྲོ་ཇེ་ཉུང་དུ་འགྲོ་ཚུལ་དེ་ཤེས་དགོས།
- ཁོང་ཚོ་ལ་ནོར་འཁྲུལ་བྱེད་དུ་འཇུག་པའི་རྒྱུ་རྨོངས་པ་དང་། མ་རིག་པ། ཉོན་མོངས་པ་དེ་དག་ལས་བྲལ་བར་ཤོག་ཅེས་སྙིང་རྗེ་སྐྱེད་དགོས།
- ཁྱེད་རང་ཞི་འཇམ་ངང་ཡོད་པ་དང་ཕ་རོལ་པོ་དེ་དག་ཀྱང་གོ་ཤེས་ཅན་ཡིན་པའི་དུས་ཚོད་འོས་འཚམས་ཤིག་གི་སྐབས་ལ་ཁོང་ཚོའི་ནོར་འཁྲུལ་ལ་མཛུབ་སྟོན་གྱིས་ནོར་བཅོས་བྱ་རྒྱུའི་ཐག་གཅོད་བྱེད་དགོས།
ཕྱོགས་བསྡོམས།
དགོངས་ཡངས་ཟེར་བ་དེ་མི་ཞིག་གི་གནོད་བྱེད་མི་དགེ་བའི་སྤྱོད་ལམ་དང་ནོར་འཁྲུལ་རྣམས་དགོངས་དག་པར་བྱེད་པའི་དོན་མིན། དེ་ནི་སོ་སོ་རང་ཉིད་རྩ་ཆེ་བ་དང་གཞན་དག་ལས་མཆོག་ཏུ་གྱུར་བ་ཡིན་པ་དང་། གཞན་དག་ནི་སོ་སོ་རང་ཉིད་ལས་སྡུག་ག་ཡིན་ཞིང་། སོ་སོའི་ཁེངས་དྲེགས་ཅན་གྱི་དབང་ཆ་ལ་བརྟེན་ནས་ཁོང་ཚོས་བློ་འགྱོད་མི་བྱེད་པ་ཡིན་ནའང་ང་ཚོས་དགོངས་ཡངས་གཏོང་གི་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད་པས། དེ་འདྲ་ཞིག་མིན། དགོངས་ཡངས་ནི་ཁོང་ཁྲོ་མི་བྱེད་པ་དང་། སྡང་འཛིན་མི་ཚོར་བ། འཁོན་འཛིན་བྱས་ནས་ཡ་ལན་མི་སློག་པའི་དོན་རེད། ང་ཚོས་གང་ཟག་དང་དེའི་ལས་དང་ནོར་འཁྲུལ་བར་ཁྱད་པར་འབྱེད་ཀྱི་ཡོད། གང་ཟག་དེ་ལ་སྙིང་རྗེ་སྐྱེད་དགོས་པ་དང་མི་དེའི་བྱ་བ་ལ་ནོར་བཅོས་བྱེད་པའམ་ནོར་འཁྲུལ་ཡང་བསྐྱར་མི་བྱེད་པར་ཕན་པའི་ཐབས་ལམ་ལག་བསྟར་བྱེད་དགོས། དེ་ལྟར་ཁོང་ཁྲོ་ལ་བརྟེན་ནས་བྱུང་བའི་ང་ཚོའི་དཀའ་ཉེན་དང་མི་སྐྱིད་པ་རྣམས་སྤོང་བ་དང་། དམིགས་བསལ་ཁོང་ཁྲོ་ལ་བརྟེན་ནས་ཁྲོ་བའི་བསམ་བློ་དང་། དྲག་ཤུལ་ཅན་དང་སྡང་བའི་སྐད་ཆ། དེ་ག་ནང་བཞིན་ཧ་ཅང་ཁོང་ཁྲོ་ཟ་བ་དང་བག་མེད་ཀྱི་སྤྱོད་ལམ་འབྱུང་བར་བྱེད་པའི་སྐབས། ང་ཚོས་དེ་དག་སྤོང་ཐུབ།།