མི་ཚེ་ལ་རྗེས་སུ་རི་ཡང་བྱེད་པ།

ང་ཚོ་ཚང་མར་སོ་སོའི་མི་ཚེའི་སྤུས་ཚད་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་པའི་ཆེད་རང་དབང་དང་གོ་སྐབས་ཡོད་པ་རྣམས་ལ་རྗེས་སུ་ཡི་རང་བྱ་རྒྱུ་སྦྱོང་དགོས།
Meditations appreciating life

འགྲེལ་བཤད། 

ང་ཚོར་ནམ་རྒྱུན་ཟ་ཁང་ནང་སོ་སོའི་མངགས་འདོད་ཡོད་པའི་ཟས་རིགས་རྫོགས་ཟིན་པའམ། ང་ཚོ་ལ་རང་གི་འདོད་པ་ནང་བཞིན་དུས་ཚོད་དང་ཚེས་གྲངས་ཏག་ཏག་ལ་གནམ་གྲུ་དང་མེ་འཁོར་ནང་འགྲུལ་སྐྱོད་འཛིན་བྱང་མ་རག་པའི་སྐབས་ལྟ་བུའམ། ཡང་ན་ང་ཚོ་རྐྱལ་རྒྱག་འདོད་ཡོད་པའི་སྐབས་སུ་ཆམ་པ་ན་ནས་རྐྱལ་རྒྱག་ཏུ་འགྲོ་མི་ཐུབ་པའི་སྐབས་ལྟ་བུ་དཀའ་ངལ་ཆུང་ཙག་རིགས་རྒྱུན་མཚན་དུ་བྱས་ནས་རང་གིས་རང་ལ་སྙིང་རྗེ་ཚོར་གྱི་ཡོད། འོན་ཀྱང་། ང་ཚོས་སོ་སོའི་མི་ཚེ་ལ་ཡུལ་གྱི་གནས་ལུགས་དང་མཐུན་པའི་སྒོ་ནས་བལྟ་བའི་སྐབས། རང་ཉིད་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་ཤེས་ཀྱི་ཡོད། དགེ་མཚན་ཅན་དང་དགེ་བའི་ལས་བརྩམ་པའི་ནུས་པ་ལ་འགོག་རྐྱེན་བྱེད་པའི་གནས་སྟངས་སྡུག་ཤོས་དེ་དག་གི་རིགས་ང་ཚོ་ལ་མེད་པ་མ་ཟད། ལྷག་པར་དུ་ང་ཚོའི་མི་ཚེའི་ནང་གི་གནས་སྟངས་རྣམས་ཡར་རྒྱས་གོང་འཕེལ་གཏོང་བར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐོར་བསླབ་པ་སློབ་གཉེར་བྱ་རྒྱུ་སོགས་ང་ཚོ་ལ་གོ་སྐབས་ཧ་ཅང་མང་པོ་ཡོད།

ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དུ་ས་ཡོམ་རྒྱག་པའི་རྗེས་ཀྱི་གནས་སྟངས་དང་། མུ་གེས་མནར་བའི་ས་ཁུལ། དམག་འཁྲུག་གི་ས་ཁུལ། ཆོས་ཉམས་ལེན་ནི་ཁྲིམས་འགལ་ཡིན་པ་དང་ཆོས་ཉམས་ལེན་གྱི་གོ་སྐབས་མེད་པའི་ས་ཁུལ། རང་ཉིད་དྲག་པོ་ནག་ཉེས་ཅན་རྣམས་དང་མཉམ་དུ་བཙོན་དུ་བཅུག་པའམ། ཡང་ན་དམག་སར་དམག་འཛིང་དགོས་པ་ལྟ་བུ་བཀྲ་མི་ཤིས་པའི་རྐྱེན་ངན་གྱི་ས་ཁུལ་དེ་དག་གི་ནང་ཚུད་ཡོད་ན། ང་ཚོས་ནང་པའི་ཆོས་དང་ཐབས་ཚུལ་རྣམས་སྦྱངས་ནས་དེ་དག་ཉམས་སུ་ཇི་ལྟར་བླང་ཐུབ་བམ། ཡང་མིན་ན་ང་ཚོ་ལུས་དང་སེམས་སེམས་ཚོར་བཅས་གྱི་སྒོ་ནས་ཚབས་ཆེན་གྱི་དབང་པོ་མ་ཚང་བའམ་དབང་པོ་སྐྱོན་ཅན་ཡིན་ན་ག་རེ་ཆགས་ཀྱི་རེད་དམ། དེ་འདྲ་ཡོང་སྲིད་པ་ཞིག་ཡིན་ནའང་དེ་ནི་དམིགས་བསལ་དཀའ་ལས་ཁག་པོ་རེད། ཡང་ན་གལ་ཏེ་ང་ཚོ་ཧ་ཅང་ཕྱུག་པོ་ཡིན་པ་དང་ང་ཚོས་ལས་ཀ་རྩ་བ་ནས་བྱེད་མི་དགོས་པར་མི་ཚེའི་ཧྲིལ་པོའི་ནང་སྤྲོ་སྐྱིད་ཀྱིས་ཁེངས་ནས་ཡོད་སྟབས། ང་ཚོ་ཆོས་ཕྱོགས་ཀྱི་གནད་དོན་ལ་སྤྲོ་བ་མེད་ན། གང་འདྲ་ཆགས་ཀྱི་རེད་དམ། ཡང་མིན་ན་ང་ཚོ་ཆོས་ཉམས་ལེན་ཐད་ལ་མཐའ་གཅིག་ཏུ་སེམས་གུ་དོག་པོ་དང་ལོག་པར་ལྟ་བ་ཡིན་ན། གང་འདྲ་ཆགས་ཀྱི་རེད་དམ། 

གཞན་ཡང་ང་ཚོ་ལ་ད་ལྟ་གོ་སྐབས་ཧ་ཅང་མང་པོ་ཡོད། ཆོས་ཡིག་སྒྱུར་བྱས་པ་མང་པོ་ཡོད་པ་དང་དེ་དག་ཀྱང་དཔེ་དེབ་དང་དྲྭ་རྒྱའི་ལམ་ནས་རག་ཐུབ། སྦྱིན་བདག་རྣམས་ཀྱིས་པར་སྐྲུན་ཆེད་དུ་རོགས་རམ་བྱས་ཡོད། དགེ་བའི་བཤེས་གཉེན་རྣམས་ཡོད་ལ། ཆོས་ཚོགས་རྣམས་ཡོད་པས་དེ་དག་གི་ནང་ང་ཚོས་སློབ་གཉེར་བྱེད་ཆོག མི་རྣམས་ཀྱིས་དེ་དག་ལ་མཐུན་འགྱུར་བྱེད་ཀྱིན་ཡོད། དེ་ག་ནང་བཞིན་ང་ཚོ་ལ་སློབ་གཉེར་བྱ་རྒྱུའི་རྣམ་དཔྱོད་དང་སྤྲོ་བ་ཡོད་པ་རེད། 

ང་ཚོ་གནས་སྟངས་སྡུག་ཤོས་དག་དང་བྲལ་ཞིང་། སོ་སའི་མི་ཚེ་ནི་གོ་སྐབས་དེ་དག་གིས་གོང་འཕེལ་གཏོང་བ་ལ་བརྟེན་ནས་ང་ཚོའི་མི་ཚེ་མི་འདྲ་བ་ཞིག་བཟོས་ཡོད་པ་ནི་བདེན་དོན་ཞིག་རེད། ང་ཚོས་སོ་སོའི་རྩ་ཆེན་གྱི་མི་ཚེ་ལ་རྗེས་སུ་ཡི་རང་བྱེད་པའི་སྒོ་ནས་འདི་ལས་ཁེ་བཟང་ཆ་ཚང་ཞིག་ལེན་དགོས།

སྒོམ་ཚུལ།

  • དབུགས་ལ་དམིགས་ནས་སེམས་ཞི་འཇམ་བཟོ་དགོས།
  • ཁྱེད་རང་ས་ཡོམ་རྒྱག་པའི་སྐབས་སུ་བལ་ཡུལ་གྱི་རི་ལུང་དུ་རྒྱང་བགྲོད་བྱེད་ཀྱིན་ཡོད་པ་དང་ལམ་བར་དུ་ཁྱེད་རང་འཁར་ནས་ལུས་ཏེ་ཐར་ས་མེད་པ་དང་བཟའ་བཏུང་མེད་པར་བསམ་བློ་གཏོང་དགོས།
  • དེ་ནས་ཁྱེད་རང་གནམ་ཐོག་ནས་འོར་འདྲེན་བྱས་ཏེ་དེ་ལས་བསྐྱབས་ཏེ་ནང་དུ་བསླེབ་པར་བསམ་བློ་གཏོང་དགོས།
  • གནས་སྟངས་འཇིགས་སུ་རུང་བ་དེ་ལས་ཐར་བ་དེ་ཁྱེད་རང་ལ་ཅི་འདྲའི་ཚོར་བ་ཡག་པོ་ཡོད་པ་དེ་ཚོར་དགོས།
  • དེ་ལས་ཐར་བའི་རང་དབང་དེ་ལ་རྗེས་སུ་ཡི་རང་བྱེད་དགོས།
  • ཁྱེད་རང་སི་རི་ཡའི་ (Syria) རྒྱལ་ཁབ་ཏུ་ཡོད་པ་དང་ཨིས་ལཱམ་རྒྱལ་ཁབ་ (Islamic State) ཀྱིས་ཁྱེད་ཀྱི་གྲོང་ཁྱེར་ལ་དབང་སྒྱུར་བྱས་ནས་ཁྱེད་རང་ཐར་ས་མེད་པར་བསམ་བློ་ཐོངས།
  • ཡང་དེ་ལས་ཐར་པ་ལ་བསམ་བློ་ཐོངས།
  • དེ་ལ་རྗེས་སུ་ཡི་རང་བྱེད་དགོས།
  • ཧ་ཅང་གདུག་རྩུབ་ཅན་དང་ཁྱེད་ལ་ཉིན་མཚན་མེད་པར་སྡིགས་ར་བསྐུལ་མཁན་གྱི་བཙོན་པའི་ཤོག་ཁའི་མི་དེ་དག་དང་མཉམ་དུ་བཙོན་ཁང་ནང་བཅུག་ཡོད་པར་བསམ་བློ་ཐོངས།
  • དེ་ནས་བཙོན་ལས་ཐར་བར་བསམ་བློ་ཐོངས།
  • རྗེས་སུ་ཡི་རང་བྱེད་དགོས།
  • ཁྱེད་རང་སུ་དཱན་ (Sudan) རྒྱལ་ཁབ་ཏུ་ཐན་པ་དང་མུ་གེས་ལྟོགས་གྲིར་འཆི་བཞིན་པར་བསམ་བློ་ཐོངས།
  • དེ་ནས་ཟས་ལྷུང་བ་དང་ཁྱེད་ལ་བཟའ་བཏུང་འདང་ངེས་ཡོད་པར་བསམ་བློ་ཐོངས།
  • རྗེས་སུ་ཡི་རང་བྱེད་དགོས།
  • ཁྱེད་ལ་དབང་རྩའི་ནུས་སྟོབས་བྲི་ནས་དྲན་ཤེས་ཉམས་པའི་ནད་ཨལ་ཛ་མར་ཟེར་བ་དེ་ཡོད་པ་དང་། ཁྱེད་ཀྱིས་སུ་དང་གང་ཡང་ངོ་མི་ཤེས་ལ་མི་དྲན་པ་དང་ཕན་ཚུན་འབྲེལ་བའི་ཚིག་གསུམ་པོ་དེའང་བརྗོད་ཐུབ་ཀྱི་མེད་པར་བསམ་བློ་ཐོངས།
  • དེ་ལས་དྲག་སྐྱེད་བྱུང་བར་བསམ་བློ་ཐོངས།
  • རྗེས་སུ་ཡི་རང་བྱེད་དགོས།
  • དེ་ནས་རིམ་བཞིན་བལ་ཡུལ་གྱི་ས་ཡོམ་ནང་ཚུད་པ་དང་། ཨ་ཡི་སིས྄་ (ISIS) མངའ་འོག་ཏུ་སི་རི་ཡར་ (Syria) ཚུད་པ། ཧ་ཅང་གདུག་རྩུབ་ཅན་གྱི་ཉེས་ཅན་ཤོག་ཁ་མི་དང་མཉམ་དུ་བཙོན་ཁང་ནང་བཅུག་པ། སུ་དན་ལ་མུ་གེས་ལྟོགས་གྲིར་འཆི་བཞིན་པ། ཨལ་ཛ་མར་གྱི་ནད་ཡོད་པ་ལྟ་བུ་རིམ་པས་རང་གི་རྒྱབ་ཀྱི་ཁུར་ཆེན་པོ་དེ་དག་ལས་ཐར་བར་ཚོར་དགོས།
  • ཁྱེད་རང་ལ་རང་དབང་ཧ་ཅང་ཆེན་པོ་ཡོད་པ་དེ་ཚོར་དགོས།
  • དེ་ལྟར་ཆོས་རྣམས་ཡིག་སྒྱུར་བྱས་ཡོད་པ་དང་། དེ་དག་དཔེ་དེབ་དང་དྲྭ་རྒྱའི་ལམ་ནས་ཐོབ་རུང་ཡིན་པ། སྦྱིན་བདག་རྣམས་ཀྱི་དེ་དག་པར་དུ་སྐྲུན་པ་ལ་མཐུན་རྐྱེན་སྦྱར་ཡོད་པ། དགེ་རྒན་ཡོད་པ། བསླབ་པ་སློབ་གཉེར་བྱེད་སའི་ཆོས་ཚོགས་ཡོད་པ་དང་མི་རྣམས་ཀྱིས་དེ་ལ་རོགས་རམ་བྱེད་ཀྱིན་ཡོད་པ། ང་ཚོ་ལ་སྦྱོང་འདོད་ཀྱི་སྤྲོ་བ་དང་རྣམ་དཔྱོད་ཡོད་པ་ལྟ་བུ་ཁྱེད་ལ་ཡོད་པའི་གོ་སྐབས་ཧ་ཅང་ཡག་པོ་དེ་དག་ལ་བསམ་བློ་ཐོངས། 
  • མཐའ་མཇུག་ལ་ལོ་རྒྱུས་ནང་མི་མང་ཆེ་བ་དང་དུས་ཚོད་མང་ཆེ་བ་དང་བསྡུར་ན་ཁྱེད་རང་ལ་ཡོད་པའི་དལ་བ་དང་འབྱོར་བ་དེ་དག་ཇི་ཙམ་གྱི་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་དྲན་དགོས།
  • དེ་དག་རྗེས་སུ་ཡི་རང་བྱས་ནས་རང་ཉིད་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་མི་ཚེ་འདི་ཆུད་ཟོས་སུ་མི་གཏོང་བར་དེ་ལས་ཁེ་བཟང་ལེན་རྒྱུའི་ཐག་གཅོད་ངེས་པར་བྱེད་དགོས།

ཕྱོགས་བསྡོམས།

ང་ཚོས་ད་ལྟའི་གནས་སྟངས་ལ་བསམ་བློ་གཏོང་བ་དང་ང་ཚོ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་པར་བསམ་བློ་གཏོང་བའི་སྐབས། མ་མཐར་ཡང་དུས་སྐབས་འདི་ལ་ང་ཚོའི་སེམས་ཚོར་དང་ཆོས་ཕྱོགས་ཀྱི་ཡར་རྒྱས་གོང་འཕེལ་གཏོང་བར་དལ་བ་མི་སྟེར་བའི་མི་ཚེའི་ནང་གི་ཛ་དྲག་ཆེ་ཤོས་ཀྱི་གནས་སྟངས་དང་བྲལ་ཞིང་། ང་ཚོ་ལ་གང་ཡོད་པ་ལ་ཡི་རང་གཏིང་ཟབ་པོ་སྐྱེད་ཀྱི་ཡོད། མི་སུ་གཅིག་གི་མི་ཚེ་ནི་ཡང་དག་པ་ཞིག་མིན་ལ་དེ་བཞིན་དུ་གནས་སྟངས་གང་འདྲ་ཞིག་ཡིན་ནའང་ཡང་དག་པ་ཞིག་མིན་ནའང་། དེ་ཇི་ཙམ་གྱིས་འཇིགས་སུ་རུང་བ་ཆགས་སྲིད་པ་ལ་ལྟོས་ན། ང་ཚོ་ནི་དངོས་གནས་དྲང་གནས་སྐལ་བ་དང་ལྡན་པ་རེད། ཡི་རང་གི་བསམ་བློ་འདི་ལ་བརྟེན་ནས་ང་ཚོར་ཡོད་པའི་གོ་སྐབས་དེ་དག་ལས་ཁེ་བཟང་བླངས་ཏེ། ང་ཚོའི་མི་ཚེ་ད་དུང་ཇེ་བཟང་དུ་གཏོང་བར་ཐབས་ཚུལ་གང་ཡོད་པ་རྣམས་དང་དུ་ལེན་པ་ལ་དགོས་ངེས་ཀྱི་གདེང་སྤོབས་སྐྱེད་དགོས་ཀྱི་ཡོད།།

Top