འགྲེལ་བཤད།
ནང་ཆོས་ནང་བྱམས་པ་ཞེས་བྱ་བ་ནི་གཞན་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པའི་ཡིད་སྨོན་དེ་ཡིན་ཞིང་། དེའི་ནང་ཁ་རོགས་བསྡད་ནས་མི་ཞིག་གིས་རོགས་རམ་བྱེད་ཀྱི་རེད་ཅེས་རེ་བ་རྒྱག་པ་ཙམ་མིན་པར། གལ་ཏེ་བྱུང་ན་བདེ་བ་དེ་དང་ལྡན་པའི་ཆེད་དུ་སོ་སོ་རང་ཉིད་ཀྱིས་རོགས་རམ་བྱེད་འདུན་ཡོད་པ་དེའང་ཚུད་ཡོད། བྱམས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པ་དང་སྤྱི་ལ་ཁྱབ་པའི་ཀུན་སློང་ཁྱད་པར་བ་ཞིག་ཡིན་པས། ང་ཚོའི་དགའ་ས་དང་ཉེ་ས་ལ་བྱམས་བརྩེ་སྟེར་བ་ཙམ་མིན་པར། རང་ཉིད་ལ་ཆ་རྒྱུས་མེད་པ་དང་ཐ་ན་ང་ཚོ་མི་དགའ་སའི་སེམས་ཅན་རྣམས་ལའང་བྱམས་བརྩེ་སྟེར་དགོས་ཀྱི་ཡོད། འདི་ལྟ་བུའི་གོ་ལ་སྤྱི་ལ་ཁྱབ་པའི་བྱམས་པ་ནི་ཕྱོགས་རིས་དང་བྲལ་བ་སྟེ། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་དང་བྲལ་བ་ཡིན། དེ་གང་ཡིན་ཞེ་ན། དེ་ནི་སེམས་ཅན་ཐམས་ཅད་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་རྟོགས་པ་ལ་གཞི་རྩ་བྱས་ཡོད། དེ་དག་གིས་མི་སྐྱིད་པ་དང་སྡུག་བསྔལ་འབྱུང་བར་བྱེད་པའི་གནོད་བྱེད་མི་དགེ་བའི་ལས་ལ་འཇུག་པའམ་ཡང་ན་མི་དགེ་བའི་བསམ་བློ་འཁོར་སྲིད། འོན་ཀྱང་དེ་ནི་ཁོང་ཚོ་མགོ་རྨོངས་ཏེ་བདེ་སྐྱིད་གང་གིས་སྐྲུན་གྱི་ཡོད་མི་ཤེས་པ་དེ་རེད།
དེར་བརྟེན་ང་ཚོས་བྱམས་པ་ཟེར་བ་དེ་སོ་སོ་རང་ཉིད་ལ་བདེ་སྐྱིད་འདོད་པ་ནང་བཞིན་གཞན་ཐམས་ཅད་ཀྱང་བདེ་སྐྱིད་འདོད་མཁན་གྱི་གང་ཟག་ཡིན་པར་བསམ་བློ་གཏོང་བ་ལ་གཞི་རྩ་བྱེད་ཀྱི་ཡོད། ང་ཚོས་སོ་སོའི་བྱམས་པ་དེ་ཁོང་ཚོས་སྤྱིར་བཏང་གང་བྱེད་ཀྱི་ཡོད་པར་གཞི་རྩ་བྱེད་ཀྱི་མེད་ལ། ཁོང་ཚོས་ང་ཚོ་ལ་ཡག་པོ་བྱེད་ཀྱི་ཡོད་མེད་དང་ང་ཚོ་ལ་ཚུར་བྱམས་བརྩེ་སྟེར་གྱི་ཡོད་མེད་ལ་གཞི་རྩ་གཏན་ནས་བྱེད་ཀྱི་མེད། ང་ཚོ་ལ་རེ་འདོད་དང་ཕྱོགས་རིས་མེད་པ་སོང་ཙང་། ཚད་མེད་པའི་བྱམས་བརྩེ་དེ་ནི་སེམས་ཀྱི་གནས་བབས་ཞི་འཇམ་ལྡན་པ་ཞིག་ཡིན་པ་དང་། དེས་འདོད་ཆགས་ལ་གཞི་བྱས་པའི་རྒྱུ་མཚན་དང་མི་ལྡན་པའི་བསམ་བློ་དང་སྤྱོད་ལམ་ལ་བརྟེན་ནས་ང་ཚོའི་སེམས་སྒྲིབ་པར་བྱེད་ཀྱི་མེད།
ང་ཚོའི་བྱམས་བརྩེའི་སེམས་ཚོར་གྱི་ངར་དེ་ནི་གཞན་ཐམས་ཅད་དང་འབྲེལ་བའི་ཚོར་བ་ཞིག་དང་བཀའ་དྲིན་བསམ་ཤེས་ཀྱི་ཚོར་བ་ཞིག་ཡིན་པ་རེད། ཕན་ཚུན་འབྲེལ་བ་དང་བཀའ་དྲིན་བསམ་ཤེས་ཀྱི་ཚོར་བ་དེ་ནི་ང་ཚོས་གང་བེད་སྤྱོད་བྱེད་པ་ཚང་མ་གཞན་གྱིས་དཀའ་ལས་རྒྱག་པ་དང་འབད་བརྩོན་བྱེད་པ་ལས་འབྱུང་གི་ཡོད་པ་དེ་རྟོགས་པ་ལས་འབྱུང་གི་ཡོད། གལ་ཏེ་དེ་ནི་གཞན་གྱིས་འབད་བརྩོན་ལ་བརྟེན་ནས་མིན་ན། ང་ཚོས་བེད་སྤྱོད་བྱེད་པའི་དངོས་པོའི་ཐོན་རྫས་དང་། ཐོན་རྫས་དེ་དག་བཟོ་སྐྲུན་བྱེད་པའི་རྒྱུ་ཆ། ང་ཚོས་བཟའ་བའི་ཟས། གྱོན་པའི་གོས། སོ་སོའི་ནང་གི་གློག་དང་ཆུ། དྲྭ་རྒྱའི་ནང་གི་གནས་ཚུལ་ཁག་ལ་སོགས་པ་དེ་དག་ཐམས་ཅད་ག་ནས་རག་གི་ཡོད་དམ། ཐ་ན་ང་ཚོས་ཉོ་འཚོང་བྱེད་པའི་ཐོན་རྫས་རྣམས་བཟོ་སྐྲུན་ཆེད་གཞན་དག་ལ་བསྐུལ་རྐྱེན་བྱེད་པའི་ཁྲོམ་ར་འཛུགས་སྐྲུན་དང་བཅས་མི་རྣམས་ཀྱིས་ང་ཚོ་ལ་ཤུགས་ལ་རོགས་བྱེད་ཀྱི་ཡོད།
ང་ཚོས་ཕན་ཚུན་འབྲེལ་བ་དང་བཀའ་དྲིན་བསམ་ཤེས་དེ་ཇི་ཙམ་གྱིས་ཤུགས་ཆེ་བ་ཚོར་བ་དེའི་ཚོད་ཀྱིས་ང་ཚོས་བདེ་འཇགས་དང་ཉེན་སྲུང་ཆེ་བ་དང་བདེ་སྐྱིད་མང་བ་ཚོར་གྱི་ཡོད། འདི་ནི་བྱམས་བརྩེའི་སྐུལ་རྒྱུ་ (hormone oxytocin) དང་འབྲེལ་བ་ཆགས་ཀྱི་ཡོད། སྐུལ་རྒྱུ་དེ་ནི་ཨ་མ་དང་གསར་སྐྱེས་ཕྲུ་གུའི་དབར་གྱི་འབྲེལ་བའི་ཆིངས་ཐག་དེ་ཡིན་པ་རེད། ནམ་ཞིག་ང་ཚོའི་རྒྱུད་ལ་བརྩེ་སེམས་དང་བདེ་བའི་ཚོར་བ་འདི་བསྐྱེད་པ་ན་དེའི་ཚེ་ང་ཚོས་སྒོམ་གྱི་ནང་ཚོར་བ་དེ་རྒྱ་སྐྱེད་གཏོང་དགོས། དེ་ཡང་ཐོག་མར་སོ་སོ་རང་རྒྱུད་ལ་སྐྱེད་པར་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་སོ་སོ་རང་ཉིད་བདེ་སྐྱིད་དང་ལྡན་པའི་ཡིད་སྨོན་དེ་མ་བྱས་ན། གཞན་རྣམས་བདེ་སྐྱིད་དང་ལྡན་པའི་ཡིད་སྨོན་ཅིའི་ཕྱིར་བྱེད་དམ། དེ་ལྟར་ང་ཚོས་བྱམས་བརྩེ་དེ་མུ་མཐུད་དེ་རྒྱ་སྐྱེད་བཏང་ནས་དེའི་ནང་སེམས་ཅན་ཐམས་ཅད་མ་ཚུད་ཀྱི་བར་དུ་རྒྱ་སྐྱེད་གཏོང་དགོས།
དེ་འདྲ་བའི་རིམ་པ་རེ་རེའི་ནང་ང་ཚོའི་བྱམས་བརྩེ་ནི་བསམ་བློ་གསུམ་དང་ལྡན་པ་ཡིན་ཏེ།
- སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་།
- སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་ཅེས་པའི་དོན་ནི། “དེ་དག་བདེ་བ་དང་ལྡན་པར་ཤོག་ཅེས་ངས་དངོས་གནས་དྲང་གནས་ཡིད་སྨོན་བྱེད་ཀྱི་ཡོད་” ཅེས་པའི་དོན་རེད།
- “བདག་གིས་སེམས་ཅན་དེ་དག་བདེ་བ་དང་ལྡན་པ་ཞིག་བྱེད་ཐུབ་པར་ཤོག”
ང་ཚོས་སེམས་ཅན་རྣམས་ལ་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་བསམ་བློ་གཏོང་བའི་སྐབས། ཐོག་མར་ང་ཚོས་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་རྒྱུ་རྣམས་གང་ཡིན་པ་ངོས་འཛིན་དགོས་ཀྱི་ཡོད། གལ་ཏེ་སེམས་ཅན་དེ་དག་ལྟོགས་ནས་ཡོད་ན། ང་ཚོས་ཁོང་ཚོ་ལ་ཟས་འདང་ངེས་ཐོབ་པར་ཤོག་ཅེས་ཡིད་སྨོན་བྱེད་པ་ཙམ་མིན་པར། ཁོང་ཚོས་ཁ་ལག་བཟས་པའི་རྗེས་སུ་སྐྱིད་པོ་ཡོད་ནའང་། ཁོང་ཚོས་ཕན་མེད་ཀྱི་ཁ་ལག་ཚད་བརྒལ་བཟས་ནས་ཤ་རྒྱགས་པ་ཆགས་ཀྱི་ཡོད་པ་དེ་ང་ཚོས་ཤེས་དགོས། བྱས་ཙང་། ང་ཚོས་ཁོང་ཚོ་ལ་ཁ་ལག་བཟའ་བའི་གོམས་གཤིས་དང་འབྲེལ་བའི་སེམས་ཚོར་གྱི་ཆ་སྙོམས་དང་། ཆོག་ཤེས་པ། རང་ཚོད་ཤེས་པ་ཞིག་ཡོང་བའི་ཡིད་སྨོན་ཀྱང་བྱེད་དགོས། དེ་ག་ནང་བཞིན་དངུལ་དང་རྒྱུ་དངོས་ལ་ཆ་བཞག་ནའང་གཅིག་མཚུངས་རེད། ང་ཚོས་ཕུགས་རྒྱང་རིང་པོར་རྒྱུན་གནས་ཐུབ་པའི་བདེ་སྐྱིད་ལ་བསམ་བློ་གཏོང་བ་ལས། གནས་སྐབས་འཕྲལ་སེལ་གྱི་ཕྱི་དངོས་པོའི་དགོས་མཁོ་སྐོང་ཐབས་ཙམ་ལ་བསམ་བློ་གཏོང་རྒྱུ་མེད།
སྒོམ་ཚུལ།
- དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
- ཁྱེད་ཀྱིས་བེད་སྤྱོད་པའི་དངོས་པོ་ཡོངས་སུ་རྫོགས་པ་གཞན་ལ་ཇི་ལྟར་རག་ལུས་ཡོད་པར་བསམ་བློ་ཐོངས།
- གཞན་ཚང་མ་དང་མཉམ་དུ་འབྲེལ་བའི་ཚོར་བ་དང་སེམས་གཏིང་ནས་བཀའ་དྲིན་བསམ་ཤེས་ལ་དམིགས་པ་གཏོད།
- དེ་ལ་བརྟེན་ནས་ཁྱེད་རང་ལ་བྱམས་བརྩེ་ཆེ་བ་དང་། བདེ་འཇགས་ཆེ་བ། བདེ་སྐྱིད་མང་བ་ཇི་ལྟར་སྐྲུན་གྱི་ཡོད་པ་ཤེས་པར་བྱེད་དགོས།
- སོ་སོ་རང་ཉིད་ལ་དམིགས་ནས་རང་ཉིད་ནམ་རྒྱུན་ཡང་སེ་མི་སྐྱིད་པ་ཚོར་བ་དེ་ཤེས་དགོས།
- གལ་ཏེ་ང་རང་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ཡོད་ན། ང་རང་སྐྱིད་པོ་ཡོང་བར་ཤོག་ཅེས་དང་། ང་རང་ལ་སྐྱིད་པོ་སྔར་ལས་མང་བ་ཡོང་བའི་རྒྱུ་རྣམས་སྐྱེད་པར་ཤོག དེ་ཡང་ཕྱིའི་སྣང་ཚུལ་གྱི་གནས་སྐབས་བདེ་བ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་བདེ་བ་ཞིག་སྐྱེད་པར་ཤོག་ཅེས་བསམ་དགོས། ཁྱེད་ཀྱིས་ད་དུང་ཡང་རང་ཉིད་མི་སྔར་ལས་སྐྱིད་པ་ཞིག་བཟོ་བའི་གནད་དོན་བྱེ་བྲག་པ་ཞིག་ལ་བསམ་བློ་གཏོང་ཆོག དེ་ཡང་སེམས་ཚོར་ཀྱི་ཆ་སྙོམས་དང་བརྟན་ཆ། སེམས་ཞི་ཞིང་དྭངས་བ། བསམ་ཤེས་ཆེ་བ། གཞན་དང་མཉམ་དུ་སྟབས་བསྟུན་བདེ་བའི་སྒོ་ནས་འབྲེལ་བ་བྱེད་ཐུབ་པ་སོགས་ལའང་བསམ་བློ་གཏོང་ཆོག
- (གདམ་ཀའི་ཚུལ་དུ་འདི་ལྟར་སྒོམས། རང་ཉིད་འོད་དྲོན་མོ་མདོག་སེར་པོ་ཅན་གྱིས་ཡོངས་སུ་ཁེངས་ཤིང་། དེས་སྤྲོ་སེམས་ལྡན་པའི་བདེ་སྐྱིད་འདི་མཚོན་པར་བསམ་བློ་ཐོངས།)
- དེ་དང་གཅིག་མཚུངས་སུ་ཁྱེད་རང་གི་དགའ་ས་དང་ཉེ་སའི་མི་ཞིག་ལ་དེ་ལྟར་བསམ་བློ་ཐོངས། དེ་རྒྱ་སྐྱེད་བཏང་ནས་ཁྱེད་ཀྱི་དགའ་སའི་མི་ཁ་ཤས་ལ་དམིགས་ནས་དེ་ལྟར་བསམ་བློ་ཐོངས།
- (གདམ་ཀའི་ཚུལ་དུ་འདི་ལྟར་སྒོམས། དེ་ལྟ་བུའི་འོད་དྲོན་མོ་སེར་པོ་དེ་སོ་སོ་རང་ཉིད་ནས་འོད་འཕྲོས་ཏེ་གང་ཟག་དེ་ལ་འཐིབ་པར་སོམས།)
- དེ་ནས་ཚོང་ཁང་ལྟ་བུའི་ནང་གི་མདུན་ལྕོག་ཏུ་ཐོན་ཐོ་འགོད་མཁན་གྱི་ལས་བྱེད་པ་ལྟ་བུའམ། ཡང་ན་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་པ་ལྟ་བུ་ཁྱེད་དང་ཐུག་འཕྲད་བྱུང་བའི་མི་ཚེའི་ནང་འབྲེལ་བ་དེ་ཙམ་མེད་པའི་མི་ཞིག་ལ་བྱམས་པ་རྒྱ་སྐྱེད་གཏོང་དགོས།
- དེ་ནས་ཁྱེད་རང་མི་དགའ་སའི་མི་ཞིག་ལ་རྒྱ་སྐྱེད་གཏོང་དགོས།
- དེ་ནས་གོང་དུ་ཞུས་པའི་སྡེ་ཁག་གསུམ་ཀ་ལ་མཉམ་དུ་རྒྱ་སྐྱེད་གཏོང་དགོས།
- དེ་ལྟར་བྱམས་བརྩེ་དེ་ཁྱེད་ཀྱི་གྲོང་ཁྱེར་ནང་ཡོད་པའི་མི་ཚང་མ་དང་། དེ་ནས་ཁྱེད་ཀྱི་རྒྱལ་ཁབ། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་སྐྱེད་གཏོང་དགོས།
ཕྱོགས་བསྡོམས།
ཕྱོགས་རིས་བྲལ་བ་དང་གོ་ལ་སྤྱི་ལ་ཁྱབ་པའི་བྱམས་བརྩེ་ནི་རྙོག་འཛིངས་ཅན་གྱི་སེམས་ཚོར་ཞིག་རེད། དེ་ཡང་གཞན་ཐམས་ཅད་མཉམ་དུ་འབྲེལ་ལམ་གྱི་ཚོར་བ་ཞིག་མཉམ་སྡེབ་བྱེད་པ་དང་དེ་དག་གིས་ཁྱེད་ཀྱི་མི་ཚེའི་བདེ་ཐབས་ཀྱི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་རྐྱེན་ཇི་ལྟར་སྦྱོར་གྱི་ཡོད་པ་ལ་བཀའ་དྲིན་བསམ་ཤེས་ཀྱི་ཚོར་བ་ཞིག་ཡིན། དེ་ནི་ཆགས་སྡང་རྨོངས་གསུམ་དང་བྲལ་བའི་སེམས་ཀྱི་གནས་བབས་ཞི་འཇམ་དང་བྱམས་བརྩེའི་སེམས་ཚོར་གྱི་གནས་བབས་ཤིག་ཡིན་པ་དང་། དེ་ལ་དགའ་མོས་ཆེ་ཤོས་དང་ཡག་ཤོས་ཟེར་བ་དེ་འདྲ་མེད། དེ་ནི་ཚད་མེད་པའི་བྱམས་བརྩེ་ཡིན་པ་དང་གཞན་ཚང་མ་ལ་བདེ་བ་འདོད་པ་དང་སྡུག་བསྔལ་ཏིལ་འབྲུ་ཙམ་ཡང་མི་འདོད་པ་གཅིག་མཚུངས་འདྲ་མཉམ་ཡིན་པ་དེ་རྟོགས་པ་ལ་གཞི་རྩ་བྱས་ཡོད་པ་སོང་ཙང་། གཞན་གྱིས་སྤྱོད་ལམ་སྟོན་ཚུལ་ལ་མི་ལྟོས་པར་གཞན་ཐམས་ཅད་ལ་རྒྱ་སྐྱེད་གཏོང་ཆོག་པ་ཞིག་རེད། ཚད་མེད་པའི་བྱམས་བརྩེ་དེས་ཚུར་གཅིག་རག་རྒྱུ་ཡོད་པའི་རེ་འདོད་བྱེད་ཀྱི་མེད། དེ་ནི་ཧུར་བརྩོན་དང་མི་ལྡན་པའི་ཚོར་བ་ཞིག་མིན་ནའང་། དེས་གཞན་རྣམས་ལ་ཕྱི་དངོས་པོའི་དགོས་མཁོ་དང་བྲལ་བའི་གནས་སྐབས་ཀྱི་བདེ་སྐྱིད་ཙམ་ཐོབ་པའི་ཆེད་དུ་རོགས་རམ་གང་ཐུབ་བྱེད་པ་ཙམ་དུ་མ་ཟད། ཉོན་མོངས་པ་དང་སེམས་རྨོངས་པ་ལས་བྲལ་བའི་ཕུགས་རྒྱང་རིང་པོར་རྒྱུན་གནས་ཐུབ་པའི་བདེ་སྐྱིད་ཐོབ་པའི་ཕྱིར་སོ་སོས་གང་ཐུབ་ཀྱིས་རོགས་བྱེད་ཐུབ་པ་ཞིག་ཀྱང་ཡིན།།