ལུས་དང་སེམས་ཀྱི་མི་བདེ་བ།
ཤར་ལྷོ་ནུབ་བྱང་གང་དུ་གནས་ཡོད་མིན་ལ་མ་ལྟོས་པར། ཞི་བདེ་ནི་སྐྱེ་འགྲོ་ཚང་མའི་སེམས་འཁུར་བྱེད་ས་ཞིག་ཡིན། སོ་སོ་སྐྱོ་པོ་ཡིན་ན་འདྲ་ཕྱུག་པོ་ཡིན་ནའང་འདྲ་སྟེ། ཚང་མས་ཞི་བདེར་བཅོས་མིན་གྱི་ཐོག་ནས་སེམས་འཁུར་བྱེད་དགོས་ཀྱི་ཡོད། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཡིན་པ་སོང་ཙང་། ང་ཚོར་སྐྱིད་པོ་བྱེད་རྒྱུ་དང་མི་ཚེ་སྐྱིད་པོ་ཞིག་ཡོང་རྒྱུ་སོགས་སྤྱིར་བཏང་ནས་སེམས་འཁུར་དེ་གཅིག་མཚུངས་སུ་ཡོད་པ་མ་ཟད། ང་ཚོ་ཚང་མར་མི་ཚེ་སྐྱིད་པོ་ཞིག་ཡོང་བའི་འོས་བབ་ཡོད་པ་རེད། ང་ཚོས་སྐབས་འདིར་རིམ་པ་འདིའི་ཐོག་སྐད་ཆ་ཤོད་བཞིན་ཡོད། མི་ཚང་མར་ “ངའམ་” “བདག་” ཅེས་པའི་ཚོར་བ་ཞིག་ཡོད། འོན་ཀྱང་ང་ཚོས་ “ངའམ་” “བདག” ཅེས་པ་དེ་ག་རེ་ལ་ཟེར་གྱི་ཡོད་པའི་དོན་ཆ་ཚང་བ་རྟོགས་ཀྱི་མེད་པ་རེད། ཡིན་ནའང་ད་དུང་ང་ཚོར་ “ང་” ཞེས་པའི་ཚོར་བ་ཤུགས་ཆེན་ཞིག་ཡོད་པ་ཡིན། ཚོར་བ་དང་བསམ་བློ་དེ་ལ་བརྟེན་ནས་བདེ་སྐྱིད་འཐོབ་འདོད་དང་སྡུག་བསྔལ་མི་འདོད་པ་ཞིག་འོང་གི་ཡོད། དེ་ནི་རང་འགུལ་གྱིས་འབྱུང་གི་ཡོད། གཞི་རྩ་དེའི་ཐོག་ང་ཚོ་ཚང་མར་སྐྱིད་པོ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རེད།
དེ་དང་མཉམ་དུ་ང་ཚོའི་མི་ཚེའི་ནང་གནད་དོན་མི་ལེགས་པ་དང་བར་ཆད་སོགས་མང་པོ་ཞིག་ནི་ཡོང་ངེས་པ་རེད། དེ་ལ་རིམ་པ་གཉིས་ཡོད། རིམ་པ་གཅིག་ནི་ཕྱིའི་རྒྱུ་རྐྱེན་ལས་བྱུང་བའི་གདུང་བ་སྟེ། དཔེར་ན། ནད་ན་ཚ་དང་ལོ་རྒས་པ་ལྟ་བུ་རེད། ངོས་རང་ལྟ་བུར་མཚོན་ན། ང་ལ་དེའི་ཐོག་ཉམས་མྱོང་གང་ཙམ་ཞིག་ཡོད་པ་ནི། ངའི་རྣ་བས་ཐོས་དཀའ་བ་དང། མིག་གིས་མཐོང་དཀའ་བ། གོམ་པ་སྤོ་དཀའ་བ་བཅས་ཀྱི་དཀའ་ངལ་ཡོད། གནས་དོན་འདི་རྣམས་ནི་འབྱུང་ངེས་པ་ཞིག་ཡིན། རིམ་པ་གཞན་དེ་ནི་ནང་སེམས་ཀྱི་ཐོག་ནས་ཡིན། གལ་ཏེ་ཕྱི་ལུས་ཀྱི་ཐོག་ནས་ཐམས་ཅད་བདེ་ཐང་དང་། རྒྱས་སྤྲོས་ལྡན་པ་དང་དགོས་མཁོ་ཐམས་ཅད་ཚང་ཡོད་ནའང། ད་དུང་ཡང་ང་ཚོར་སེམས་ངལ་གནོན་ཤུགས་དང་རང་གིས་རང་ལ་དོགས་པ་ཡོད་ན། ང་ཚོ་ཁེར་རྐྱང་གི་ཚོར་སྣང་ཞིག་ཡོང་གི་ཡོད། ང་ཚོར་ཕྲག་དོག་དང་། འཇིགས་སྣང། ཞེ་སྡང་བཅས་ཡོད་པས་ང་ཚོ་སྐྱིད་པོ་ཡོང་གི་མེད། དེར་བརྟེན་ཕྱིའི་རིམ་པའི་ཐོག་ལ་མ་ལྟོས་པར། ནང་སེམས་ཀྱི་ཐོག་ལ་ང་ཚོར་སྡུག་བསྔལ་དེ་བས་ཆེ་བ་ཡོང་སྲིད་པ་ཡིན།
ཕྱི་ལུས་ཀྱི་བདེ་ཐང་ནི། དངུལ་གྱི་ཐོག་ནས་ང་ཚོས་སྡུག་བསྔལ་ཆུང་དུ་གཏོང་ཐུབ་པ་དང་ལུས་ཚིམས་པའི་ཚོར་སྣང་གང་ཙམ་ཞིག་སྐྲུན་ཐུབ། དབང་དང་། མིང་། གྲགས་པ་ལ་སོགས་པའི་ཕྱིའི་དགོས་མཁོ་དེས་ང་ཚོའི་ནང་སེམས་ཀྱི་ཞི་བདེ་ཞིག་སྐྲུན་མི་ཐུབ་པ་ཡིན། སྐབས་རེ་དོན་ལ་དངུལ་དང་རྒྱུ་ནོར་མང་པོ་ཡོད་པ་དེས་ང་ཚོའི་རྒྱུད་ལ་སེམས་ཁྲལ་དེ་བས་ཆེ་བ་སྐྱེད་པར་བྱེད་ཀྱི་ཡོད། ང་ཚོས་མིང་དང་གྲགས་པའི་དོན་ལ་སེམས་ཁྲལ་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད་པ་དང། དེས་ཚུལ་འཆོས་དང་། མི་བདེ་བ། སེམས་ངལ་གནོན་ཤུགས་སོགས་གང་ཙམ་ཞིག་གི་རྐྱེན་བྱེད་ཀྱི་ཡོད། བྱས་ཙང། སེམས་ཀྱི་བདེ་སྐྱིད་ནི་ཕྱི་དངོས་པོར་དེ་ཙམ་བརྟེན་གྱི་མེད་ནའང། ནང་བསམ་བློ་གཏོང་ཕྱོགས་ལ་བརྟེན་གྱི་ཡོད་པ་རེད།
གང་ཟག་ཁ་ཤས་སྐྱོ་པོ་དང་དབུལ་ཕོངས་ཡིན་ནའང་། ད་དུང་ནང་སེམས་ཀྱི་ཐོག་ནས་ནུས་པ་ལྡན་པ་དང་སྐྱིད་པོ་ཞེ་དྲག་ཡོད་པ་ང་ཚོས་མཐོང་ཐུབ་པ་ཡིན། དོན་ལ་གལ་ཏེ་ང་ཚོར་ནང་སེམས་ཀྱིས་ཚིམ་པ་ཞིག་ཡོད་ན། ང་ཚོས་ཕྱིའི་ལུས་ཀྱི་དཀའ་ཚེགས་ཅན་གྱི་སྡུག་བསྔལ་གྱི་རིགས་གང་འདྲ་ཞིག་ཡིན་རུང་དེར་བཟོད་སྒོམ་བྱེད་ཐུབ་པ་དང་འཕོ་འགྱུར་གཏོང་ཐུབ། དེར་བརྟེན། ཕྱི་ལུས་པོ་དང་ནང་སེམས་ཀྱི་གདུང་བའི་དབར་ལ། ནང་སེམས་ཀྱི་གདུང་བ་དེ་ཚབས་ཆེ་བ་ཡོད་རེད་བསམ་གྱི་འདུག །དེའི་རྒྱུ་མཚན་ནི། ཕྱི་ལུས་ཀྱི་མི་བདེ་བ་དེ་ནང་སེམས་ཀྱི་བདེ་བས་འཇོམས་པར་བྱེད་ཐུབ་པས་ཡིན། འོན་ཀྱང་ནང་སེམས་ཀྱི་མི་བདེ་བ་ནི་ཕྱི་ལུས་ཀྱི་བདེ་བས་སེལ་མི་ཐུབ་པ་ཡིན།
འགྲོ་བ་མི་རྣམས་ཀྱི་སེམས་ཀྱི་དཀའ་རྙོག་རྣམས་ནི་དུད་འགྲོ་རྣམས་ལས་ཚབས་ཆེ་བ་ཡོད་པ་རེད། ཕྱི་ལུས་ཀྱི་ཐོག་ནས་ཕལ་ཆེར་གཉིས་ཀའི་སྡུག་བསྔལ་མཉམ་པ་ཡིན་སྲིད་ནའང་། འགྲོ་བ་མིར་བསམས་ན། ང་ཚོའི་རྣམ་དཔྱོད་ལ་བརྟེན་ནས་དོགས་པ་དང། ཉེན་སྲུང་མེད་པ། སེམས་ངལ་གནོན་ཤུགས་བཅས་ཡོད་པ་རེད། དེ་དག་གིས་སེམས་ཞུམ་པའི་རྐྱེན་བྱེད་ཀྱི་ཡོད་པ་དང། དེ་དག་ཐམས་ཅད་ང་ཚོའི་གཞན་ལས་ལྷག་པའི་རྣམ་དཔྱོད་ལ་བརྟེན་ནས་འབྱུང་བ་ཡིན། དེ་དག་ལ་ཁ་གཏད་གཅོག་པར། ང་ཚོས་ངེས་པར་དུ་སོ་སོའི་མིའི་རྣམ་དཔྱོད་དེ་ཉིད་བེད་སྤྱོད་བྱེད་དགོས། སེམས་ཚོར་གྱི་རིམ་པའི་ཐོག་ནས་བཤད་ན། སེམས་ཚོར་འགའ་ཞིག་སྐྱེས་མ་ཐག་ང་ཚོའི་སེམས་ཀྱི་ཞི་བདེ་འཇོམས་པའི་རྐྱེན་བྱེད་ཀྱི་ཡོད། ཡང་ཕྱོགས་གཞན་ཞིག་ནས་སེམས་ཚོར་འགའ་ཞིག་གིས་ང་ཚོར་བློ་སྟོབས་དེ་བས་ཆེ་བ་འདྲེན་གྱི་ཡོད་པ་རེད། དེ་དག་ནི་བློ་སྟོབས་དང་གདེང་ཚོད་ཀྱི་གཞི་རྩ་ཡིན་པས། ང་ཚོ་དེ་བས་ཀྱང་ཞི་བདེ་ལྷིང་འཇགས་དང་ལྡན་པའི་སེམས་ཀྱི་གནས་བབས་ཤིག་སྐྲུན་པར་བྱེད་ཀྱི་ཡོད།
སེམས་ཚོར་གྱི་རིམ་པ་གཉིས།
དེ་འདྲ་སོང་ཙང་། སེམས་ཚོར་ལ་རིམ་པ་གཉིས་ཡོད་པ་རེད། གཅིག་ནི་སེམས་ཀྱི་ཞི་བདེར་ཤིན་ཏུ་གནོད་འཚེ་ཅན་ཞིག་ཡིན་པ་དང་། དེ་དག་ནི་གནོད་བྱེད་མི་དགེ་བའི་སེམས་ཚོར་ཏེ། ཁོང་ཁྲོ་དང་ཞེ་སྡང་ལྟ་བུ་རེད། དེ་ཚོས་གནས་སྐབས་འདིར་ང་ཚོའི་སེམས་ཀྱི་ཞི་བདེ་འཇོམས་པ་མ་ཟད། ད་དུང་ང་ཚོའི་ལུས་དང་ངག་ལ་གནོད་འཚེ་ཅན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་དེ་ཚོས་ང་ཚོའི་བྱ་སྤྱོད་སྤེལ་ཚུལ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེ་དག་གིས་ང་ཚོར་གནོད་བྱེད་ཀྱི་བྱ་སྤྱོད་ངན་པའི་རིགས་སྤེལ་འཇུག་གི་ཡོད་པ་སོང་ཙང་། དེ་དག་ནི་གནོད་བྱེད་མི་དགེ་བ་ཡིན། ཡིན་ནའང། སེམས་ཚོར་གཞན་དག་གིས་ང་ཚོར་སྙིང་རྗེ་ལྟ་བུ་ནང་གི་ནུས་སྟོབས་དང་ཞི་བདེ་སྦྱིན་གྱི་ཡོད། དེ་དག་གིས་ང་ཚོར་བཟོད་གསོལ་གྱི་ནུས་སྟོབས་སྐྲུན་གྱི་ཡོད། དཔེར་ན། གལ་ཏེ་དུས་ངེས་ཅན་ཞིག་ལ་གང་ཟག་ཅིག་དང་ལྷན་དུ་ང་ཚོར་དཀའ་ངལ་ཁ་ཤས་ཡོད་པའི་དབང་དུ་བཏང་ནའང་། བཟོད་གསོལ་གྱིས་རིམ་བཞིན་ང་ཚོ་ཞི་འཇམ་གྱི་གནས་སུ་ཁྲིད་ནས་སེམས་ཀྱི་ཞི་བདེ་འཐོབ་པར་བྱེད་ཀྱི་ཡོད། ང་ཚོས་ཁོང་ཁྲོ་ཧ་ཅང་ལང་ཡུལ་གྱི་གང་ཟག་དེ་ཡང་ང་ཚོའི་གྲོགས་པོ་ཡག་ཤོས་ཆགས་སྲིད་པ་རེད།
ཕྱིའི་ཞི་བདེ།
ང་ཚོས་ཞི་བདེའི་ཐོག་སྐད་ཆ་ཤོད་པའི་སྐབས། ང་ཚོས་ངེས་པར་དུ་སེམས་ཚོར་དེ་རྣམས་དང་ནང་སེམས་ཀྱི་ཞི་བདེའི་ཐོག་སྐད་ཆ་ཤོད་དགོས་ཀྱི་ཡོད། དེ་འདྲ་སོང་ཙང། ང་ཚོས་སེམས་ཚོར་གང་གིས་ནང་སེམས་ཀྱི་ཞི་བདེ་སྐྲུན་གྱི་ཡོད་པ་འཚོལ་ཞིབ་བྱེད་དགོས། འོན་ཀྱང་ཐོག་མར་ངས་ཕྱིའི་ཞི་བདེའི་ཐོག་ཚིག་ཁ་ཤས་བརྗོད་འདོད་བྱུང།
ཕྱིའི་ཞི་བདེ་ནི་འཚེ་བ་མེད་པ་ཙམ་དེ་མ་རེད། ཕལ་ཆེར་གྲང་དམག་ (Cold War) གི་སྐབས་སུ་ང་ཚོར་ཞི་བདེ་ཡོད་པ་གསལ་པོ་རེད། འོན་ཀྱང་ཞི་བདེ་དེ་ནི་འཇིགས་སྣང་གཞི་རྩར་བྱས་པ་ཞིག་སྟེ། རྡུལ་ཕྲན་མཚོན་ཆའི་རྩ་གཏོར་གྱི་འཇིགས་སྣང་ལ་གཞི་རྩ་བྱས་ཡོད་པ་རེད། ཕྱོགས་གཉིས་ཀར་གཞན་དེས་འབར་མདེལ་འཕེན་མི་ཡོང་ངམ་སྙམ་པའི་འཇིགས་སྣང་དེ་ཡོད་པ་སོང་ཙང་། དེ་ནི་དོན་དམ་པའི་ཞི་བདེ་མ་རེད། དོན་དམ་བཅོས་མིན་གྱི་ཞི་བདེ་ནི་ངེས་པར་དུ་ནང་སེམས་ནས་འོང་དགོས། རྩོད་རྙོག་ནམ་འབྱུང་ཡང་ངོས་ཀྱི་བསམ་པར། ང་ཚོས་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས་པ་དང་། ཞི་བདེ་ནི་ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་པོ་དང་གཞན་གྱི་ཚེ་སྲོག་ལ་གུས་བརྩི་ཞུ་བ་ལས་ཡོང་གི་ཡོད། དེ་ག་ནང་བཞིན་གཞན་གྱི་ཚེ་སྲོག་ལ་གནོད་འཚེ་བྱེད་རྒྱུར་འགོག་རྒོལ་དང། སོ་སོའི་ཚེ་སྲོག་རྩ་ཆེན་ཡིན་པ་ནང་བཞིན་གཞན་གྱི་ཚེ་སྲོག་ཀྱང་དེ་བཞིན་དུ་རྩ་ཆེན་ཡིན་པའི་བསམ་ཕྱོགས་ཤིག་དགོས་པ་ཡིན། ང་ཚོས་དེ་ལ་གུས་བརྩི་དང་། གཞི་རྩ་དེའི་ཐོག་ནས་གལ་ཏེ་ང་ཚོས་ད་དུང་གཞན་ལ་ཕན་འདོགས་ཐུབ་ཀྱི་ཡོད་ན། དེ་ལྟར་བྱེད་རྒྱུའི་འབད་རྩོལ་བསྟེན་དགོས།
ང་ཚོར་དཀའ་ངལ་འཕྲད་པའི་སྐབས། གཞན་ཞིག་གིས་རོགས་སྐྱོར་བྱེད་པར་བསླེབ་ཚེ། ང་ཚོས་དེ་ལ་རྗེས་སུ་ཡི་རང་བྱེད་དགོས་པ་ལོས་ཡིན། གལ་ཏེ་གཞན་ཞིག་སྡུག་བསྔལ་མྱོང་བཞིན་ཡོད་ན། ང་ཚོས་འགྲོ་བ་མིའི་གོ་རྟོགས་དང་བསམ་ཤེས་ཙམ་ཞིག་རྒྱ་སྐྱེད་བཏང་ནའང་མི་དེས་དེ་ལ་རྗེས་སུ་ཡི་རང་ཞུ་བ་དང་དགའ་པོ་ཞེ་དྲག་ཚོར་གྱི་རེད། དེར་བརྟེན། ནང་སེམས་ཀྱི་སྙིང་རྗེ་དང་ཞི་བདེའི་ཐོག་ནས་བྱ་བ་ཐམས་ཅད་ཞི་བདེར་འགྱུར་བ་ཡིན། གལ་ཏེ་ང་ཚོས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐུབ་པ་ཡིན་ན། དེ་ནས་ང་ཚོས་ཕྱིའི་ཞི་བདེ་ཡང་སྐྲུན་ཐུབ་པ་ཡིན།
འགྲོ་བ་མིའི་རིགས་ཡིན་པའི་ཆ་ནས་གང་ཟག་གཞན་དང་ཕན་ཚུན་འབྲེལ་བ་དང་འདྲིས་གཏུགས་བྱེད་དུས་ང་ཚོར་རྒྱུན་དུ་བསམ་ཚུལ་འདྲ་མིན་ཡོང་གི་ཡོད། འོན་ཀྱང་ “ང་” དང་ “ཁོ་ཚོ་” ཞེས་པའི་བསམ་བློ་ཤུགས་དྲག་པོ་གཞི་རྩར་བྱས་པའི་ཐོག་དེའི་སྟེང་ང་ཚོར་ “ངའི་དོན་” དང་ “ཁྱེད་རང་གི་དོན་” ཞེས་པའི་བསམ་བློ་ཞིག་ཀྱང་སྐྱེ་གི་ཡོད། གཞི་རྩ་དེའི་ཐོག་ནས་ང་ཚོར་དམག་འཁྲུག་ཀྱང་འབྱུང་སྲིད་པ་རེད། ང་ཚོའི་བསམ་བློར། སོ་སོའི་དགྲ་བོ་རྩ་མེད་བཟོ་བ་དེས་སོ་སོའི་རྒྱལ་ཁ་ཐོབ་ཀྱི་ཡོད་ཅེས་བསམ་གྱི་ཡོད། འོན་ཀྱང་ད་ལྟ་དོན་དངོས་གསར་པ་ཞིག་ཡོད་པ་ཡིན། དཔལ་འབྱོར་གྱི་གནད་དོན་དང་སྣོད་བཅུད་ཀྱི་གནད་དོན་ཐད་ནས་ང་ཚོ་ཕན་ཚུན་གཅིག་ལ་གཅིག་ཤུགས་ཆེར་བརྟེན་ནས་ཡོད། དེར་བརྟེན་ “ང་ཚོ་” དང་ “ཁོང་ཚོ་” ཞེས་པའི་བསམ་ཚུལ་དེ་འབྲེལ་མེད་དོན་གཞན་ཞིག་ཆགས་པ་རེད། ང་ཚོས་ཆ་འཇོག་བྱས་པའི་ “ཁོང་ཚོ་” ཞེས་པ་དེ་ད་ལྟ་ “ང་ཚོ་” ཞེས་པའི་ཆ་ཤས་སུ་གཏོགས་པ་རེད། དེར་བརྟེན་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ནི་སའི་གོ་ལ་འདིའི་སྟེང་དུ་ང་ཚོ་འགྲོ་བ་མིའི་རིགས་ཐེར་འབུམ་དྲུག་ཡོད་པ་དང་ང་ཚོ་མི་ཚང་མར་བདེ་སྐྱིད་ཀྱི་ཐོབ་ཐང་འདྲ་མཉམ་དུ་ཡོད་པའི་ངོས་འཛིན་གཞི་རྩར་བྱས་པའི་སྙིང་རྗེ་དེ་ཡིན་པ་རེད། དེ་གཞི་རྩར་བྱས་ནས་ང་ཚོས་མི་ཚང་མར་དོ་གལ་ཆེན་པོ་བྱེད་པ་དང་། གཞི་རྩ་དེའི་ཐོག་ནས་ང་ཚོས་ཕྱིའི་ཞི་བདེ་སྐྲུན་ཐུབ་རྒྱུ་ངེས་པ་ཡིན།
གཞི་རྒྱ་ཆུང་ས་ནས་འགོ་འཛུགས་པ།
དེར་བརྟེན་ཞི་བདེར་མཚོན་ན། ང་ཚོས་སོ་སོ་རང་ཉིད་ཀྱི་སེམས་ནང་དུ་ཞི་བདེ་སྐྲུན་དགོས་ཤིང། དེ་ནས་རང་གི་ཁྱིམ་ཚང་ནང་དང་། དེ་ནས་སོ་སོའི་སྤྱི་ཚོགས་ནང་དུ་ཞི་བདེ་སྐྲུན་དགོས། དཔེར་ན། མེག་སི་ཀོ་ (Mexico) ནང་གྲོགས་པོ་གཅིག་གིས་ཁོ་རང་གི་སྤྱི་ཚོགས་ནང་ “ཞི་བདེའི་ས་ཁུལ་” (Zone of Peace) ཤིག་བཙུགས་པ་རེད། ཁོས་ཁོ་རང་གི་སྤྱི་ཚོགས་ནང་གི་མི་ཚང་མར་ཁས་ལེན་ཞིག་བྱེད་དུ་བཅུག་པའི་ཐོག་ནས་དེ་འཛུགས་སྐྲུན་བྱས་པ་རེད། སྤྱི་ཚོགས་ནང་གི་མི་ཚང་མས་ཞི་བདེའི་ས་ཁུལ་དེའི་ནང་དུ་ནན་གཟབ་ཆེན་པོས་འཚེ་བའི་ལས་སྤོང་རྒྱུར་འབད་རྩོལ་བསྟེན་རྒྱུའི་ཁས་ལེན་བྱས་པ་རེད། གལ་ཏེ་ཁོང་ཚོ་འཛིང་རེས་གཏོང་བའམ་མི་མཐུན་པ་བྱུང་ན། ས་ཁུལ་དེའི་ས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་ཚང་མས་མོས་མཐུན་བྱས་ཡོད། དེ་ནི་ཡག་པོ་ཞེ་དྲག་རེད།
མཐའ་མར་འཛམ་གླིང་སྤྱིའི་གནས་ཚད་ཅིག་གི་ཐོག་ནས་ཞི་བདེ་སྐྲུན་ཐུབ་ན་ལེགས་ཤོས་ཡིན་ནའང་། འཛམ་གླིང་ཞི་བདེའི་ཆེད་དུ་འབོད་སྐུལ་བྱ་རྒྱུ་ཁག་པོ་ཡོད། འོན་ཀྱང་དོན་དངོས་དང་མཐུན་ཆེ་བ་ནི་སོ་སོ་རང་ཉིད་ནས་རིམ་པ་ཆུང་ངུ་ཞིག་གི་ཐོག་འགོ་བཙུགས་ཏེ་ཁྱིམ་ཚང་དང་། སྤྱི་ཚོགས། རྫོང་ལ་སོགས་པའི་ནང་ཞི་བདེའི་ས་ཁུལ་དེ་འདྲ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། དེར་བརྟེན་ནང་གི་ཞི་བདེ་ནི་སྙིང་རྗེ་དང་ཤུགས་ཆེར་འབྲེལ་ནས་ཡོད་པ་རེད།
དེང་གི་ཆར་འཛམ་གླིང་ནང་གནས་ཚུལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ལོ་ཁ་ཤས་ཀྱི་སྔོན་ང་རང་གི་དགེ་རྒན་ལ་ཆ་འཇོག་བྱེད་པའི་འཇར་མན་གྱི་གྲོགས་པོ་ཚེ་འདས་ཧྥ་རེ་ཌི་རི་ཆི་ཝོན་ཝི་ཛག་ཀར་ (Friedrich von Weizsäcker) ལགས་ཀྱིས་ང་ལ། ཁོ་རང་ལོ་ན་གཞོན་པའི་སྐབས་འཇར་མན་ཚང་མའི་ལྟ་ཕྱོགས་ནས་བཤད་ན། ཧྥ་རན་སི་མི་རྣམས་དགྲ་བོར་བརྩིས་པ་དང་། ཧྥ་རན་མི་སི་ཚང་མའི་ལྟ་ཕྱོགས་ནས་བཤད་ན་འཇར་མན་གྱི་མི་རྣམས་དགྲ་བོར་བརྩི་གི་ཡོད་ཅེས་དང། འོན་ཀྱང་ད་ལྟ་གནས་ཚུལ་ཐ་དད་རེད། དེང་སང་ང་ཚོར་ཆིག་སྒྲིལ་གྱི་ནུས་ཤུགས་ཏེ། ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ (European Union) ཡོད། དེ་ནི་ཧ་ཅང་ཡག་པོ་རེད་ཅེས་ཟེར་གྱི་འདུག །སྔོན་མ་རྒྱལ་ཁབ་ཚང་མས་སོ་སོའི་ལྟ་ཚུལ་ཞིག་གི་ཐོག་ནས་སོ་སོའི་བླ་མེད་ཀྱི་དབང་ཚད་ (sovereignty) དེ་རྩ་ཆེར་འཛིན་གྱི་ཡོད། འོན་ཀྱང་དེང་གི་ཆར་ཡུ་རོབ་ནང་དོན་དངོས་གསར་པ་ཞིག་ཡོད་པ་ནི། སྒེར་གྱི་དོན་ལས་གལ་ཆེ་བའི་ཐུན་མོང་གི་དོན་ཞིག་ཡོད་པ་དེ་ཡིན། གལ་ཏེ་དཔལ་འབྱོར་ཡར་རྒྱས་སོང་བ་ཡིན་ན། འཐུས་ཚོགས་རྒྱལ་ཁབ་ཚང་མར་ཁེ་ཕན་ཡོང་གི་ཡོད། དེར་བརྟེན། དེང་སང་སའི་གོ་ལའི་སྟེང་གི་མི་ཐེར་འབུམ་དྲུག་གི་ཐོག་ལ་བསམ་བློ་དེ་རྒྱ་སྐྱེད་གཏོང་དགོས་པ་གལ་ཆེན་པོ་རེད། ང་ཚོས་མི་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་ཞིག་གི་ནང་མི་ཡིན་པའི་བསམ་བློ་གཏོང་དགོས་པ་ཡིན།
ལུས་གྲུབ་ཚུལ་གྱི་ཆ་ནས་ཡོད་པའི་སྙིང་རྗེ།
ད་སྙིང་རྗེ་ལ་མཚོན་ན། མ་ལས་སྐྱེས་པའི་ནུ་གསོ་སྲོག་ཆགས་ཚང་མ་སྟེ། འགྲོ་བ་མི་ཡིན་ནའང་འདྲ། ནུ་གསོ་སྲོག་ཆགས་དང་འདབ་ཆགས་བྱ་བྱེའུའི་རིགས་ལ་སོགས་པ་མང་པོ་ཞིག་གི་འཚར་ལོངས་ནི་བྱམས་བརྩེ་དང་གཅེས་སྐྱོང་འཐོབ་པ་ལ་བརྟེན་ཡོད། རིགས་མཐུན་གྱི་སྲོག་ཆགས་ (species) རེ་འགའ་ཙམ་ཞིག་ལ་དམིགས་བསལ་གྱི་གནད་དོན་ཆགས་ཡོད་པ་ནི། རྒྱ་མཚོའི་རུས་སྦལ་ལྟ་བུ་དང་། ཕྱེ་མ་ལེབ། ཉ་སལ་མོན་ཏེ་སོ་སོའི་སྒོ་ང་བཞག་ནས་འཆི་མཁན་ལྟ་བུའི་སེམས་ཅན་རྣམས་ནི་ཏོག་ཙམ་དམིགས་བསལ་ཅན་ཞིག་རེད། དཔེར་ན། རྒྱ་མཚོའི་རུས་སྦལ་ལ་མཚོན་ན། ཨ་མས་མཚོ་འགྲམ་དུ་སྒོ་ང་བཏང་ནས་འགྲོ་གི་ཡོད། དེར་བརྟེན་རུས་སྦལ་ཆུང་ངུ་རྣམས་ཀྱི་འཚོ་གནས་ནི་སོ་སོའི་འབད་རྩོལ་གཅིག་པུར་བརྟེན་དགོས་ཀྱི་ཡོད། དེ་ཚོར་མའི་བྱམས་བརྩེ་དགོས་ཀྱི་མེད་ནའང་ད་དུང་འཚོ་གནས་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ངོས་ཀྱིས་གཏམ་བཤད་བྱེད་ཡུལ་འགའ་ཤས་ལ། རུས་སྦལ་གྱི་སྒོ་ང་ནས་ཕྲུ་གུ་ཐོན་པའི་སྐབས། དེ་དག་མ་དང་་མཉམ་དུ་བཞག་ནས་ཕན་ཚུན་དབར་ལ་བརྩེ་སེམས་ཡོད་མེད་ཚན་རིག་གི་བརྟག་དཔྱད་བྱས་ན་དེ་དངོས་གནས་དོ་སྣང་བྱེད་འོས་པ་རེད་ཅེས་ཟེར་གྱི་ཡོད། དེ་གཉིས་ཀྱི་དབར་བརྩེ་སེམས་ཡོང་གི་མ་རེད་བསམ་གྱི་འདུག །རང་བྱུང་ཁམས་ཀྱིས་རུས་སྦལ་དེ་གཉིས་ཀྱི་གནས་སྟངས་དེ་ལྟར་འབྱུང་གི་ཡོད་པས། དེར་བརྩེ་སེམས་དགོས་ཀྱི་མེད། འོན་ཀྱང་ནུ་གསོ་སྲོག་ཆགས་དང་དམིགས་བསལ་གྱིས་མིར་མཚོན་ན། ཨ་མའི་བྱམས་སྐྱོང་མེད་ན། ང་ཚོ་ཚང་མ་འཆི་རྒྱུ་ངེས་པ་རེད།
བྱིས་པ་ཆུང་ངུ་ཞིག་ལ་ལྟ་རྟོག་བྱེད་པར་སེམས་ཚོར་འགའ་དགོས་པ་ཡིན། དེ་དག་ནི་སྙིང་རྗེ་དང་། བྱམས་བརྩེ། དེ་བཞིན་སེམས་འཁུར་དང་གཅེས་སྐྱོང་གི་ཚོར་བ་རྣམས་རེད། ཚན་རིག་པ་ཚོས། སྐྱེས་ནས་བདུན་ཕྲག་འགའ་ཞིག་ནང་ཨ་མའི་ཐུག་རེག་ནི་བྱིས་པའི་ཀླད་པ་འཚར་ལོངས་དང་ཡར་རྒྱས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། བརྩེ་བ་དང་། བྱམས་སེམས། སྤྲོ་སྣང་ལྡན་པའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་བྱིས་པ་ཚོ་ལུས་སེམས་སྐྱིད་སྣང་ཆེ་བ་ཡོད་པ་ང་ཚོའི་མཐོང་ཆོས་སུ་རེད། ཁོང་ཚོ་ད་དུང་ཕྱིའི་ལུས་ཀྱི་ཆ་ནས་ཀྱང་སྐྱིད་སྣང་དང་བདེ་ཐང་ཆེ་བ་ཡོད་པ་རེད། འོན་ཀྱང་དམིགས་བསལ་གྱིས་ལོ་ན་ཆུང་ངུའི་སྐབས་བྱམས་བརྩེས་མ་འདང་བའི་བྱིས་པ་ཚོར་དཀའ་ངལ་མང་པོ་ཞིག་ཡོད་པར་འགྱུར་གྱི་ཡོད།
ཚན་རིག་པ་ཁ་ཤས་ཀྱིས་བརྟག་དཔྱད་བྱས་པའི་ནང་། ཁོ་ཚོས་སྤྲེའུ་ཕྲུག་ཁ་ཤས་རང་གི་མ་དང་ཁ་བྲལ་བཏང་བས་སྤྲེའུ་ཕྲུག་དེ་ཚོ་རྒྱུན་དུ་སེམས་ཁམས་ཀྱི་ཉམས་འགྱུར་སྐྱིད་པོ་མེད་པ་སྟེ། འཛིང་རེས་གཏོང་བཞིན་ཡོད་པའི་དོ་སྣང་བྱུང་བ་རེད། སྤྲེའུ་ཕྲུག་དེ་རྣམས་ཕན་ཚུན་རྩེད་མོར་དེ་ཙམ་རོལ་གྱི་མེད་པ་རེད། འོན་ཀྱང་སྤྲེའུ་ཨ་མ་དང་མཉམ་དུ་ཉར་བའི་སྤྲེའུ་ཕྲུག་རྣམས་སྐྱིད་པོ་དང་ཕན་ཚུན་རྩེད་མོར་རོལ་ནས་སྡོད་ཀྱི་ཡོད། དམིགས་བསལ་འགྲོ་བ་མིའི་ནང་ནས་བྱིས་པ་ལྟ་བུ་ཆུང་དུས་ནས་བྱམས་བརྩེ་ཐོབ་མེད་ན། ཁོང་ཚོ་གཞན་དང་འཆམ་མཐུན་མེད་པ་དང་སྣང་མེད་ཅན་ཞིག་ཏུ་འགྱུར་གྱི་ཡོད་པ་རེད། ཁོང་ཚོར་གཞན་ལ་བརྩེ་སེམས་སྟོན་རྒྱུར་དཀའ་ངལ་ཡོད་པ་དང། གནད་དོན་ཁ་ཤས་ནང་ཁོང་ཚོ་གཞན་ལ་གནོད་ཚེ་བྱེད་མཁན་ཞིག་ཏུ་འགྱུར་གྱི་ཡོད། དེར་བརྟེན་བརྩེ་སེམས་ནི་མ་བུའི་རྒྱུ་རྐྱེན་ཞིག་སྟེ། ཐོག་མར་ལུས་གྲུབ་ཚུལ་ལ་གཞི་རྩར་བྱས་པའི་ཆ་རྐྱེན་ཞིག་ཡིན།
ད་དུང་ངོས་ཀྱི་བསམ་པར། སྙིང་རྗེ་དང་སེམས་ཚོར་རྣམས་ཕྱི་ལུས་ཀྱི་གྲུབ་ཚུལ་རིམ་པ་དང་འབྲེལ་ནས་ཡོད་པའི་རྒྱུ་མཚན་གྱིས་ཚན་རིག་པ་ཁ་ཤས་ལྟར་བྱས་ན། གལ་ཏེ་ང་ཚོ་རྒྱུན་དུ་ཁོང་ཁྲོ་ལངས་པ་དང་། ཞེ་སྡང་དང་འཇིགས་སྣང་ཡོད་པ་ཡིན་ན། དེས་ང་ཚོའི་ནད་འགོག་མ་ལག་བཅོམ་ནས་ཇེ་ཞན་དུ་འགྲོ་གི་ཡོད། འོན་ཀྱང་སྙིང་རྗེའི་སེམས་ཀྱིས་ནད་འགོག་མ་ལག་གི་ནུས་སྟོབས་སྐྱེད་པར་ཕན་ཐོགས་ཀྱི་ཡོད་པ་རེད།
དཔེ་གཞན་ཞིག་བཞག་ན། གལ་ཏེ་ང་ཚོས་སྨན་དཔྱད་རིག་པའི་ནང་བལྟས་ན། སྨན་ཞབས་དང་སྨན་པ་ཕྱོགས་གཅིག་ནས་དང་། ནད་པ་ཕྱོགས་གཞན་ཞིག་ཏུ་བྱས་ནས་དེའི་དབར་ཡིད་ཆེས་ཡོད་ན། དེ་ནི་ནད་པའི་དྲག་སྐྱེད་ལ་ཧ་ཅང་གལ་ཆེན་པོ་ཡིན། འོ་ན། ཡིད་ཆེས་ཀྱི་གཞི་རྩ་གང་ཡིན་ནམ། གལ་ཏེ་སྨན་པའི་ཕྱོགས་ནས་དང་སྨན་ཞབས་ཀྱི་ཕྱོགས་ནས་ཁོང་ཚོས་ནད་པ་དྲག་སྐྱེད་ཀྱི་ཆེད་བཅོས་མིན་གྱི་སེམས་འཁུར་དང་ལྟ་རྟོག་བྱས་ན། ཡིད་ཆེས་འོང་བ་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ལ། གལ་ཏེ་སྨན་པ་མཁས་ཅན་ཞིག་ཡིན་ནའང་། ཁོའམ་མོས་ནད་པར་འཕྲུལ་ཆས་ནང་བཞིན་ལྟ་ཚུལ་བཟུང་ནས་སྨན་བཅོས་བྱས་ན། དེར་ཡིད་ཆེས་ཕྲན་བུ་ཞིག་ལས་མི་འོང། སྨན་པར་ཉམས་མྱོང་ཆེན་པོ་ཡོད་པའི་དབང་དུ་བཏང་ནའང་། དེར་ཡིད་ཆེས་ཏོག་ཙམ་ལས་མི་འོང་བ་ཡིན། འོན་ཀྱང་སྨན་པ་དེ་སྙིང་རྗེ་ཆེ་བ་ཞིག་ཡིན་ན། དེར་ཡིད་ཆེས་ཀྱང་དེ་བས་ཆེ་བ་འོང་གི་ཡོད། ནད་པ་གཉིད་ཡག་ག་ཁུག་པ་དང་བསུན་གཙེར་ཉུང་བ་འོང་བ་ཡིན། གལ་ཏེ་ནད་པ་ཚོའི་སེམས་གཏིང་ལ་བསུན་སྣང་བྱུང་ན། དེ་ནས་ཁོང་ཚོ་དཀའ་ངལ་ཅན་དུ་འགྱུར་བ་དང་། དེས་ན་ཚ་དྲག་སྐྱེད་ལ་ཁྱད་པར་བཟོ་བ་ཡིན།
འོན་ཀྱང་། མི་ཚེའི་ནང་དཀའ་ངལ་ནི་ལྡོག་ཏུ་མེད་པར་ཡོང་ངེས་པ་ཡིན་པ་བཤད་མི་དགོས་པ་ཡིན། རྒྱ་གར་ནང་པའི་སློན་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས། ཇི་སྐད་དུ། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་དགོས། །གལ་ཏེ་བཅོས་སུ་མེད་པ་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར། ང་ཚོར་དཀའ་ངལ་འཕྲད་པའི་སྐབས་དེ་ལ་བརྟག་དཔྱད་བྱེད་དགོས་པ་དང། གལ་ཏེ་དེ་དག་ཐབས་ལམ་གྱི་ཐོག་ནས་སེལ་ཐུབ་ཀྱི་ཡོད་ན། སེམས་ཁྲལ་མ་བྱས་པར་ཐབས་ལམ་ལག་བསྟར་བྱེད་དགོས། འོན་ཀྱང་གལ་ཏེ་ཐབས་ལམ་གྱི་ཐོག་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ན། དེར་སེམས་ཁྲལ་བྱས་ན་ཕན་ཐོགས་གང་ཡང་མེད་པ་རེད། ཅེས་ཁོང་གིས་བསླབ་བྱ་གནང་ཡོད། ཚིགས་སུ་བཅད་པ་དེར་བསམ་བློ་བཏང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ང་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་པའི་དབང་དུ་བཏང་ནའང་། བསམ་བློ་དེ་འདྲ་ཞིག་བཏང་བ་ཡིན་ན། ང་ཚོས་དཀའ་ངལ་དེ་ཉུང་དུ་གཏོང་ཐུབ།
ང་ཚོར་གཞན་གྱི་གཅེས་སྐྱོང་ག་ཚོད་ཙམ་དགོས་པ་དེ་ཚོད་ཀྱིས་ང་ཚོར་བྱམས་བརྩེ་དང་སྙིང་རྗེ་ཡོད་པ་ནི། དཔེར་ན། ང་ཚོ་ཕྲུ་གུ་མ་འབྱར་ཡིན་པའི་སྐབས་ལྟ་བུ་རེད། འོན་ཀྱང་ང་ཚོ་ལོ་ན་ཆེ་རུ་ཆེ་རུ་འགྲོ་བ་དང་མཉམ་དུ་རང་དབང་ཆེ་རུ་ཕྱིན་པ་སོང་ཙང། ང་ཚོས་སོ་སོའི་འདོད་པ་ལྟར་བྱེད་པའི་ཆེད་སྙིང་རྗེ་ལས་དྲག་སྦྱོར་གལ་ཆེ་བ་ཡིན་པ་ཚོར་གྱི་ཡོད། འོན་ཀྱང་མི་ཐེར་འབུམ་དྲུག་ཚང་མ་ཨ་མ་ལས་བྱུང་བ་རེད། ཨ་མའི་བརྩེ་བའི་བྱམས་སྐྱོང་འོག་ཚང་མས་བདེ་བ་དང་ཚིམ་པ་མྱོང་གི་ཡོད། ཡང་མིན་ན་ཨ་མ་མིན་ནའང་ང་ཚོ་ཕྲུ་གུ་མ་འབྱར་ཡིན་པའི་སྐབས་གཞན་གྱི་བྱམས་བརྩེ་ལ་བརྟེན་ཡོད་པ་རེད། ང་ཚོ་འཚར་ལོངས་བྱུང་བ་དང་རིམ་བཞིན་ཁྱད་ཆོས་དེ་དག་གི་རིན་ཐང་ཆུང་དུ་ཕྱིན་ནས་ང་ཚོ་དྲག་ཤུལ་ཅན་དུ་འགྱུར་བ་དང་སྦྲགས་དབང་ཡོད་ཐུབ་ཚོད་གཏོང་རྒྱུ་ཤུགས་ཆེ་རུ་སོང་བ་དང། ང་ཚོས་རྙོག་དྲ་དེ་བས་ཆེ་བ་བཟོ་གི་ཡོད།
དངོས་པོའི་གནས་ལུགས་རྟོགས་རྒྱུ་ནི་མེད་དུ་མི་རུང་བ་ཡིན།
སུད་ཌེན་ Sweden ནས་ཡིན་པའི་ཚན་རིག་པ་ཞིག་གིས། སེམས་ནང་ཁོང་ཁྲོ་ཟ་བ་དང་ཀླད་པ་ཁོང་ཁྲོས་དབང་སྒྱུར་བྱས་པའི་སྐབས། ང་ཚོའི་ཁོང་ཁྲོ་ཟ་སའི་མི་སྡུག་ཅག་དེའི་སྣང་ཚུལ་བརྒྱ་ཆ་ ༩༠ ཐམ་པ་སེམས་ཀྱི་འཆར་སྣང་ཡིན་པ་རེད་ཅེས་བཤད་སོང། ཚིག་གཞན་ཞིག་ནས་བཤད་ན། སྐྱོན་དང་མི་དགེ་བ་བརྒྱ་ཆ་ ༩༠ ཐམ་པ་ནི་སེམས་ཀྱི་འཆར་སྒོ་ཙམ་ཡིན་པ་རེད། དེ་ནི་ང་ཚོར་གང་ཟག་གཞན་ཞིག་ལ་འདོད་ཆགས་དང་ཆགས་སེམས་ཤུགས་ཆེན་སྐྱེས་པའི་སྐབས་དང་ཡང་འདྲ་བ་ཡིན་ཏེ། དེའི་སྐབས་ང་ཚོས་གང་ཟག་དེ་བརྒྱ་ཆ་ ༡༠༠ ཐམ་པ་ཡིད་དུ་འོང་བ་དང་ཡག་པོ་མཐོང་གི་ཡོད་པ་རེད། འོན་ཀྱང་དེའི་བརྒྱ་ཆ་མང་ཆེ་བ་ཡང་སེམས་ཀྱི་འཆར་སྣང་ཙམ་རེད། ང་ཚོས་དངོས་པོའི་གནས་ལུགས་མཐོང་གི་མེད། དེ་འདྲ་སོང་བ་ཡིན་ཙང། དངོས་པོའི་གནས་ལུགས་མཐོང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད།
གནད་དོན་གལ་ཆེ་བ་གཞན་ཞིག་ནི། སུ་གང་ལའང་དཀའ་རྙོག་དགོས་འདོད་མེད། འོན་ཀྱང་དཀའ་རྙོག་ག་རེ་བྱས་ནས་ཡོང་གི་ཡོད་དམ་ཞེ་ན། དེ་ནི་ང་ཚོའི་བྱིས་བློའི་རང་བཞིན་དང་། མ་རིག་པ། ཐབས་ཚུལ་ལ་བརྟེན་ནས་དངོས་པོའི་གནས་ལུགས་མ་མཐོང་བའི་དབང་གིས་ཡིན། ང་ཚོ་སོ་སོའི་ཚད་ཅན་གྱི་བསམ་ཚུལ་དག་ལས་ང་ཚོས་དངོས་པའི་གནས་ལུགས་ཀྱི་པར་རིས་ཆ་ཚང་མཐོང་མི་ཐུབ། ང་ཚོས་དངོས་པོ་རྣམས་ཀྱི་ཆ་ཚད་གཉིས་ལས་མཐོང་གི་མེད། འོན་ཀྱང་དེས་འདང་ངེས་ཤིག་མེད། ང་ཚོས་ཆོས་རྣམས་ཀྱི་ཆ་ཚད་གསུམ་མམ་བཞི། དྲུག་གི་ཐོག་ནས་མཐོང་ཐུབ་པ་དགོས། ང་ཚོས་དྲང་པོ་དྲང་གཞག་དང་གནས་ལུགས་དང་མཐུན་པའི་བརྟག་དཔྱད་བྱེད་པར། ཐོག་མར་སོ་སོའི་སེམས་ཞི་འཇམ་དུ་བཟོ་དགོས་པ་ཡིན།
འདིར་ཡང་། ཕན་བྱེད་དགེ་བའི་སེམས་ཚོར་དང་གནོད་བྱེད་མི་དགེ་བའི་སེམས་ཚོར་གྱི་ཁྱད་པར་ནི། གནད་དོན་དེ་དག་ཐམས་ཅད་རྟོགས་རྒྱུར་གལ་ཆེན་པོ་ཡིན། ང་ཚོ་ལོ་ན་སོན་པའི་སྐབས་རིམ་བཞིན་ལུས་གྲུབ་ཚུལ་གྱི་ཆ་རྐྱེན་ལས་བྱུང་བའི་སྙིང་རྗེ་ཇེ་ཆུང་དུ་འགྲོ་ཡི་ཡོད། བྱས་ཙང། སྙིང་རྗེ་ཤུགས་ཆེ་རུ་གཏོང་ཆེད་ང་ཚོར་དེའི་སྐོར་ལ་ཤེས་ཡོན་དང་སྦྱོང་བརྡར་དགོས་པ་ཡིན། གང་ལྟར་ཡང། ལུས་གྲུབ་ཚུལ་གྱི་ཐོག་ནས་བྱུང་བའི་སྙིང་རྗེ་ནི་ཕྱོགས་རེ་བ་ཡིན། གང་ཡིན་ཞེ་ན། དེ་ནི་གཞན་གྱི་བརྩེ་སེམས་འཐོབ་པར་གཞི་རྩ་བྱས་ཡོད་པ་རེད། འོན་ཀྱང་དེ་གཞི་རྩར་སྤྱད་ནས་སོ་སོའི་བརྟག་དཔྱད་ལ་རྒྱུ་མཚན་དང་ཚན་རིག་གི་རྒྱུ་རྐྱེན་ཁ་སྣོན་བརྒྱབ་ཚེ། ང་ཚོས་ལུས་གྲུབ་ཚུལ་གྱི་རིམ་པའི་སྙིང་རྗེ་དེ་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་ང་ཚོས་དེ་རྒྱ་སྐྱེད་དུ་གཏོང་ཐུབ། དེར་བརྟེན། སྦྱོང་བརྡར་དང་ཤེས་ཡོན་གྱི་ཐོག་ནས་ཕྱོགས་སུ་ལྷུང་བའི་སྙིང་རྗེ་ཚད་ཅན་དེ་འགྲོ་བ་མི་ཐེར་འབུམ་དྲུག་དང་དེ་ལས་བརྒལ་བར་ཁྱབ་པའི་ཚད་མེད་ཕྱོགས་རིས་མེད་པའི་སྙིང་རྗེ་ཞིག་ཆགས་ཐུབ་པ་ཡིན།
ཤེས་ཡོན་གྱི་གལ་གནད།
དེ་དག་ཚང་མའི་ལྡེ་མིག་ལྟ་བུ་ནི་ཤེས་ཡོན་ཡིན་པ་རེད། དེང་དུས་ཤེས་ཡོན་གྱིས་ཀླད་པ་དང་རྣམ་དཔྱོད་ཀྱི་ནུས་པ་ཡར་རྒྱས་ལ་དོ་སྣང་སྤྲོད་ཀྱི་ཡོད། འོན་ཀྱང་དེས་འདང་གི་མེད། ང་ཚོའི་ཤེས་ཡོན་ལམ་ལུགས་ནང་ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་པོ་ཡར་རྒྱས་གཏོང་ཐུབ་པ་ཞིག་དགོས། དེ་ནི་ང་ཚོར་སྔོན་འགྲོའི་སློབ་གྲྭ་ནས་བཟུང་མཐོ་སློབ་བར་དུ་དགོས་པ་ཡིན།
ཨ་རིའི་ནང་ཚན་རིག་པ་ཁ་ཤས་ཀྱིས། བྱིས་པ་རྣམས་ལ་སྙིང་རྗེ་དང་དྲན་ཤེས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་སྦྱོང་བརྡར་ཆེད་ཤེས་ཡོན་ལས་རིམ་གསར་འཛུགས་གནང་ཡོད། དེ་ནི་བྱིས་པ་དེ་དག་གི་སྐྱེ་བ་ཕྱི་མ་རྣམས་ཡར་རྒྱས་གཏོང་ཆེད་དང་། ཐར་པ་འཐོབ་ཆེད་དུ་ཕན་སེམས་བཅངས་ནས་བྱེད་ཀྱི་ཡོད་པ་མ་རེད་། འོན་ཀྱང་དེ་ནི་ཚེ་འདིའི་ཕན་པའི་ཆེད་དུ་བྱེད་ཀྱི་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་ཁ་ཤས་ནང་དུའང་སེམས་བཟང་པོ་དང་སྙིང་རྗེ་ཡར་རྒྱས་གཏོང་བའི་ཤེས་ཡོན་ལས་རིམ་འགའ་ཞིག་ཡོད་བཞིན་པ་རེད། དེ་འདྲའི་ཕྱོགས་ལྷུང་མེད་པའི་སྙིང་རྗེའི་རིགས་ནི་གཞན་གྱི་བློའི་ཁྱེར་ཕྱོགས་ཐོག་ལ་སེམས་གཏད་ཀྱི་མེད། འོན་ཀྱང་ཁོང་ཚོ་འགྲོ་བ་མིའི་རིགས་ཤིག་ཡིན་པ་ཁོ་ནའི་ཐོག་སེམས་གཏད་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་སའི་གོ་ལ་འདིའི་ཐོག་གི་མི་འབོར་ཐེར་འབུམ་དྲུག་གི་ཆ་ཤས་སུ་གཏོགས་པ་ཡིན་པས། འདྲ་མཉམ་གྱི་རྒྱུ་རྐྱེན་དེ་གཞི་རྩར་བྱས་པའི་ཐོག་སྐྱེ་བོ་ཐམས་ཅད་ལ་ང་ཚོའི་སྙིང་རྗེ་འོས་བབ་ཡོད་པ་ཡིན།
ཕྱི་ནང་གི་གོ་མཚོན་བཀག་སྡོམ།
ནང་སེམས་ཀྱི་ཞི་བདེ་དང་འཛམ་གླིང་ཞི་བདེའི་ཆེད་དུ་ང་ཚོར་ཕྱི་ནང་གཉིས་ཀའི་གོ་མཚོན་བཀག་སྡོམ་དགོས་པ་ཡིན། དེའི་དོན་ནི་ནང་སེམས་ཀྱི་རིམ་པའི་ཐོག་ནས་ང་ཚོས་སྙིང་རྗེ་ཡར་རྒྱས་དང་དེ་ནས་མཐའ་མར་གཞི་རྩ་དེའི་ཐོག་ང་ཚོས་ཕྱིའི་གནས་སྟངས་ཀྱི་རིམ་པའམ་རྒྱལ་ཁབ་ཚང་མའི་གོ་མཚོན་བསྡུ་ཐུབ་པ་ཡིན། དེ་ནི་ཧྥ་རན་སི་དང་འཇར་མན་གྱི་ཡུ་རོབ་དམག་དཔུང་སྡེ་ཁག་ (Franco-German European Army Corps) ཞིག་ཡོད་པ་དང་འདྲ་བས། དེ་ཡག་པོ་ཞེ་དྲག་རེད། གལ་ཏེ་ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཁྱོན་ཡོངས་ཀྱི་ཆེད་དུ་ཆིག་སྒྲིལ་གྱི་ནུས་པ་ཞིག་ཡོང་ཐུབ་པ་ཡིན་ན། འཐུས་མི་དེ་དག་ནང་ཁུལ་དབར་མཚོན་ཆའི་འཐབ་རྩོད་འོང་དོན་མེད།
ཐེངས་ཤིག་སྦ་ར་སེལ་སི་ (Brussels) དུ་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཞིག་ཚོགས་པ་དང་ངོས་ནས་མ་འོངས་པར་ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་རྣམས་ཤར་ཕྱོགས་ཏེ། ཤར་ཕྱོགས་ཡུ་རོབ་རྒྱལ་ཁབ། དཔེར་ན། པོའོ་ལེནྜ་ (Poland) ལྟ་བུའི་ནང་གནས་སྤོ་བྱུང་ན། ཕན་ཐོགས་དེ་བས་ཆེན་པོ་ཡོང་ངེས་རེད་ཅེས་བརྗོད་པ་ཡིན། དེ་ནས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ནང་དུའང་རྒྱ་སྐྱེད་གཏོང་བ་ དང་། དེ་ནས་མཐའ་མར་ནེ་ཊོའམ་ (NATO, བྱང་ཨེཊ་ལཱན་ཊིག་རྒྱ་མཚོ་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ཆིངས་ཡིག་སྒྲིག་འཛུགས་) ཞེས་པ་དེའི་སྤྱི་ཁྱབ་ལས་ཁུངས་རྣམས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) རུ་གནས་སྤོ་བྱེད་པ་ཡིན་ན་ཡག་པོ་ཡོང་ངེས་ཡིན། གལ་ཏེ་དེ་འདྲ་ཞིག་བྱུང་ན། འདིར་ཡུ་རོབ་ནང་ཞི་བདེ་འོང་བ་དང་དམག་འཁྲུག་གི་ཉེན་ཁ་མེད་པ་རེད། ད་ལྟའི་ཆར་ཨུ་རུ་སུ་དང་ཇོར་ཇི་ཡ་ (Georgia) གཉིས་ཀྱི་དབར་དཀའ་ངལ་འགའ་ཞིག་ཡོད། འོན་ཀྱང་ང་ཚོས་སོ་སོའི་རེ་བ་མ་བརླག་པ་བྱེད་དགོས།
ཞི་བདེ་རྒྱ་ཇེ་ཆེར་བསྐྲུན་པའི་ཐོག་དཔེར་ན། འདི་ག་ཧྥ་རན་སིར་ཡོད་པའི་གོ་མཚོན་བཟོ་ལས་ཁང་རྣམས་རིམ་བཞིན་སྒོ་བརྒྱབ་ཏེ། དཔལ་འབྱོར་ཡར་རྒྱས་དེ་བས་ཕན་འབྲས་ལྡན་པའི་རྣམ་པ་ཞིག་ཏུ་འགྱུར་ཐུབ། དེ་ག་ནང་བཞིན། དཔེར་ན། ཐང་ག་རིའི་ཚབ་ཏུ་བཟོ་གྲྭ་རྣམས་འཕྲུལ་གླང་བཟོ་སྐྲུན་ཆེད་བསྒྱུར་ཐུབ་པ་ལྟ་བུ་ཡིན།
ཨ་ཧྥེ་རི་ཁའི་ (Africa) རྒྱལ་ཁབ་རྣམས་ལ་ང་ཚོའི་རོགས་སྐྱོར་དགོས་གལ་ཆེན་པོ་ཡོད། ཕྱུག་པོ་དང་སྐྱོ་པོའི་དབར་གྱི་སྟོང་ཆ་ནི་དཀའ་ངལ་ཆེན་པོ་ཞིག་སྟེ། གོ་ལ་སྤྱི་ཙམ་དུ་མ་ཟད་ད་དུང་རྒྱལ་ཁབ་ཀྱི་རིམ་པའི་ཐོག་ནས་ཀྱང་་ཕྱུག་པོ་དང་སྐྱོ་པོ་དབར་གྱི་སྟོང་ཆ་ཡོད་པ་ནི་གང་ཙམ་གྱི་ཞེད་སྣང་ཚ་པོ་རེད། དཔེར་ན། ཧྥ་རན་སིའི་ (France) ནང་ཕྱུག་པོ་དང་སྐྱོ་པོ་གཉིས་དབར་ཀྱི་ཁྱད་པར་ཆེན་པོ་ཞིག་ཡོད། མི་ཁ་ཤས་ལྟོགས་ཤི་ཡང་ཐེབས་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་དང་ང་ཚོ་ཚང་མར་རེ་བ་དང་། དགོས་མཁོ། དཀའ་ངལ་གཅིག་མཚུངས་སུ་ཡོད། བྱས་ཙང་། ནང་སེམས་ཀྱི་ཞི་བདེ་བརྒྱུད་ཞི་བདེ་སྐྲུན་པའི་ཆེད་ང་ཚོས་གནད་དོན་དེ་དག་ཡོངས་རྫོགས་ལ་བསམ་མནོ་གཏོང་དགོས་པ་ཡིན།།