དྲང་བདེན་དང་། ཡིད་ཆེས། གྲོགས་འདྲིས།

Study buddhism dalai lama oa

བདེ་སྐྱིད་ཅེས་པ་གང་ཡིན་ནམ།

མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་སྟབས། དྲི་བ་ནི་བདེ་སྐྱིད་ཅེས་པ་གང་ཡིན་ནམ་ཞེས་པ་འདི་ཡིན། ཡིད་རྟོན་རུང་བ་དང་གཏན་གྱི་བདེ་སྐྱིད་དངོས་དེ་གང་ཡིན་ནམ། ང་ཚོས་དེར་བསམ་བློ་གཏིང་ཟབ་པོ་གཏོང་དགོས། བདེ་སྐྱིད་དམ་དགའ་ཚོར་ནི། གཙོ་བོ་ང་ཚོའི་དབང་པོའི་ཤེས་པ་བརྒྱུད་དེ་ཡོང་གི་ཡོད། དཔེར་ན། ཆོས་ཤིག་ཡིད་དུ་འོང་བ་མཐོང་བ་དང་། རྣ་བར་གཏམ་སྙན་པོ་ཐོས་པ། རོའམ་དྲི་ཞིམ་པོ་ཁ་བ་བཅས་ཀྱི་ཐོག་ནས་འདོད་པ་ཚིམས་ཡོང་གི་ཡོད། འོན་ཀྱང་དབང་ཤེས་ཀྱི་མྱོང་བར་བརྟེན་པའི་བདེ་བ་ནི་ཕྱིའི་སྣང་ཚུལ་ཙམ་ཞིག་ལས་མེད་པ་རེད། ཇི་སྲིད་དེར་མཐུན་རྐྱེན་འཛོམས་པོ་ཞིག་བྱུང་ན། རང་ལ་དགའ་ཚོར་རམ་བདེ་བ་ཡོང་ཞིང་། དེ་མ་ཐག་བསུན་གཙེར་ཅན་གྱི་སྐད་ཅོར་ཚ་པོ་ཞིག་བྱུང་ན། བདེ་བ་དེ་མེད་པ་ཆགས་འགྲོ་གི་ཡོད། ཡང་ན་མི་རྣམས་ཀྱིས་གཟུགས་མཐོང་བརྙན་འཕྲིན་ལ་བལྟས་ནས་བདེ་བ་འཐོབ་ཐབས་བྱེད་པ་དང་། དེ་མེད་པའི་སྐབས་ཆུ་ཚོད་གཅིག་ཙམ་གྱི་རྗེས་ནས་སེམས་ནང་ཉོབ་སྣང་སྐྱེ་གི་ཡོད། མི་ཁ་ཤས་སྐྱིད་པོ་གཏོང་རྒྱུ་དང་འཛམ་གླིང་གི་ས་ཆ་གང་སར་འགྲུལ་བཞུད་བྱ་རྒྱུར་དགའ་ཞིང་། རྒྱུན་དུ་ས་ཆ་དང་། རིག་གཞུང་། རོལ་དབྱངས། བྲོ་བ་སོགས་གསར་པ་མྱོང་བཞིན་ཡོད། ངའི་བསམ་པར། དེ་ནི་སེམས་ལ་སྦྱོང་བརྡར་བྱས་པ་བརྒྱུད་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་མེད་པའི་རྐྱེན་གྱིས་རེད་བསམ་གྱི་འདུག 

འོན་ཀྱང་ལོ་ནས་ལོ་བསྟུད་དབེན་པ་བསྟེན་ནས་མཚམས་སྒྲུབ་ཀྱི་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་དངོས་གནས་མི་ཚེ་སྐྱིད་ཤོས་དེ་ཉམས་སུ་མྱོང་གི་ཡོད། ཐེངས་ཤིག་སྦར་སེ་ལོ་ནར་ (Barcelona) ངོས་ལ་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་པ་ཞིག་ཐུག་བྱུང་། ཁོང་གི་དབྱིན་སྐད་དང་ངའི་དབྱིན་སྐད་འདྲ་པོ་ཞེ་དྲགས་འདུག །དེར་བརྟེན་ཁོང་དང་མཉམ་དུ་སྐད་ཆ་ཤོད་རྒྱུར་ང་རང་ལ་བློ་སྟོབས་ཆེ་བ་བྱུང་། གོ་སྒྲིག་པས་དགེ་འདུན་པ་དེ་ལོ་ལྔ་རིའི་སྟེང་སྒོམ་སྒྲུབ་གནང་སྟེ་བཞུགས་འདུག་ཅེས་གསུངས་བྱུང་། ངས་ཁྱེད་རང་རིའི་སྟེང་ག་རེ་གནང་ནས་བཞུགས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་སྐབས། ཁོང་གིས་བྱམས་བརྩེའི་ཐོག་སྒོམ་བརྒྱབ་ནས་བསྡད་པ་ཡིན་ཞེས་ལན་གནང་བྱུང་། དེ་གསུང་པའི་སྐབས་ཁོང་གི་སྤྱན་ནས་དངོས་གནས་རྣམ་འགྱུར་དམིགས་བསལ་ཅན་ཞིག་མངོན་ཞིང་། དེས་ཁོང་གིས་སེམས་ཀྱི་ཞི་བདེར་དངོས་གནས་དྲང་གནས་ལོངས་སུ་སྤྱོད་ཡོད་པ་སྟོན་གྱི་འདུག །དེར་བརྟེན་དེ་ནི་དབང་ཤེས་ཀྱི་མྱོང་བ་ལ་མ་བརྟེན་པར་གཏིང་ཟབ་པའི་རིན་ཐང་ཁ་ཤས་རང་རྒྱུད་དུ་སྐྱེད་པའི་སེམས་ཀྱི་ཞི་བདེའི་དཔེ་མཚོན་གཅིག་ཡིན། རྒྱུན་དུ་བྱམས་བརྩེའི་ཐོག་བསམ་བློ་བཏང་ནས་བཅོས་མིན་གྱི་ཞི་བདེ་བག་ཕེབས་བསྐྲུན་གྱི་ཡོད། 

དེར་བརྟེན་ངོས་ནས་གཏམ་བཤད་བྱེད་སྐབས། ཕྱི་ལུས་ཀྱི་བདེ་ཐང་ཆེད་ཕྱི་དངོས་པོའི་ཡར་རྒྱས་གལ་འགངས་ཆེ་ནའང་། ཕྱི་དངོས་པའི་རིན་ཐང་དེས་ནང་སེམས་ཀྱི་བདེ་ཐང་དང་དགའ་ཉམས་ནམ་ཡང་སྦྱིན་མི་ཐུབ་ཅེས་ངས་རྟག་ཏུ་ནན་བརྗོད་བྱེད་ཀྱི་ཡོད། སྐབས་རེ་མི་རྣམས་ཕྱུག་ཏུ་འགྲོ་སྐབས། འདོད་རྔམ་ཆེ་རུ་འགྲོ་བ་དང་། སེམས་ངལ་གནོན་ཤུགས་ཆེ་རུ་འགྲོ་གི་ཡོད། དེའི་འབྲས་བུ་ནི་སྐྱིད་པོ་མེད་པའི་མི་ཞིག་ཆགས་ཀྱི་ཡོད། རྒྱུ་མཚན་དེ་འདྲ་ཡིན་པ་སོང་ཙང་། མི་ཚེ་སྐྱིད་པོ་ཞིག་ཡོང་བར། ཕྱི་དངོས་པོའི་རིན་ཐང་གཅིག་པུར་ཡིད་ཆེས་བྱེད་མི་ཉན། དངོས་པོའི་མཐུན་རྐྱེན་རྣམས་ང་ཚོར་དགོས་མཁོ་ཅན་ཞིག་རེད། འོན་ཀྱང་དེའི་སྒང་ལ་ང་ཚོས་ནང་སེམས་ཀྱི་རིན་ཐང་ལ་དོ་ནན་པོ་བྱས་ཏེ་བལྟ་དགོས། ང་ཚོ་ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་ལྟོས་པར། ཇི་སྲིད་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་དེ་སྲིད་དུ་ནང་སེམས་ཀྱི་ཞི་བདེ་ནི་མེད་དུ་མི་རུང་བ་ཞིག་ཡིན།

བརྙན་པར། ༸གོང་ས་མཆོག “མི་ཚེ་དོན་དང་ལྡན་པའི་གོ་དོན།” 

སེམས་ཀྱི་ཞི་བདེ་དང་ལུས་ཀྱི་འཕྲོད་བསྟེན།

ཚན་རིག་པ་ཁ་ཤས་ཀྱིས་ཁོང་ཚོའི་རྙེད་དོན་ལྟར་བྱས་ན། སེམས་ནང་སེམས་ངལ་གནོན་ཤུགས་ཧ་ཅང་ཆེ་དྲགས་པ་ལ་བརྟེན་ནས་ཁྲག་ཤེད་དང་དཀའ་ངལ་གཞན་མང་པོ་བཟོ་ཚུལ་བརྗོད་ཀྱི་ཡོད། དེ་བཞིན་སྨན་དཔྱད་ཚན་རིག་པ་ཁ་ཤས་ཀྱིས། སེམས་ནང་རྒྱུན་དུ་འཇིགས་སྣང་དང་། ཁོང་ཁྲོ། ཞེ་སྡང་ཡོད་པས་ང་ཚོའི་ནད་འགོག་མ་ལག་ཟད་འགྲོ་གི་ཡོད་ཚུལ་བརྗོད་ཀྱི་ཡོད། དེར་བརྟེན་འཕྲོད་བསྟེན་ཡག་པོ་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ནི་སེམས་ཀྱི་ཞི་བདེ་ཡིན། གང་ཡིན་ཞེ་ན། སེམས་དང་ལུས་ཀྱི་འཕྲོད་བསྟེན་གཉིས་ནི་ཕན་ཚུན་ཧ་ཅང་འབྲེལ་བ་ཉེ་པོ་ཡོད་པས་ཡིན། ངོས་རང་གི་ཉམས་མྱོང་ལ་མཚོན་ན། ལོ་གཉིས་ཀྱི་སྔོན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། གསར་འགོད་པ་གཅིག་གི་ངའི་ཡང་སྲིད་སྐོར་ལ་སྐད་ཆ་དྲིས་བྱུང་། ངས་ཀྱལ་ཀའི་ཚུལ་དུ་ཁོང་ལ་བལྟས་ནས། ངའི་མིག་ཤེལ་མར་ཕུད་དེ། “ངའི་གདོང་ལ་བལྟས་ནས་ཚོད་དཔག་བྱས་ན། ངའི་ཡང་སྲིད་ཀྱི་སྐོར་དེ་ཛ་དྲག་དང་བྲེལ་བ་འདུག་གམ་མི་འདུག” །ཅེས་ཁོང་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས་བྲེལ་བ་མི་འདུག་ཅེས་བརྗོད་ཀྱི་འདུག 

ཉེ་ཆར་ང་ཡུ་རོབ་ཏུ་འགྲོ་སྐབས། གྲོགས་པོ་སྙིང་པ་འགའ་ཞིག་གིས། ལོ་ཉི་ཤུ་དང་། སུམ་ཅུ། ད་དུང་ལོ་བཞི་བཅུའི་གོང་དུ་བརྒྱབ་པའི་ངའི་འདྲ་པར་རྣམས་བསྡུར་ནས་མི་ཚང་མས་ངའི་ངོ་གདོང་ནས་ད་དུང་གཞོན་ཉམས་མངོན་གྱི་འདུག་ཟེར། མི་ཚེའི་ནང་ངས་དཀའ་ངལ་གྱི་ཁེངས་པའི་དུས་ཚོད་ཁག་པོ་ཤ་སྟག་འགྲིམས་ནས་ཡོང་བ་ཁྱེད་རང་ཚོས་ཕལ་ཆེར་ཤེས་ཐུབ་ཅིང་། སེམས་འཚབ་དང་། སེམས་ཞུམ་པ། ཁེར་རྐྱང་གི་ཚོར་བ་སྐྱེ་བའི་རྐྱེན་ཧ་ཅང་མང་པོ་ཕྲད་ཡོད། འོན་ཀྱང་ངའི་བསམ་པར། རང་གི་སེམས་ཀྱི་གནས་སྟངས་ལྟོས་བཅས་ཀྱི་སྒོ་ནས་ཞི་བདེ་དང་ལྡན་པ་ཡོད། སྐབས་རེ་ང་རང་རླུང་ལངས་པ་བྱུང་ཡོད་ནའང་། རྩ་བའི་ཆ་ནས་ངའི་སེམས་ཀྱི་གནས་བབས་ནི་གང་ལ་གང་འཚམ་གྱི་ཞི་འཇམ་པོ་ཡོད། 

དེ་བཞིན་བྱུག་རྫས་ཀྱི་རིགས་ལ་དངུལ་མང་པོ་འགྲོ་སོང་གཏོང་མཁན་བུད་མེད་གཞོན་ནུ་ཚོར་ངས་སྙད་རྐོ་འདོད་བྱུང་། དང་པོ་སོ་སོའི་ཁྱོ་གས་ཧ་ཅང་གོང་ཆེན་པོ་འདུག་ཅེས་རྙོག་དྲ་ཤོད་སྲིད། གང་ལྟར་ཡང་། ཕྱི་ལུས་ཀྱི་མཛེས་ཉམས་གལ་ཆེ་ནའང་། དེ་ལས་ནང་སེམས་ཀྱི་མཛེས་ཉམས་གལ་ཆེ་བ་ཡིན། རང་ལ་གདོང་པ་མཛེས་པོ་ཞིག་ཡོང་སྲིད། འོན་ཀྱང་མདོག་ཉེས་པོ་ཡོད་ཀྱང་བཅོས་མིན་གྱི་འཛུམ་མདངས་དང་བརྩེ་བའི་ཉམས་ཤིག་ཐོན་ན་མཛེས་བཟོའི་བྱུག་རྫས་མེད་ནའང་སྙིང་རྗེ་པོ་མཐོང་བ་ཡོད། དེ་ནི་མཛེས་སྡུག་དངོས་གནས་དེ་རེད། རིན་ཐང་ངོ་མ་དེ་ང་ཚོའི་རྒྱུད་ལ་ཡོད། ཕྱིའི་མཐུན་རྐྱེན་ལ་འགྲོ་སོང་མང་པོ་གཏོང་དགོས་ཤིང་། ཚོང་ཁང་དང་སྣ་འཛོམས་ཁྲོམ་ར་གང་ཆེ་ཆེ་དགོས་པ་སོགས་རྒྱུན་དུ་ག་ཚོད་བྱུང་ནའང་ད་དུང་དེ་ལས་མང་བ་དགོས་འདོད་ཡོང་གི་ཡོད། འོན་ཀྱང་ནང་སེམས་ཀྱི་ཞི་བདེར་འགྲོ་གྲོན་གཏོང་མི་དགོས། ནང་སེམས་ཀྱི་རིན་ཐང་དེ་དག་ལ་བསམས་ནས་གོམས་འདྲིས་བསྟེན་ཐབས་བྱས་ན། རིམ་གྱིས་ཉོན་མོངས་རྣམས་ཤུགས་ཆུང་དུ་འགྲོ་ངེས་ཡིན། དེ་ལ་བརྟེན་ནས་ནང་སེམས་ཀྱི་ཞི་བདེ་ཡོང་གི་ཡོད། 

གཞན་གྱི་བདེ་དོན་ལ་བཅངས་པའི་སྙིང་རྗེའི་བསམ་ཕྱོགས་སམ་སེམས་ཁུར་གྱི་ཚོར་བས་རང་གིས་རང་ལ་གདེང་སྤོབས་བསྐྲུན་གྱི་ཡོད། རང་ལ་གདེང་སྤོབས་ཡོད་ན། རང་གི་བྱ་གཞག་ཚང་མ་ངོ་ལྐོག་མེད་པ་ཕྱི་གསལ་ནང་གསལ་དང་། བདེན་པ་བདེན་ཐུབ། དྲང་པོ་དྲང་གཞག་ངང་ལེགས་གྲུབ་ཡོང་ཐུབ། དེ་ལ་བརྟེན་ནས་གཞན་ལ་ཡིད་ཆེས་སྟེར་ཐུབ་པ་དང་ཡིད་ཆེས་ནི་གྲོགས་འདྲིས་ཀྱི་གཞི་རྟེན་ཡིན། ང་ཚོ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཡིན་སྟབས་ང་ཚོར་གྲོགས་པོ་དགོས་ཀྱི་ཡོད། གྲོགས་པོ་ནི་ཡིན་གཅིག་མིན་གཅིག་དབང་ཆའམ་དངུལ། ཡང་ན་ཤེས་བྱ་ཡོན་ཏན་བཅས་ལ་བརྟེན་ནས་མི་འབྱུང་བར། རྒྱུ་རྐྱེན་གཙོ་བོ་ནི་ཡིད་ཆེས་ཡིན། དེར་བརྟེན་གཞན་གྱི་མི་ཚེ་དང་བདེ་དོན་ལ་སེམས་འཁུར་དང་གུས་བརྩིའི་འདུ་ཤེས་ནི་གྲོས་མོལ་གྱི་རྨང་གཞི་ཡིན།།

Top