མི་ཚེའི་ནང་བཟང་སྤྱོད་དང་ལྡན་པའི་སྤྱོད་ཚུལ་སྟོན་པར་ཆོས་ལུགས་ནི་དགོས་ངེས་ཅན་ཞིག་མིན་ཞེས་ཡིད་ཆེས་བྱེད་མཁན་གྱི་མི་མང་པོ་ཡོད། ཁོང་ཚོས་བྱམས་པ་དང་སྙིང་རྗེ་ལྟ་བུའི་རིན་ཐང་རྣམས་ཆོས་ལུགས་གང་ལའང་ལྟོས་མི་དགོས་པ་ཡིན་པར་ཚོར་གྱི་ཡོད། ངོས་ནས་རིན་ཐང་དེ་དག་ལ་ “གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་” གམ་ “གོ་ལ་སྤྱིའི་དད་པ་དང་ཡིད་ཆེས་” ཞེས་བརྗོད་ཀྱི་ཡོད། ཐ་ན་ཆོས་ལུགས་མེད་པ་དང་ཆོས་ལ་ཡིད་ཆེས་མེད་མཁན་ཚོས་ཀྱང་སོ་སོའི་མི་ཚེའི་ནང་བཟང་སྤྱོད་ཀྱི་རྣམ་གཞག་གོང་འཕེལ་གཏོང་ཆོག
གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་གི་རྗེས་སུ་དཔགས་པའི་གཞི་རྩ་ནི་ང་ཚོ་ཚང་མ་བདེ་བ་འདོད་པ་དང་། བརྩེ་བ་འདོད་པ། གུས་ཞབས་འདོད་པ་བཅས་མཐའ་གཅིག་ཏུ་མཉམ་པ་དེ་རེད། རྒྱ་གར་གྱི་རྩ་ཁྲིམས་ནི་གོ་ལའི་རིང་ལུགས་ཀྱི་སྤྱི་ཡོངས་རྩ་དོན་ལ་གཞི་རྩ་བྱས་ཡོད་པ་དང་། དེས་སྲོལ་རྒྱུན་ལམ་ལུགས་དང་ཆོས་ལུགས་ཡོངས་སུ་རྫོགས་པར་རིས་སུ་མ་ཆད་པའི་སྒོ་ནས་གུས་ཞབས་བྱེད་ཀྱི་ཡོད། རྒྱ་གར་གྱི་གནའ་བོའི་ཤེས་བྱ་རིག་པའི་གནས་ཀྱི་དམིགས་ཡུལ་ནི་རྟག་ཏུ་བཟང་སྤྱོད་ཀྱི་ཤེས་ཡོན་དང་བཟང་སྤྱོད་ཀྱི་ཤེས་རྒྱ་ལ་བརྟེན་ནས་འཛམ་གླིང་འདི་སྔར་བས་ཞི་བདེ་ཆེ་བ་ཞིག་ཏུ་སྐྲུན་རྒྱུ་དེ་ཡིན་པ་རེད། དོན་ངོ་མར་ཤེས་ཡོན་གྱིས་ཚན་རིག་དང་། དཔལ་འབྱོར། ཆབ་སྲིད། འཕྲུལ་ལས་རིག་པ། སྒྱུ་རྩལ་རིག་པ། རྩོམ་རིག་བཅས་ཀྱི་རིག་པའི་གནས་ལ་འགྱུར་བ་དང་གོང་འཕེལ་ཕྱིན་པའི་མཚམས་རྡོ་བཙུགས་ཡོད་པ་རེད། འོན་ཀྱང་། དེང་སང་མི་དཀྱུས་མར་ཕྲད་པའི་དཀའ་ངལ་དང་བསྡུར་ན། དེ་དག་ནི་ཡིད་ལ་མི་འཐད་པ་ཞིག་མིན་ནམ།
འཕོ་འགྱུར་གྱི་ཆོས་ཁྲིད་བྱེད་སྟངས་ནི་འགྲོ་བ་མི་ཐམས་ཅད་ནང་མི་གཅིག་ཡིན་པའི་གོ་ལ་སྤྱིའི་རྩ་དོན་ལ་གཞི་རྩ་བྱས་ཡོད། སློབ་ཕྲུག་ཚོའི་སེམས་དང་སེམས་ཚོར་གྱི་ནུས་པ་ཆ་ཚང་བ་དེ་རྟོགས་པར། འགྲོ་བ་མིའི་རང་གཤིས་དང་དྲང་བདེན་གྱི་ཁྱད་ཆོས་དེ་བཞིན་རྒྱུ་མཚན་རིགས་པ་དང་། གཞན་ཚོར་ཤེས་ནུས་ཀྱི་འདུ་ཤེས། བཟང་སྤྱོད་ཀྱི་རྒྱུ་མཚན་དང་སྙམ་སེམས་པའི་ཤེས་རྟོགས་ལྟ་བུ་དབང་པོའི་ནུས་པ་རྣམས་དགོས་ཀྱི་ཡོད། གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་དང་བྲལ་བའི་ཤེས་ཡོན་ནི་ཕལ་ཆེར་རྟག་ཏུ་དཔལ་འབྱོར་ཡར་རྒྱས་དང་སྒོ་བསྟུན་ནས་ཡོད་པ་དང་། དེས་སྒེར་སོ་སོའི་རིམ་པའི་ཐོག་ནས་སེམས་ཀྱི་དཀའ་ངལ་སེལ་གྱི་མེད་ལ། རྒྱ་ཆེ་ས་ནས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་གྱི་མེད།
གལ་ཏེ་འཕྲུལ་ལས་རིག་པའི་འགྱུར་ལྡོག་གིས་ “བྱེད་ལུགས་བྱེད་སྟངས་” གསར་པ་གོང་འཕེལ་གཏོང་བཞིན་ཡོད་ན། གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་གིས་ “སྤྱི་ཚོགས་ནང་བྱ་སྤྱོད་སྤེལ་སྟངས་” གསར་པ་ཞིག་གོང་འཕེལ་གཏོང་གི་ཡོད། སེམས་ཅན་རྣམས་བྱེད་ལུགས་གསར་པ་དེ་ལ་འཇུག་པའི་སྐབས། འཕེལ་འགྱུར་འབྱུང་གི་ཡོད། འཕྲུལ་ལས་རིག་པའི་འཕེལ་རྒྱས་མྱུར་པོ་ལ་བརྟེན་ནས་གོ་ལ་སྤྱིའི་བཟང་སྤྱོད་ཀྱིས་རང་གིས་རང་ལ་བསྒྱུར་བཅོས་གཏོང་ཚུལ་ལ་གསལ་འདོན་ཇི་ལྟར་བྱེད་པ་དང་། འགྲོ་བ་མིའི་ཆེད་དུ་ཞི་བདེ་དང་རང་དབང་ཇི་ལྟར་སྐྲུན་པ། དེ་བཞིན་ང་ཚོས་སོ་སོ་རང་ཉིད་ཀྱི་གཤིས་སྤྱོད་བརྟན་པོ་དང་རྒྱུན་གནས་ཐུབ་པ་ཞིག་ཇི་ལྟར་སྐྲུན་གྱི་ཡོད་པའི་ཛ་དྲག་གི་དྲི་བ་དེ་དག་འབྱུང་གི་ཡོད།
སེམས་གུ་ཡངས་དང་གོ་ཤེས་ཅན་མེད་པར་ང་ཚོ་ཡར་རྒྱས་འགྲོ་མི་ཐུབ། དགེ་སློབ་གཉིས་ཀར་འཕོ་འགྱུར་དགོས་ཀྱི་ཡོད། གལ་ཏེ་ཁྱེད་རང་མི་བཟང་པོ་ཞིག་བྱེད་འདོད་ན། བཟང་སྤྱོད་ཀྱི་ཐབས་ལམ་དང་རིན་ཐང་རྣམས་དང་ལེན་བྱེད་པ་ལས་ཐབས་གཞན་མེད། ང་རང་ལ་མཚོན་ན། སོ་སོ་རང་ཉིད་ཀྱི་ངོ་བོ་ཞིག་ཡོད་ནའང་། སྤྱི་ཚོགས་ནང་གྲངས་མང་པོ་ཡོད་པའི་བདེན་དོན་ལ་ངས་ངེས་པར་དུ་ཁས་ལེན་བྱེད་དགོས་ཀྱི་ཡོད། གོ་ལ་སྤྱིའི་བཟང་སྤྱོད་ཀྱིས་ང་ཚོ་སྔར་ལས་བརྟན་པ་དང་རང་གི་ནུས་པའི་རྩལ་རྟོགས་པར་བྱེད་ཀྱི་ཡོད། སྐབས་རེར་མི་རྣམས་ཀྱིས། གལ་ཏེ་ཁྱེད་རང་ཕྱི་དངོས་གཙོ་སྨྲ་བའི་འཛམ་གླིང་ནང་རྒྱལ་ཁ་ལོན་མཁན་ཞིག་ཆགས་འདོད་ན། ཁྱེད་ཀྱིས་བཟང་སྤྱོད་ཀྱི་རྣམ་གཞག་བློས་གཏོང་བྱེད་དགོས་ཞེས་བསམས་ནས་མགོ་རྨོངས@་ཀྱི་ཡོད།
འོན་ཀྱང་། ཐ་ན་དངོས་གཙོ་སྨྲ་བའི་འཛམ་གླིང་ནང་། གལ་ཏེ་ཁྱེད་རང་ཐེར་འབུམ་བདག་པོ་ཞིག་ཆགས་འདོད་ཡོད་ན། ཁྱེད་རང་གཞན་གྱི་བློ་ལྟོས་རུང་བ་ཞིག་ཆགས་དགོས་ཀྱི་ཡོད། བློ་ལྟོས་རུང་བ་ཞིག་ཆགས་པར། ཁྱེད་རང་བཟང་སྤྱོད་དང་ལྡན་ཞིང་དྲང་ཚུགས་ཅན་དགོས། གལ་ཏེ་ཁྱེད་ཀྱི་ནང་དུ་ཁ་ལག་བཟོ་མཁན་ཧ་ཅང་ཡག་པོ་ཞིག་ཡོད་པ་དང་ཁྱེད་ཀྱིས་དེ་ལ་རྗེས་སུ་ཡི་རང་གི་བསྔགས་བརྗོད་མང་པོ་བྱེད་ཀྱི་ཡོད། ཡིན་ནའང་། ཉིན་གཅིག་ཁ་ལག་བཟོ་མཁན་དེས་ཁྱེད་ཀྱི་སྦ་ཁུག་ནས་དངུལ་རྐུས་པ་ཤེས་རྟོགས་བྱུང་ན། ཁྱེད་ཀྱིས་མ་བྱན་དེ་ཕྱིར་འབུད་གཏོང་ངེས་རེད། གལ་ཏེ་ཁྱེད་ཀྱིས་སོ་སོ་རང་ཉིད་ལས་གོ་ས་དམའ་བའི་མི་རྣམས་ཀྱི་དྲང་བདེན་མིན་པའི་སྤྱོད་ཚུལ་ལ་བཟོད་ཐུབ་ཀྱི་མེད་ན། ཁྱེད་ཀྱི་དྲང་བདེན་མིན་པའི་བྱ་སྤྱོད་དེ་སོ་སོ་ལས་གོ་ས་མཐོ་བའི་འགོ་དཔོན་གྱིས་ངོས་ལེན་བྱེད་ཀྱི་རེད་ཅེས་རེ་བ་ཇི་ལྟར་བྱེད་དམ།
གནད་དོན་དེ་དག་ནི་གོ་རྟོགས་རྙེད་རྒྱུ་ཧ་ཅང་ལས་སླ་པོ་རེད། རྙོག་འཛིངས་ཅན་ཞིག་རྩ་ནས་མིན།།