སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར། གོ་ལ་སྤྱིའི་མི་སེར་ཞིག་ཆགས་པ།

སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་སློབ་གཉེར། ཨེ་མོ་རི་སློབ་ཆེན་ཁང་། སྒྲོམ་གཞི་སྙིང་བསྡུས།

སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར་འདི་བཞིན་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་ནས་སྤེལ་བའི་ལས་རིམ་ཞིག་ཡིན་པ་རེད། འདིའི་དམིགས་ཡུལ་ནི་སེམས་ཚོར་གྱི་ཐོག་ནས་བདེ་ཐང་དང་བཟང་སྤྱོད་ཀྱི་ཐོག་ནས་འོས་འགན་ཡོད་པའི་མི་སྒེར་དང་། སྤྱི་ཚོགས་ཀྱི་སྡེ་ཁག །དེ་ལས་ཀྱང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་མི་སྡེ་བཅས་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་རེད། དུམ་ཚན་གསུམ་པའམ་མཐའ་མ་སྟེ། སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར། གོ་ལ་སྤྱིའི་མི་སེར་ཆགས་པ་ཞེས་པའི་ནང་། ང་ཚོའི་འཛམ་བུ་གླིང་འདི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཚུལ་དང་། འགྲོ་བ་མི་ཚང་མར་བདེ་སྐྱིད་ལ་ཐུན་མོང་གི་འདོད་འདུན་ཞིག་ཇི་ལྟར་ཡོད་པའི་ཚུལ། དེ་བཞིན་གོ་ལ་སྤྱིའི་རིམ་པར་འགྱུར་བ་གཏོང་བར་ང་ཚོའི་ངོས་ནས་མཐུན་རྐྱེན་ཇི་ལྟར་སྦྱོར་ཐུབ་པ་བཅས་རྟོགས་ཀྱི་ཡོད།

ང་ཚོར་གནས་སའི་འཛམ་གླིང་ནི་རྙོག་འཛིངས་ཇེ་ཆེར་འགྲོ་བཞིན་པ་དང་གོ་ལ་སྤྱི་ཡོངས་དང་ཕན་ཚུན་རྟེན་ཅིང་འབྲེལ་ནས་ཡོད། ད་ལྟ་དང་མ་འོངས་པའི་མི་རབས་ཚོས་འཕྲད་བཞིན་པ་དང་འཕྲད་པར་འགྱུར་བའི་དཀའ་ངལ་དང་རྩོད་ལེན་མང་པོ་དེ་དག་གི་རང་བཞིན་ནི་རྒྱ་སྐྱེད་ཅན་དང་ཕུགས་རྒྱང་རིང་པོ་ཡིན་པ་རེད། དཀའ་ངལ་དེ་དག་སེལ་བའི་ཐབས་ལ་བསམ་བློའི་ཁྱེར་སོ་གསར་པ་ཞིག་དང་། དེ་བཞིན་མཉམ་རུབ་དང་། ཤེས་བྱ་སྣ་མང་། གོ་ལ་སྤྱི་ལ་ཁ་ཕྱོགས་པའི་དཀའ་ངལ་སེལ་ཐབས་ཤིག་ངེས་པར་དུ་དགོས་ཀྱི་ཡོད། འཛམ་གླིང་གི་བྱ་བར་འཇུག་པའི་ཆེད་སྙིང་རྗེ་ཁོ་ནས་འདང་ངེས་ཤིག་མིན། ང་ཚོས་སྙིང་རྗེའི་སྟེང་དུ་རང་སོ་སོ་གནས་སའི་རྒྱ་ཆེ་བའི་ལམ་ལུགས་ཁག་གི་གོ་རྟོགས་ལ་གཞི་བྱས་པའི་འགན་ཡོད་ཀྱི་ཐག་གཅོད་བྱེད་མཁན་དེ་ཁ་སྐོང་དགོས་ཀྱི་ཡོད། 

གོ་ལ་སྤྱི་ཡོངས་ཀྱི་གནས་ནི་ཐོག་མར་དཔའ་ཞུམ་པ་ཞིག་ཏུ་སྣང་སྲིད་ནའང་། དེ་ནི་སྒེར་སོ་སོ་དང་སྤྱི་ཚོགས་ཀྱི་གནས་ནང་འཚོལ་ཞིབ་བྱས་པའི་ཤེས་བྱ་དང་ཐབས་རྩལ་གཅིག་པའི་སྟེང་དུ་བསྐྲུན་ཡོད་པ་རེད། དེ་ནི་ང་ཚོའི་སྤྱི་ཚོགས་མི་སྡེ་དང་། སྤྱི་ཚོགས། གོ་ལ་སྤྱིའི་སྤྱི་ཚོགས་མི་སྡེ་ལ་རྒྱ་སྐྱེད་བཏང་བ་ཙམ་རེད། འདིར་བརྡ་དོན་ནི་ང་ཚོས་སོ་སོ་རང་ཉིད་དང་གཞན་གྱི་སྤྱོད་ལམ་རྟོགས་ཚུལ་ཇི་བཞིན་དུ་ལམ་ལུགས་བཀོལ་སྤྱོད་བྱེད་ཚུལ་རྟོགས་པའི་ནུས་པ་དེའང་རང་བཞིན་ལྷན་སྐྱེས་ཡིན་པ་རེད། དྲན་ཤེས་འདི་གཏིང་ཟབ་ཏུ་གཏོང་བ་དང་རྙོག་འཛིངས་ཅན་གྱི་གནས་སྟངས་ལ་བརྟག་ཞིབ་ཀྱི་བསམ་བློ་སྤྱད་དེ་བཟང་སྤྱོད་ཀྱི་བྱ་བར་འཇུག་ཚུལ་དེ་འབྱུང་ཐུབ་པ་ཡིན། དཀའ་ངལ་སེལ་ཐབས་དེ་ཕྱོགས་ཡོངས་ཀྱི་རྒྱུད་རིམ་ཞིག་ཆགས་པ་དང་། དཀའ་ངལ་རྣམས་ཆུང་ངུ་དང་མཐུད་མཚམས་འཕྲལ་བའི་དུམ་བུར་གཏོར་བའི་ང་ཚོའི་བསམ་བློའི་ཞེན་ཕྱོགས་དེ་སྤོང་བཞིན་ཡོད། 

གོ་ལ་སྤྱི་ཡོངས་ཀྱི་གནས་ནི་གཤམ་གྱི་བརྗོད་གཞི་ལ་བརྟེན་ནས་འཚོལ་ཞིབ་བྱས་ཡོད་པ་སྟེ།

  • རྟེན་ཅིང་འབྲེལ་བར་འབྱུང་བར་ཡི་རང་བྱེད་པ།
  • འགྲོ་བ་མི་ཐུན་མོང་གིས་མཉམ་སྤྱོད་བྱེད་པ་དེ་ངོས་འཛིན་པ།
  • སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱིའི་བྱ་བར་འཇུག་པ།

རྟེན་ཅིང་འབྲེལ་བར་འབྱུང་བར་ཡིང་རང་བྱེད་པ།

རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནི་ཆོས་རྣམས་སྐབས་དོན་རྒྱུ་རྐྱེན་ལ་མ་ལྟོས་པར་མི་འབྱུང་ཞིང་། ཆོས་རྣམས་གནས་པར་རྒྱུ་རྐྱེན་གཞན་སྣ་ཚོགས་པ་ལ་བརྟེན་ནས་ཡོད། དཔེར་ན། ང་ཚོས་བཟའ་བའི་ཟས་སྟབས་བདེ་ཞིག་ལ་མཚོན་ན། གལ་ཏེ་ང་ཚོས་ཟས་ནང་དུ་ཡོད་པའི་རྫས་ཆའི་རིགས་གང་ནས་བྱུང་བའི་སྐོར་ཕྱི་བལྟས་ཀྱིས་འཚོལ་ཞིབ་བྱས་ན། དེ་ནི་འབྱུང་ཁུངས་སྣ་ཚོགས་པ་དང་མི་སྒེར་པ་མང་པོ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད། རྟེན་འབྲེལ་ཟེར་བ་དེ་ས་ཁུལ་གཅིག་གི་ནང་འགྱུར་བ་འགྲོ་བ་དེས་ས་ཕྱོགས་གཞན་ཞིག་ཏུ་འགྱུར་བ་འགྲོ་བའི་རྒྱུ་བྱེད་ཀྱི་ཡོད་པའི་དོན་ཀྱང་ཡིན་པ་རེད། འབྲས་བུ་ལྟ་བུར་མཚོན་ན། དེ་ལ་རྒྱུ་ཡོད་པ་དང་དེ་ནི་དོན་ངོ་མར་རྒྱུ་དང་རྐྱེན་མི་འདྲ་བ་སྣ་ཚོགས་པ་ལ་བརྟེན་ནས་འབྱུང་སྲིད་པ་རེད། 

རྟེན་འབྲེལ་ལ་བསམ་ཞིབ་བྱེད་པའི་དགོས་དོན་ནི་ང་ཚོའི་འཇིག་རྟེན་གྱི་ལམ་ལུགས་ཇི་ལྟར་བྱ་བ་བྱེད་ཀྱི་ཡོད་པའི་ཤེས་སྟོབས་ཀྱི་གོ་བ་ཙམ་སྐྱེད་པའི་ཆེད་དུ་མིན་པར། སོ་སོའི་ཤེས་རྒྱ་དེ་རང་ཉིད་དང་། གཞན། འཇིག་རྟེན་ཁྱོན་ཡོངས་ལ་སེམས་འཁུར་དང་བཅས་མཉམ་སྤྱོད་བྱ་རྒྱུ་དེ་རེད། ང་ཚོས་རྟེན་འབྲེལ་དེ་ལྟ་ཚུལ་གཉིས་ཀྱི་སྒོ་ནས་འཚོལ་ཞིབ་བྱེད་ཆོག དེ་ཡང་།

  • རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལུགས་རྟོགས་པ།
  • ལམ་ལུགས་ཀྱི་སྐབས་དོན་ཞིག་གི་ནང་ཡོད་པའི་སྒེར་སོ་སོ།

རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལུགས་རྟོགས་པ་ནི་“ནང་”དང་“གཞན་”གྱི་དམིགས་གཏད་ཅིག་ནས་རྒྱ་ཆེ་བའི་ལམ་ལུགས་ཀྱི་“ཕྱིའི་”དམིགས་གཏད་ལ་སྤོ་བ་དང་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོས་སོ་སོའི་དོ་སྣང་དེ་རྟེན་འབྲེལ་དང་གོ་ལ་སྤྱིའི་ལམ་ལུགས་ཀྱི་རྩ་བའི་རྣམ་གཞག་རྟོགས་པའི་ཕྱིར་དུ་ཁ་ཕྱོགས་ཀྱི་ཡོད། དཔེར་ན། རྒྱུ་དང་འབྲས་བུ་ལྟ་བུ་རེད། ལམ་ལུགས་ཀྱི་སྐབས་དོན་ཞིག་གི་ནང་དུ་ཡོད་པའི་སྒེར་སོ་སོ་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་ཀྱི་འཚོ་གནས་དེ་རང་གི་ཉེ་འཁོར་དུ་ཡོད་པའི་གཞན་རྣམས་ལྟར་མགོ་རྙོག་དང་བཅས་བྱུང་རྐྱེན་དང་རྒྱུ་རྐྱེན་ཧ་ཅང་མང་པོ་དང་འཛམ་གླིང་གང་སར་ཡོད་པའི་མི་རྣམས་དང་འབྲེལ་བ་ཇི་ལྟར་ཆགས་ཡོད་པ་དེ་ངོས་འཛིན་གྱི་ཡོད། 

རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལུགས་རྟོགས་པ།

རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རང་བྱུང་གི་ཆོས་ཉིད་དང་འགྲོ་བ་མིའི་གཞི་རྩའི་དངོས་པོའི་གནས་ལུགས་དེ་ཡིན་པ་རེད། ཟས་གོས་གནས་མལ་དང་ཆུ་དང་བཅས་པའི་གཞི་རྩའི་དགོས་མཁོ་རྣམས་མཁོ་སྤྲོད་ཕྱིར་ལས་ཀ་བྱེད་མཁན་དང་དེ་བཞིན་ཤེས་ཡོན་དང་། ཁྲིམས་ལག་ལེན་བསྟར་ཕྱོགས། གཞུང་། ཞིང་ལས། འགྲིམ་འགྲུལ། འཕྲོད་བསྟེན་ལྟ་སྐྱོང་ལ་སོགས་པར་འགན་ཡོད་ཀྱི་སློབ་གཉེར་ཁང་གྲངས་ལས་འདས་པའི་རྨང་གཞིའི་མཐུན་རྐྱེན་གྱི་རྒྱབ་སྐྱོར་མེད་པར། མི་སུ་གཅིག་ཀྱང་མི་ཚེ་རྒྱུན་སྲིང་མི་ཐུབ་པ་དང་ཡར་རྒྱས་འགྲོ་མི་ཐུབ་པ་ཡིན། ཕྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ལྟ་བུ་ཧ་ཅང་ཡོངས་ཁྱབ་བྱས་པ་བཏང་བའི་དཀའ་ཉེན་གྱི་རིགས་ཆེ་ཁག་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་གདུག་རྩུབ་ཀྱི་རྩོད་རྙོག་གི་ཐད་ལ་སེམས་འཁུར་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་དག་གིས་གོ་ལ་སྤྱི་ཡོངས་ཀྱི་རིམ་པའི་ཐོག་ནས་དཔལ་འབྱོར་དང་སྣོད་བཅུད་རིག་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལྟ་བུ་མིག་སྟོན་གསལ་བཤད་བྱེད་ཀྱི་ཡོད། 

སྲོལ་རྒྱུན་གྱི་སྤྱི་ཚོགས་ནང་། གཞན་དང་མཉམ་དུ་འབྲེལ་ལམ་གྱི་འདུ་ཤེས་དེ་ཉིན་རེའི་མི་ཚེའི་ནང་རྦད་དེ་གཏིང་ཟབ་པ་བཏུམས་ནས་ཡོད། ང་ཚོའི་འཚོ་ཞིང་གནས་པ་ནི་ནམ་རྒྱུན་འབྱུང་ཁུངས་རྣམས་སྟོན་འབྲས་བསྡུ་བ་ནས་གཞི་སྒྲོམ་འཛུགས་སྐྲུན་དང་གཞན་ཟས་སུ་སྤྱོད་པའི་སྲོག་ཆགས་ཀྱི་ཁ་གཏད་དུ་འཐབ་རྒོལ་བྱེད་པའི་བར་དུ་ཕན་ཚུན་མཉམ་སྤྱོད་དང་བརྗེ་ལེན་དེ་བཞིན་སྤྱི་ཚོགས་ཀྱི་མཉམ་རུབ་གཞན་དང་གཞན་ལ་བརྟེན་ནས་ཡོད་པ་རེད། བཟོ་ལས་གསར་བརྗེ་ནས་བཟུང་སྟེ། དཔལ་འབྱོར་གྱི་གནས་སྟངས་གོང་འཕེལ་གཏོང་འདོད་ལ་བརྟེན་ནས་ང་ཚོ་སྔར་ལས་འགྲུལ་སྐྱོད་ཆེ་བ་དང་སྤྱི་ཚོགས་མི་སྡེ་དང་ཁ་འཕྲལ་དུ་གྱུར་ཡོད། འདིས་རང་རྐང་ཚུགས་པའམ་གཞན་ལྟོས་མི་དགོས་པའི་འཁྲུལ་སྣང་ཞིག་སྐྱེད་པར་བྱས་ཡོད་དེ། དར་མའི་གནས་སྐབས་སུ་བསླེབས་པའི་སྐབས། ང་ཚོར་གཞན་ལ་ལྟོས་མི་དགོས་པའི་ཐད་ལ་ཡིད་ཆེས་བྱ་སླ་བ་བཟོ་ཡི་ཡོད། རང་རྐང་ཚུགས་པའི་འདུ་ཤེས་ལོག་པ་འདིས་སེམས་ཁམས་རིག་པ་དང་སྤྱི་ཚོགས་ལས་དགར་བའི་འདུ་ཤེས་འཕེལ་བཞིན་པ་ལ་མཐུན་རྐྱེན་སྦྱོར་གྱི་ཡོད། ང་ཚོ་ནི་ཧ་ཅང་སྤྱི་ཚོགས་སྲོག་ཆགས་ཡིན་པ་དང་དེའི་གཞི་རྩའི་འཚོ་གནས་དང་སེམས་ཁམས་རིག་པའི་བདེ་ཐབས་ནི་གཞན་ལ་བརྟེན་པ་དང་གཞན་དང་འབྲེལ་ནས་ཡོད་པ་རེད། 

ལམ་ལུགས་ཀྱི་སྐབས་དོན་ཞིག་གི་ནང་ཡོད་པའི་སྒེར་སོ་སོ།

རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལུགས་ཀྱི་གོ་རྟོགས་དེ་དོན་དང་ལྡན་པ་ཞིག་བཟོ་བའི་ཕྱིར། ང་ཚོ་ཚང་མ་དཔེ་རིས་རྒྱ་ཆེ་བའི་ནང་ཇི་ལྟར་རན་འཚམས་ཆགས་པར་ལྟ་བའི་སྒོ་ནས་ང་ཚོས་དེ་ལ་ཁ་སྐོང་བྱེད་དགོས་ཀྱི་ཡོད། འདིས་ང་ཚོས་སོ་སོ་རང་ཉིད་འཁྲུལ་བའི་ཐོག་གཞན་དང་འབྲེལ་བ་མེད་པའམ་ཡང་ན་རྒྱ་ཆེ་བའི་ལམ་ལུགས་ལ་ལྟོས་མི་དགོས་པའི་རང་དབང་ཅན་དུ་ལྟ་བའི་འདོད་ཕྱོགས་ལ་ཁ་གཏད་གཅོག་པར་ཕན་གྱི་ཡོད། འདིར་ང་ཚོས་འགྲོ་བ་མི་གཞན་དག་དང་མཉམ་དུ་ཡོད་པའི་འབྲེལ་ལམ་དང་འབྲེལ་ལམ་དེ་དག་གི་རྙོག་འཛིངས་ལ་འཚོལ་ཞིབ་བྱེད་ཀྱི་ཡོད། དེ་དག་གི་རྗེས་འབྲས་ནི་གསུམ་སྟེ། 

  • ལམ་ལུགས་ལྡན་པའི་རིམ་པའི་ཐོག་ནས་གཞན་ལ་བཀའ་དྲིན་བསམ་ཤེས་ཀྱི་བཅོས་མིན་འདུ་ཤེས།
  • གཞན་གྱི་མི་ཚེར་བཟོ་ལྟ་བཟོ་བར་ང་ཚོར་ཡོད་པའི་ནུས་པའི་དྲན་ཤེས་སྔར་ལས་གཏིང་ཟབ་པ།
  • རྒྱ་ཆེ་བའི་བདེ་ཐབས་ལ་ངེས་བརྟན་བཟོ་བའི་བྱ་བ་བྱེད་པར་མངོན་འདོད་འཕེལ་སྐྱེད་འགྲོ་བཞིན་པ།

ང་ཚོས་སོ་སོའི་སྤྱོད་ལམ་གྱིས་གཞན་དག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་དང་གཞན་གྱི་སྤྱོད་ཚུལ་གྱིས་སོ་སོ་རང་ཉིད་ལ་ཤུགས་རྐྱེན་སྤྲོད་ཚུལ་མཐོང་བ་ནས་འགོ་འཛུགས་བྱེད་དགོས། དེ་ནས་ང་ཚོས་སོ་སོའི་བདེ་ཐབས་ལ་གཞན་གྱིས་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་མི་འདྲ་བ་རྣམས་འཚོལ་ཞིབ་བྱེད་དགོས། ང་ཚོས་ཐོ་གྲངས་ཤིག་བཟོས་ཏེ། དེ་ལ་ཡང་ནས་ཡང་དུ་བརྟག་པའི་སྒོ་ནས་བྱེད་ཆོག ང་ཚོས་སྤྱི་ཚོགས་ཀྱི་གནས་ནང་ཡོད་པ་ལྟར་ངོ་ཤེས་པའི་མི་རྣམས་ལ་དམིགས་པ་གཏད་པ་ཙམ་མིན་པར། སྐབས་འདིར་ང་ཚོས་དེ་ལས་རྒྱ་ཆེ་བའི་རྒྱ་ཁྱོན་ཞིག་གཏོགས་པར་བྱེད་ཀྱི་ཡོད་པ་ནི། ང་ཚོས་སྒེར་སོ་སོའི་ངོས་ནས་ཧ་མི་གོ་བའི་སྒེར་སོ་སོ་དང་། སྤྱི་ཚོགས་མི་སྡེ། ལམ་ལུགས་ཁག་བཅས་རེད། དེར་བརྟེན་འཚོ་གནས་ཕར་ཞོག སྒེར་སོ་སོ་བ་གྲངས་ལས་འདས་པ་རྒྱབ་སྐྱོར་མེད་པར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དེ་ང་ཚོས་རྟོགས་པ་ནི་གཞན་ལ་བཅོས་མིན་གྱི་ཡི་རང་ཞིག་སྐྱེད་པར་མེད་དུ་མི་རུང་བ་ཞིག་མིན་པ་རེད། 

ང་ཚོའི་མི་ཚེར་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཧ་ཅང་མང་པོའི་ནང་ཚང་མས་ཆ་ཤས་ཤིག་ལེན་གྱི་ཡོད། ང་ཚོས་དེ་རྟོགས་པའི་སྐབས། ཕན་ཚུན་གཉིས་སྨན་གྱི་ཚོར་བ་ཞིག་སྐྱེད་ཀྱི་ཡོད། ང་ཚོས་དེ་ནས་བཟུང་སྟེ། གང་ལྟར་ཡང་ཕན་ཐོགས་ཤིག་ཡོད་ལས་ཆེ་བ་དེ་ངོས་ལེན་མ་བྱས་གོང་ལ་གཞན་གྱིས་ང་ཚོར་ཕན་ཇི་ལྟར་བཏགས་ཡོད་པ་དེ་ཏག་ཏག་མ་ནོར་བ་ཞིག་མཐོང་དགོས་ཀྱི་མེད། གང་ཡིན་ཞེ་ན། དྲན་ཤེས་འདི་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འབྲེལ་ལམ་གྱི་ཕན་ཚུན་གཉིས་སྨན་གྱི་རང་བཞིན་དེ་རིམ་པས་བསམ་བློ་གུ་དོག་པོའི་རང་གིས་རང་ལ་དམིགས་པའི་འགྲན་སྡུར་གྱི་ལྟ་བ་ལས་ལྷག་པའི་གལ་གནད་ཆེ་ཤོས་ཆགས་ཀྱི་ཡོད། གཞན་གྱི་ཕྱོགས་སུ་ཡོད་པའི་འཕེལ་རྒྱས་ཀྱི་འབྲེལ་བའི་འདུ་ཤེས་འདིས་གདུང་སེམས་མཉམ་སྐྱེད་ཀྱི་དགའ་བ་ལ་ནུས་པ་གོང་འཕེལ་གཏོང་བའི་སྒོ་ནས་ཐད་ཀར་ཁེར་རྐྱང་གི་ཚོར་བ་ལ་ཁ་གཏད་གཅོག་པའི་བྱ་བ་བྱེད་ཀྱི་ཡོད། དེས་གཞན་གྱི་ལེགས་སྒྲུབ་རྣམས་ལ་སེམས་ནང་མྱོང་བའི་དགའ་སྤྲོ་སྐྱེད་པར་བྱེད་པ་དང་དེས་མིག་སེར་དང་ཕྲག་དོག་དེ་བཞིན་རང་གི་རང་ལ་སྐྱོན་བརྗོད་རྩུབ་པོའམ། ཡང་ན་གཞན་དག་དང་མཉམ་དུ་རྒྱུ་མཚན་དང་མི་ལྡན་པའི་བསྡུར་ཞིབ་བྱེད་པར་གཉེན་པོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། 

འགྲོ་བ་མི་ཐུན་མོང་གིས་མཉམ་སྤྱོད་བྱེད་པ་དེ་ངོས་འཛིན་པ།

རྟེན་ཅིང་འབྲེལ་བར་འབྱུང་བའི་གོ་རྟོགས་དེ་ལས་ཕྱུག་པ་ཞིག་དང་དམིགས་བསལ་གཞན་ཚོར་ཤེས་ནུས་ཀྱི་སེམས་འཁུར་གྱི་སྤྱི་ཚོགས་ཀྱི་གནས་ནང་བསྐྱེད་པའི་ཐབས་རྩལ་དང་ཟུང་དུ་འབྲེལ་བའི་སྐབས། དེས་གཞན་དོན་དུ་སེམས་འཁུར་གྱི་འདུ་ཤེས་རྒྱ་ཆེ་བ་ཞིག་དང་ང་ཚོ་ཚང་མ་ཕན་ཚུན་ལྟོས་ནས་ཡོད་ཚུལ་གྱི་ངོས་འཛིན་ལ་འཁྲིད་དགོས་ངེས་རེད། དེ་ལྟར་འདི་གསལ་པོའི་སྒོ་ནས་འགྲོ་བ་མི་ཐུན་མོང་གིས་མཉམ་སྤྱོད་བྱེད་པ་དེ་ལ་ངོས་འཛིན་ཞིག་གོང་འཕེལ་བཏང་ནས་ནུས་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་སྐྱེད་གཏོང་བ། དཔུང་སྣོན་བྱེད་ཆོག་པ་ཡིན། འདིར་ང་ཚོས་བརྟག་ཞིབ་ཅན་གྱི་བསམ་བློ་ཞིག་ལ་འཇུག་གི་ཡོད། དེ་ནི་གཞི་རྩའི་ཆ་ནས་འགྲོ་བ་མི་ཚང་མས་རང་སོ་སོའི་མི་ཚེའི་ནང་ལོགས་དང་མི་ཚེའི་གནས་སྟངས་ལ་གཞིགས་ནས་ཐུན་མོང་གི་ཁྱད་ཆོས་འགའ་ཞིག་ཇི་ལྟར་མཉམ་སྤྱོད་བྱེད་ཀྱི་ཡོད་པ་ངོས་འཛིན་རྒྱུ་དེ་རེད། འདི་ལྟར་ང་ཚོས་མི་སྒེར་སོ་སོ་གང་དུ་ཡོད་ནའང་། དེ་དག་ལ་རྗེས་སུ་ཡི་རང་དང་། གཞན་ཚོར་ཤེས་ནུས། སྙིང་རྗེའི་ཚད་གཞི་ཞིག་སྐྱེད་ཐུབ། དེ་ཡང་ཐ་ན་ཐག་རིང་དུ་ཡོད་མཁན་ནམ་ཡང་ན་སོ་སོ་རང་ཉིད་ལས་གང་འཚམས་ཀྱི་མི་འདྲ་བར་སྣང་བ་ཞིག་ཡིན་ནའང་རེད། ང་ཚོས་འགྲོ་བ་མི་ཐུན་མོང་གིས་མཉམ་སྤྱོད་བྱེད་པ་དེ་བརྗོད་གཞི་གཉིས་ཀྱི་སྒོ་ནས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་སྟེ།

  • ང་ཚོ་ཚང་མའི་གཞི་རྩའི་འདྲ་མཉམ་ལ་ཡི་རང་བྱེད་པ།
  • ལམ་ལུགས་ཁག་གི་བདེ་ཐབས་ལ་ཤུགས་རྐྱེན་སྤྲོད་ཚུལ་ལ་ཡི་རང་བྱེད་པ།

ང་ཚོ་ཚང་མའི་གཞི་རྩའི་འདྲ་མཉམ་ལ་ཡི་རང་བྱེད་པ་ནི། ང་ཚོའི་གྲོགས་པོ་དང་ནང་མི་ནས་བཟུང་སྟེ་འཛམ་གླིང་གཞན་དུ་ཡོད་པའི་རྒྱུས་མེད་ཀྱི་མིའི་བར་གྱི་འགྲོ་བ་སེམས་ཅན་ཐམས་ཅད་གཞི་རྐང་ནས་བདེ་བ་འཐོབ་འདོད་དང་སྡུག་བསྔལ་སྤོང་འདོད་ཀྱི་ཆ་ནས་འདྲ་མཉམ་ཡིན་པར་རྟོགས་པ་དེ་རེད། ལམ་ལུགས་ཁག་གི་བདེ་ཐབས་ལ་ཤུགས་རྐྱེན་སྤྲོད་ཚུལ་ལ་ཡི་རང་བྱེད་པ་ནི། གོ་ལ་སྤྱིའི་ལམ་ལུགས་ཁག་གིས་བཟང་ཕྱོགས་དགེ་བའི་རིན་ཐང་རྣམས་དང་དུ་ལེན་པའམ། ཡང་ན་དཀའ་ངལ་ཅན་གྱི་དད་པ་རྒྱུན་སྲིང་བའི་སྒོ་ནས་བདེ་ཐབས་གོང་འཕེལ་གཏོང་བའམ་ནང་འགྲིགས་གང་རུང་བྱེད་སྲིད་པ་རེད། 

ང་ཚོ་ཚང་མའི་གཞི་རྩའི་འདྲ་མཉམ་ལ་ཡི་རང་བྱེད་པ།

ང་ཚོས་འགྲོ་བ་མིའི་གཞི་རྩའི་འདྲ་མཉམ་གྱི་གོ་རྟོགས་དེ་སོ་སོའི་དེ་མ་ཐག་པའི་སྤྱི་ཚོགས་མི་སྡེའི་ཕྱི་ལོགས་སུ་ཡོད་པ་རྣམས་ལ་རྒྱ་སྐྱེད་གཏོང་གི་ཡོད། མཐར་ཐུག་ང་ཚོས་གོ་རྟོགས་དེ་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་སྐྱེད་གཏོང་དགོས། དེ་ཇི་ལྟར་བྱེད་དམ་ཞེ་ན། དེའང་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ཚང་མས་ཐུན་མོང་དུ་གང་མཉམ་སྤྱོད་བྱེད་པའི་གོང་འཕེལ་གཏོང་འདུན་ཡོད་པ་དང་སེམས་སྡུག་དང་འདོད་བློ་མི་ཁེངས་པའི་རིགས་སྤོང་འདོད་ཀྱི་བློ་ཡོད་པ་ལྟ་བུ་རེད། འདིས་ཕྱོགས་ཞེན་གྱི་བསམ་བློ་དང་གཞན་གྱི་དགོས་གལ་ལ་བརྩི་འཇོག་མི་བྱེད་པའི་འདོད་ཕྱོགས་ཉུང་དུ་གཏོང་བར་ཕན་གྱི་ཡོད། 

གཞན་རྣམས་འདི་དང་གཅིག་མཚུངས་ལྟར་ངོས་འཛིན་པའི་སྒོ་ནས་ང་ཚོའི་“རང་དང་ཉེ་བའི་སྡེ་ཁག་ཆུང་ངུ་”དེ་རྒྱ་སྐྱེད་བཏང་ནས་དེའི་ནང་ཆབ་འབངས་དང་། མི་རིགས། ཆོས་ལུགས་ལ་སོགས་པ་མི་འདྲ་བ་འཚུད་པར་བྱེད་ཆོག ནུས་ཚད་འདི་བཞིན་སྒེར་སོ་སོའི་ངོས་ནས་ཁྲག་སྦྱིན་པ་གཏོང་བ་ནས་བཟུང་རང་བྱུང་ཁམས་ཀྱི་བཀྲ་མི་ཤིས་པའི་རྐྱེན་ངན་གོད་ཆག་རིགས་བྱུང་བའི་རྗེས་ཀྱི་སེམས་གཏིང་གི་དགེ་རྩའི་སྦྱིན་གཏོང་ཆེན་པོ་བྱེད་པ་དང་། རང་ཉིད་ཆ་ཤས་སུ་མི་གཏོགས་པའི་སྡེ་ཁག་གི་ཁ་གཏད་དུ་དྲང་བདེན་མིན་པར་ངོ་རྒོལ་བྱེད་པའི་བར་གྱི་སྤྱི་ཚོགས་གང་སར་ཐབས་ཚུལ་སྣ་ཚོགས་པའི་སྒོ་ནས་གསལ་སྟོན་བྱས་ཡོད། ཕན་ཚུན་རྟེན་འབྲེལ་ཡིད་པ་ལ་རྗེས་སུ་ཡི་རང་བྱེད་པའི་ཐབས་རྩལ་དང་གཞན་ཚོར་ཤེས་ནུས་ཀྱི་སེམས་འཁུར་ཡོད་པ་དེས་ཕྱོགས་ཞེན་དང་། རྒྱང་ཐག་རིང་བའི་ཚོར་བ། དེ་ག་ནང་བཞིན་སོ་སོའི་དེ་མ་ཐག་པའི་ཉེ་འཁྲིས་ཀྱི་དཀྱིལ་འཁོར་ལས་བརྒལ་ནས་ཡོད་པ་རྣམས་ཀྱི་དཀའ་ངལ་རིགས་ལ་སེམས་འཁུར་མེད་པ་ལྟ་བུ་གཞན་དང་འབྲེལ་བའི་ང་ཚོར་ཡོད་སྲིད་པའི་བར་ཆད་མང་པོ་ཞིག་གི་གཉེན་པོ་བྱེད་ཀྱི་ཡོད། 

ང་ཚོས་སོ་སོ་རང་ཉིད་ལ་དོ་སྣང་བྱེད་པའི་སྐབས། འཛམ་གླིང་འདི་ཆུང་ཆུང་ལྟ་བུར་མཐོང་བ་དང་ང་ཚོའི་དཀའ་ངལ་དང་སྔོན་ཚུད་ལས་བྲེལ་རྣམས་ཧ་ཅང་ཆེན་པོར་སྣང་གི་ཡོད། འོན་ཀྱང་། ང་ཚོས་མི་གཞན་དག་ལ་དོ་སྣང་བྱེད་པའི་སྐབས། འཛམ་གླིང་འདི་རྒྱ་སྐྱེད་འགྲོ་ཡི་ཡོད། ང་ཚོའི་དཀའ་ངལ་རྣམས་སེམས་ཀྱི་མཐའ་རུ་ཁ་ཕྱོགས་ནས་ཆུང་ཆུང་ལྟར་སྣང་བ་དང་ང་ཚོས་སོ་སོའི་ནུས་པའི་ཚད་དེ་འབྲེལ་བ་དང་སྙིང་རྗེའི་ལས་ལ་འཕེལ་སྐྱེད་གཏོང་གི་ཡོད། 

ལམ་ལུགས་ཁག་གི་བདེ་ཐབས་ལ་ཤུགས་རྐྱེན་སྤྲོད་ཚུལ་ལ་ཡི་རང་བྱེད་པ།

ལམ་ལུགས་ཀྱིས་རིག་གཞུང་དང་གཞི་སྒྲོམ་གྱི་རིམ་པར་བཟང་ཕྱོགས་ཀྱི་རིན་ཐང་རྣམས་གོང་འཕེལ་དང་དཀའ་ངལ་ཅན་གྱི་དད་པ་དང་འདྲ་མཉམ་མིན་པ་རྣམས་རྒྱུན་སྲིང་བའི་སྒོ་ནས་བདེ་ཐབས་ལ་གོང་འཕེལ་ལམ་འགྲིག་འཇགས་བཟོ་ཐུབ། ང་ཚོ་འདྲ་མཉམ་མིན་པ་དང་། ཕྱོགས་ལྷུང་། ཕྱོགས་ཞེན་གྱི་ཡུལ་དུ་གྱུར་བའི་སྐབས། ཇི་ལྟར་ཚོར་གྱི་ཡོད་པའི་ཐད་ལ་བསམ་ཞིབ་བྱེད་པའི་དུས་ཚོད་ལེན་ཆོག དེར་མ་ཟད་། ང་ཚོས་དཀའ་ངལ་ཅན་གྱི་ལམ་ལུགས་དེ་དག་གི་འབྲས་བུ་དཔེའི་སྒོ་ནས་གསལ་ཁ་འདོན་པའི་ཆེད་དུ་ལོ་རྒྱུས་དང་ད་ལྟའི་བྱེད་སྒོ་ཁག་ནས་དཔེ་མཚོན་བཀོལ་སྤྱོད་བྱེད་ཆོག མཐར་གལ་ཏེ་ཕྱོགས་ལྷུང་ངམ་ཕྱོགས་རིས་ནི་ནམ་ཡང་དངོས་སུ་ཁུངས་སྐྱེལ་ར་སྤྲོད་བྱས་པའམ། ཡང་ན་འགྲོ་བ་མི་ཐམས་ཅད་ལ་བདེ་སྐྱིད་འཐོབ་པའི་ཐོབ་ཐང་འདྲ་མཉམ་ཡོད་དང་མེད་ཅེས་ང་ཚོས་འཚོལ་ཞིབ་བྱེད་ཆོག 

གཞན་ཚོར་ཤེས་ནུས་ཀྱི་ཁྱབ་ཚད་རྒྱ་ཆེ་བ་ཞིག་སྐྱེད་རྒྱུ་དེ་ཧ་ཅང་གནད་འགགས་ཅན་ཡིན་པ་རེད། གང་ཡིན་ཞེ་ན། འགྲོ་བ་མི་ཡིན་པའི་ཆ་ནས་གཞན་ཚོར་ཤེས་ནུས་ལ་ཡོད་པའི་ང་ཚོའི་ལྷན་སྐྱེས་ཀྱི་ནུས་ཚད་ཀྱི་ཁོངས་སུ་རང་ཤུགས་ཀྱིས་རྒྱ་ཆེ་བའི་སྡུག་བསྔལ་ལམ་གོ་ལ་སྤྱི་ཡོངས་ཀྱི་དཀའ་ངལ་རྣམས་གཏོགས་ཡོད་པ་ལྟར་སྣང་གི་མེད། དཔེར་ན། ང་ཚོ་མང་ཆེ་བར་རྐྱེན་ངན་ཕོག་སའམ་གནོད་པའི་ཡུལ་མང་པོའི་སྒང་ལ་གནོད་ཡུལ་བྱེ་བྲག་གཅིག་གི་ཚོར་བ་ཤེས་ནུས་པར་བྱེད་པའི་འདུན་པ་ཤུགས་དྲག་ཅིག་ཡོད་པ་རེད། ཡིན་ནའང་། གཞི་སྒྲོམ་དང་རིག་གཞུང་གི་གནད་དོན་རྣམས་སྦྱངས་པའི་ཐོག་ང་ཚོའི་རྗེས་སུ་ཡི་རང་དང་དེ་བཞིན་སྡུག་བསྔལ་ངེས་པར་ཤེས་པ་དེ་འཕེལ་བ་དང་དེ་བཞིན་སྡུག་བསྔལ་ལ་ཚད་མཐོའི་ཡ་ལན་དེའང་འཕེལ་གྱི་རེད། 

འགྲོ་བ་མི་སྤྱི་ལ་ཕན་པའི་འདུ་ཤེས་ངོས་འཛིན་ལ་བརྟེན་ནས་ང་ཚོས་གཞན་གྱི་ཐད་ལ་རྒྱུ་མཚན་དང་མཐུན་ཆེ་བའི་གོ་རྟོགས་དང་རེ་བ་ཡོད་བཞིན་དུ་མི་རིགས་དང་སྤྱི་ཚོགས་ཀྱི་སྡེ་ཁག་བརྒལ་ནས་འབྲེལ་གླེང་དང་མཉམ་རུབ་བྱ་རྒྱུ་སྦྱོང་ཆོག ང་ཚོས་གཞན་དང་མཉམ་དུ་གང་མཉམ་སྤྱོད་བྱེད་ཀྱི་ཡོད་པའི་དྲན་ཤེས་རྒྱ་ཆེ་བ་ལ་བརྟེན་ནས་མངོན་གསལ་དོད་པོའི་མི་འདྲ་བའི་ཁྱད་པར་ལ་ཡིད་ཆེས་མེད་པ་མིན་པར། དེ་ལས་ལྡོག་སྟེ། ང་ཚོས་རྗེས་སུ་ཡི་རང་བྱེད་ཐུབ་ཀྱི་ཡོད། དེས་ཕྱོགས་ལྷུང་དང་ཁེར་རྐྱང་ཉུང་བའི་གནས་སྟངས་ནང་འཁྲིད་ཀྱི་ཡོད། ལམ་དང་ལུགས་སྲོལ་གྱིས་སྒེར་སོ་སོའི་བདེ་ཐབས་ལ་བཟོ་ལྟ་ཇི་ལྟར་བཟོས་ཡོད་པ་དེ་རྟོགས་པའི་སྒོ་ནས་ཇི་ལྟར་འགྲོ་བ་མིའི་སྡུག་བསྔལ་སེལ་བའི་བརྟག་ཞིབ་ཅན་གྱི་བསམ་བློ་ནང་བཞིན་ང་ཚོའི་གཞན་ཚོར་ཤེས་ནུས་དེ་གཏིང་ཟབ་པ་དང་ཀུན་ཚང་བ་ཞིག་ཆགས་ཀྱི་རེད།

སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱི་ཡོངས་ཀྱི་བྱ་བར་འཇུག་པ།

ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བར་རྗེས་སུ་ཡི་རང་བྱེད་པ་ནི་གཞན་ལ་བརྟེན་ནས་ང་ཚོས་ཕན་ཐོགས་སྒྲུབ་པའི་ཐབས་དང་བསྟུན་ཏེ། འགྲོ་བ་མི་ལ་ཕན་པའི་འདུ་ཤེས་ངོས་འཛིན་པ་དེས་འགན་འཁྲིའི་འདུ་ཤེས་ཤིག་དང་ལག་ལེན་དངོས་སུ་བསྟར་འདོད་སྐྱེད་པར་བྱེད་ཐུབ། དེ་ནས་སྤྱི་ཚོགས་ལ་བརྟེན་ནས་ང་ཚོར་ཐོབ་པའི་བཀའ་དྲིན་དེ་དག་ལ་དྲིན་ལན་འཇལ་འདོད་དང་དཀའ་ངལ་ལ་འཐབ་རྩོད་བྱེད་མཁན་དང་སྐྱོ་པོའི་རིགས་གཞན་དག་གི་ཚབ་བྱས་ཏེ། ལས་འགུལ་སྤེལ་འདོད་རང་བཞིན་གྱིས་སྐྱེ་ཡི་རེད། ཡིན་ནའང་། ང་ཚོས་སྤྱི་ཚོགས་མི་སྡེའམ་ཡང་ན་གོ་ལ་སྤྱི་ཡོངས་ཀྱི་རིམ་པའི་ཐོག་ནས་ལམ་ལུགས་རྙོག་འཛིངས་ཅན་དེ་དག་ལ་གནད་དུ་སྨིན་པའི་སྒོ་ནས་ཇི་ལྟར་འཇུག་ཐུབ་བམ། 

སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར་འདིའི་དགོས་དོན་ཡོངས་སུ་རྫོགས་པ་ནི་རང་སོ་སོའི་ནུས་པ་དེ་སྙིང་རྗེ་ཅན་གྱི་གོ་ལ་སྤྱིའི་མི་སེར་ལྟ་བུར་ངོས་འཛིན་པ་དང་དེ་རྟོགས་པའི་ཆེད་དུ་ང་ཚོ་ལ་ནུས་ཤུགས་སྤེལ་རྒྱུ་དེ་ཡིན་པ་རེད། དེ་འཐོབ་པར་བྱེད་པར། འཚོལ་ཞིབ་བྱེད་དགོས་པའི་རིམ་པ་གཉིས་ཡོད་དེ། 

  • སྤྱི་ཚོགས་མི་སྡེ་དང་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བར་སྐུལ་རྐྱེན་བྱེད་པའི་ང་ཚོའི་ནུས་པ།
  • སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱི་ཡོངས་ཀྱི་དཀའ་ངལ་སེམ་ཐབས་ལ་འཇུག་པ།

གནད་དོན་དེ་གཉིས་འདྲ་མཚུངས་ཡོད་ནའང་། དང་པོ་དེས་ང་རང་ཚོ་སོ་སོའི་འཇོན་ནུས་དང་གོ་སྐབས་ལ་གཞི་བྱས་ཏེ། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བར་སྐུལ་རྐྱེན་བྱེད་པར་སོ་སོ་རང་ཉིད་ཀྱི་ངོས་ནས་གང་བྱེད་ཐུབ་པ་དེ་རྟོགས་པར་ཕན་གྱི་ཡོད། གཉིས་པ་དེས་ང་ཚོའི་སྤྱི་ཚོགས་མི་སྡེ་དང་འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་བཞིན་པའི་དཀའ་ངལ་སེལ་ཐབས་ཕན་ཐོགས་ཅན་རྣམས་འཚོལ་ཞིབ་བྱེད་པར་ཕན་གྱི་ཡོད། 

སྤྱི་ཚོགས་མི་སྡེ་དང་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བར་སྐུལ་རྐྱེན་བྱེད་པའི་ང་ཚོའི་ནུས་པ།

གལ་ཏེ་ང་ཚོ་སྤྱི་ཚོགས་མི་སྡེའམ་འཛམ་གླིང་ནང་འབད་རྩོལ་དང་བཅས་དེའི་དགོས་གལ་གང་ཡིན་པ་རྣམས་རང་གཞན་གཉིས་ཀར་ཕན་པའི་ཚུལ་དུ་ཞུ་འབོད་བྱས་ན། དེས་རེ་བ་ཟད་དུ་མི་འཇུག་པ་དང་དེ་ནི་རྒྱུ་མཚན་དང་མཐུན་པ་དང་ཕན་ནུས་ལྡན་པ་རེད། ང་ཚོས་སོ་སོའི་སྐྱོན་གྱི་ཆ་དང་ནུས་པའི་ཆ་གཉིས་ཀ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཚང་མ་ང་ཚོའི་དེ་མ་ཐག་པའི་དབང་འོག་ཏུ་ཇི་ལྟར་མེད་པའི་ཚུལ་དང་གཏིང་ཚུགས་པོར་གནས་པའི་དཀའ་ངལ་དེ་དག་འགྱུར་བ་འགྲོ་བར་དུས་ཚོད་འགོར་གྱི་ཡོད་པ་དེ་འཚོལ་ཞིབ་བྱ་རྒྱུ་གལ་ཆེན་པོ་རེད། དེ་ནི་ང་ཚོས་ཕན་ནུས་ལྡན་པའི་ལས་ལ་འཇུག་མི་ཐུབ་ཅེས་པའི་དོན་མིན། དོན་ངོ་མར་དཀའ་ངལ་ཅན་གྱི་གནད་དོན་དང་འཕྲད་པའི་སྐབས། གལ་ཏེ་ང་ཚོ་ནུས་ཤུགས་མེད་པར་ཚོར་ན། འདིས་རང་གཞན་ལ་སྙིང་རྗེ་སྐྱེད་པ་དང་རང་གིས་རང་ལ་སྙིང་རྗེ་སྐྱེད་པ་དེ་རྦད་དེ་དཀའ་ལས་ཁག་བ་བཟོ་ཡི་ཡོད། འདིའི་རྒྱུ་མཚན་ནི་སྙིང་རྗེ་ནི་སྡུག་བསྔལ་དང་འབྲལ་བར་འདོད་པ་དེ་ཡིན་པ་དང་དེ་ནི་སྡུག་བསྔལ་ཉུང་དུ་གཏོང་ཐུབ་ཅེས་ཡིད་ཆེས་པའི་རེ་བ་ལ་རག་ལུས་ཡོད། 

ང་ཚོས་ལམ་ལུགས་ཡོངས་སུ་རྫོགས་པ་འགྱུར་བ་གཏོང་ཐུབ་མི་སྲིད་ཀྱང་། ལམ་ལུགས་དེའི་ནང་གི་ཆ་རྐྱེན་གཙོ་བོ་ཁག་ལ་དམིགས་ནས་འགྱུར་ལྡོག་མང་ཤོས་སུ་གཏོང་བའི་ཐབས་ཚུལ་བསྟེན་ཆོག འདིས་གོ་ལ་སྤྱི་ཡོངས་དང་ལམ་ལུགས་རིམ་པའི་དཀའ་ངལ་གྱིས་མི་མནན་པར་ནུས་སྟོབས་ཀྱི་ཚོར་བ་ཞིག་མཁོ་སྤྲོད་བྱེད་ཐུབ། གལ་ཏེ་ང་ཚོས་ལམ་ལུགས་ཤིག་ནང་གི་ཕན་འབྲས་མང་ཆེ་བ་རྒྱུ་མཚན་འདྲེན་པའི་རྒྱུ་རྐྱེན་ཉུང་ཤས་ངོ་རྟགས་ཆོད་པ་ཡིན་ན། ང་ཚོས་རྒྱུ་རྐྱེན་དེ་དག་ལ་རང་གི་ནུས་ཤུགས་འདོན་རྒྱུར་དམིགས་ཏེ་འབྲས་བུ་གལ་ཆེན་པོ་འཐོབ་པར་བྱེད་ཆོག དེར་མ་ཟད། ཐ་ན་ང་ཚོས་འགྱུར་བ་རྒྱ་ཆེན་པོ་ཞིག་དེ་མ་ཐག་ཏུ་གཏོང་མི་ཐུབ་པ་ཡིན་ནའང་། འགྱུར་བ་རྒྱ་ཆུང་ངུ་གཏོང་བར་ང་ཚོས་སྐུལ་རྐྱེན་བྱེད་ཐུབ་པ་དེ་ནི་ཧ་ཅང་དགེ་མཚན་ཅན་ཡིན་པའི་བདེན་དོན་ལ་བསམ་ཞིབ་བྱ་རྒྱུ་དེ་ཕན་ཐོགས་ཅན་ཞིག་ཡིན་པ་རེད། གཞི་རྒྱ་ཆུང་བའི་འགྱུར་ལྡོག་དེ་དག་ཕྱིས་སུ་གཞི་རྒྱ་ཆེ་བའི་འགྱུར་ལྡོག་གི་ནང་འཕེལ་སྐྱེད་འགྲོ་ཐུབ་ཀྱི་རེད། ཕུང་གསོག་ཅན་གྱི་རྒྱ་ཆེ་བའི་འགྱུར་ལྡོག་རྣམས་བྱ་བ་ཆུང་ཙག་རིགས་བསྡུས་པ་ལས་སྐྲུན་ཐུབ་པ་སྟེ། དཔེར་ན། གད་སྙིགས་གཡུག་ས་ནས་བསྐྱར་སྤྱོད་བྱ་རུང་བ་རྣམས་དབྱེ་འབྱེད་བྱེད་པ་ལྟ་བུ་རེད། ཐ་ན་ང་ཚོས་འབྲས་བུ་རྣམས་དངོས་སུ་ཐད་ཀར་མཐོང་མི་ཐུབ་ནའང་། རྟེན་འབྱུང་གི་ལམ་ལུགས་དེ་ཡང་དག་པར་རྟོགས་པའི་སྒོ་ནས་རྒྱ་ཆུང་བའི་ལས་དང་སྤྱོད་ལམ་གྱིས་མ་འོངས་པར་ཤུགས་རྐྱེན་ཆེ་བ་སྤྲོད་པའི་རྐྱེན་བྱེད་ཀྱི་ཡོད་པའི་ཐད་ལ་གདེང་ཚོད་སྐྱེ་ཡི་ཡོད། 

རྙོག་འཛིངས་ཅན་གྱི་སྤྱི་ཚོགས་དང་གོ་ལ་སྤྱིའི་དཀའ་ངལ་རྣམས་བརྟག་དཔྱད་བྱེད་ཐུབ་པ་དང་འཇུག་ཐུབ་པའི་དུམ་ཚན་ཆུང་ཆུང་ནང་དབྱེ་བ་འབྱེད་དགོས་ཀྱི་ཡོད། ང་ཚོས་སོ་སོའི་བྱ་སྤྱོད་ཀྱིས་དཀའ་ངལ་གྱི་ཆ་ལག་ཆུང་ངུ་རྣམས་ཇི་ལྟར་བརྗོད་ཐུབ་པ་དང་ཆ་ལག་དེ་དག་ཀྱང་རྒྱ་ཆེ་བའི་ལམ་ལུགས་ཀྱི་ནང་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་པ་དེ་མཐོང་བའི་སྐབས། ང་ཚོར་གདེང་ཚོད་དང་ཐབས་ལམ་ནུས་ཤུགས་ཀྱི་འདུ་ཤེས་རྙེད་ཀྱི་ཡོད། འདིའི་ཆེད་དུ་ང་ཚོར་བརྟག་ཞིབ་ཀྱི་བསམ་བློའི་རྩལ་དེ་དགོས་ཀྱི་ཡོད། འདིར་བརྟག་ཞིབ་ཀྱི་བསམ་བློའི་ནང་རྙོག་འཛིངས་ཅན་གྱི་གནད་དོན་རྣམས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གིས་བརྡ་ལན་སྤྲད་པའི་སྒོ་ནས་བསམ་བློའི་སྦྱོང་བརྡར་དེ་དགོས་ཀྱི་ཡོད། འདིས་བྱ་སྤྱོད་སྤེལ་བ་རྣམས་གཞན་གྱིས་ངེས་པར་དུ་ཕན་ཐོགས་ཅན་ཡིན་བསམ་པའི་ཁག་ཐེག་མི་བྱེད་པའི་སྐབས། བརྟག་ཞིབ་ཀྱི་བསམ་བློས་བཟང་ཕྱོགས་དགེ་བའི་འབྲས་བུ་ཞིག་འཐོབ་ཀྱི་རེད་ཅེས་པའི་འབྱུང་སྲིད་པའི་རང་བཞིན་དེ་མང་དུ་གཏོང་གི་ཡོད། 

སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱི་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ལ་འཇུག་པ།

དཀའ་ངལ་སེལ་ཐབས་དེ་ལེགས་གྲུབ་ཡོང་བའི་ནུས་ཤུགས་དེ་ང་ཚོའི་ལག་ཏུ་མེད་སྲིད་ནའང་། ང་ཚོས་ད་དུང་ཡང་དཀའ་ངལ་དང་དེ་དག་སེལ་བའི་ཐབས་སྲིད་རུང་དག་ལ་བསམ་ཞིབ་བྱེད་ཆོག ང་ཚོས་གཤམ་གྱི་ས་བཅད་མདོར་བསྡུས་ཁག་བཀོལ་སྤྱོད་བྱས་ཏེ། ང་ཚོར་འཕྲད་པའི་དཀའ་ངལ་རྣམས་འཚོལ་ཞིབ་བྱེད་ཆོག

  • ལམ་ལུགས་དང་དེ་དག་གི་རྙོག་འཛིངས་རང་བཞིན་དེ་ངོས་འཛིན་དགོས་པ།
  • བྱ་སྤྱོད་ཀྱི་འཕྲལ་ཕུགས་རྗེས་འབྲས་དཔྱད་ཞིབ་བྱེད་དགོས་པ།
  • གཞི་རྩའི་འགྲོ་བ་མིའི་རིན་ཐང་གི་སྐབས་དོན་ནང་ཡོད་པའི་གནས་སྟངས་ཁག་ལ་དཔྱད་ཞིབ་བྱེད་དགོས་པ།
  • ངན་ཕྱོགས་མི་དགེ་བའི་སེམས་ཚོར་དང་ཕྱོགས་ལྷུང་གི་གནོན་ཤུགས་ཇེ་ཉུང་དུ་གཏོང་དགོས་པ།
  • གུ་ཡངས་ཀྱི་བློ་དང་། ཟུང་འབྲེལ། རྣམ་དཔྱོད་ཀྱི་ཆ་ནས་སྙེམ་ཆུང་བའི་ཀུན་སློང་སྐྱེད་དགོས་པ།
  • བྱ་བའི་རྒྱུད་རིམ་བྱེ་བྲག་ཅིག་གི་དགག་ཕྱོགས་དང་སྒྲུབ་ཕྱོགས་ལ་བསམ་ཞིབ་བྱེད་དགོས་པ།

ང་ཚོས་ནམ་རྒྱུན་ཡང་ནས་ཡང་དུ་འཕྲལ་ཕུགས་ཀྱི་རྗེས་འབྲས་ལ་དཔྱད་ཞིབ་ཡང་དག་པ་མི་བྱེད་པའི་སྒོ་ནས་བྱ་སྤྱོད་སྤེལ་གྱི་ཡོད། ང་ཚོས་གནད་དོན་བྱེ་བྲག་ཅིག་ལ་བརྟག་དཔྱད་བྱེད་པའི་སྐབས། བྱ་བའི་རྒྱུད་རིམ་ཞིག་གིས་ཤུགས་རྐྱེན་སྤྲོད་པའི་མི་སྡེ་སྣ་ཚོགས་པའི་སྐོར་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་རྒྱུད་རིམ་དེའི་རྗེས་སུ་འབྲངས་ནས་དེ་ལ་གོམས་འདྲིས་ཆགས་ན། ང་ཚོས་བྱ་སྤྱོད་དེ་དག་གི་རྒྱ་ཆེ་བའི་ཤུགས་བསྟན་དང་། དེ་དག་གིས་ཐོག་མ་ཉིད་ནས་བལྟ་བའི་སྐབས་སུ་མི་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཐུབ་པ་དེ་གནད་དོན་ལས་གང་འཚམས་ཀྱི་རྒྱང་ཐག་རིང་བ་སྣང་གི་ཡོད་པའི་ཐད་ལ་རང་བཞིན་གྱིས་བསམ་བློ་གཏོང་འགོ་བཙུག་གི་རེད། ང་ཚོས་ད་དུང་ཡང་གནད་དོན་དེ་དག་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་པ་དང་། དཀའ་ངལ་སེལ་ཐབས་ལ་བརྟེན་ནས་སྒེར་སོ་སོ་དང་། སྤྱི་ཚོགས། གོ་ལ་སྤྱི་ཡོངས་ཀྱི་ཡར་རྒྱས་འགྲོ་བར་མཐུན་འགྱུར་ཇི་ལྟར་བྱེད་ཀྱི་ཡོད་པའི་ཐད་ལ་ལྟ་ཞིབ་བྱེད་དགོས་ཀྱི་ཡོད། 

སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱིའི་བྱ་བར་འཇུག་པ་ནི། གཞན་དང་མཉམ་དུ་མཉམ་རུབ་བྱེད་འདུན་ཡོད་པ་དང་། གཞན་གྱི་ལྟ་ཚུལ་དང་། བསམ་ཚུལ། མཁྱེན་རྒྱ། ཉམས་མྱོང་བཅས་ནས་སློབ་སྦྱོང་ལེན་པ་དང་དེ་དག་ལ་གུས་ཞབས་བྱེད་པའི་གུ་ཡངས་ཀྱི་བསམ་པ་དང་ལྡན་པའི་ཀུན་སློང་ཞིག་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། གཞན་གྱིས་སོ་སོའི་རང་ལུགས་དང་མཐུན་པར་ཆགས་པའི་ཆེད་དུ་རྒྱུ་མཚན་རིགས་པ་དང་ཉམས་མྱོང་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་ཁོང་ཚོའི་རང་ལུགས་གང་ཡིན་པ་དེ་སོ་སོ་རང་ཉིད་ཀྱི་ལུགས་དང་མི་འདྲ་བ་ཡིན་ནའང་། དེ་ལ་ང་ཚོས་རྩི་འཇོག་བྱེད་པའི་སྐབས་ཁོ་ནར་རྩོད་གླེང་ཡག་པོ་ཞིག་ཡོང་སྲིད་པ་རེད། རྣམ་དཔྱོད་ཀྱི་སྙེམ་ཆུང་དང་གུ་ཡངས་ཀྱི་བློ་མེད་པར་རྩོད་གླེང་དང་ཕན་ཚུན་གྱི་བསམ་ཚུལ་གཅིག་མཐུན་དེ་མི་སྲིད་པ་ཆགས་པ་དང་། དེ་བཞིན་ཕན་ཚུན་གྱི་གླེང་མོལ་དེ་ཕན་མེད་ཀྱི་རྩོད་རྙོག་དང་དབང་སྒྱུར་གྱི་འགྲན་རྩོད་ཅིག་ཏུ་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད། 

སྒེར་ཞིག་ཡིན་པའི་ཆ་ནས་གཞན་དང་ཟུང་འབྲེལ་དང་མཉམ་ལས་མི་དགོས་པར། ཁེར་རྐྱང་གིས་སེལ་ཐུབ་པའི་དཀའ་ངལ་གྱི་རིགས་ཉུང་ཤས་ལས་མེད་པ་དང་། དེ་ལ་ང་ཚོའི་བསམ་ཚུལ་དང་རིན་ཐང་རྣམས་གསལ་པོའི་སྒོ་ནས་འབྲེལ་གླེང་བྱེད་ཐུབ་པའི་ནུས་པ་ཞིག་དགོས་ཀྱི་ཡོད། དེར་བརྟེན་སྤྱི་ཚོགས་མི་སྡེ་དང་གོ་ལ་སྤྱིའི་བྱ་བར་འཇུག་པ་ནི་ང་ཚོའི་དམ་བཅའ་དེ་གསལ་པོར་བརྗོད་པ་དང་། དྲི་བ་འདྲི་བ། གཞན་ནས་སྦྱོང་བ། བཟང་ཕྱོགས་ཀྱི་ལམ་ནས་རྩོད་གླེང་ལ་འཇུག་པའི་ནུས་པའི་རྐྱེན་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ང་ཚོའི་བརྟག་ཞིབ་ཀྱི་བསམ་བློ་དང་། ཤུགས་ཆེན་འཛིན་པའི་རིན་ཐང་། ནུས་ཤུགས་སྤེལ་ནུས་དང་སེམས་སྐུལ་ཐེབ་ནུས་ཀྱི་ལམ་ནས་སྐད་ཆ་ཤོད་ཐུབ་པ། དེ་ཡང་ཐ་ན་ཐོབ་ཐང་འདྲ་མཉམ་མེད་པའི་དབུལ་ཕོངས་རྣམས་ཀྱི་ངོ་ཚབ་ཏུ་དེ་ལྟར་བྱེད་ཐུབ་པ་ལ་གཞི་བྱས་ནས་འབྲེལ་གླེང་གསལ་པོར་བྱེད་ཐུབ་པ་ནི་ང་ཚོ་ཚང་མ་གོ་ལ་སྤྱིའི་མི་སེར་དང་འཕོ་འགྱུར་གཏོང་རུང་གི་འགོ་ཁྲིད་ཡིན་པའི་ཆ་ནས་ནུས་སྟོབས་ཅན་གྱི་ཐབས་རྩལ་ཞིག་ཡིན་པ་རེད། 

ཕྱོགས་བསྡོམས།

དུམ་ཚན་དང་པོ་གཉིས་ཀྱི་ནང་། ང་ཚོས་སེམས་ཚོར་རྣམས་ལ་ཁ་ལོ་སྒྱུར་བ་དང་སོ་སོའི་ནང་མི་དང་། གྲོགས་པོ། ལས་རོགས་དང་མཉམ་དུ་ཞི་མཐུན་ངང་ནས་འཇུག་ཚུལ་བཅས་སྦྱངས་ཟིན་པ་རེད། དུམ་ཚན་གསུམ་པའམ་མཐའ་མ་འདིའི་ནང་། ང་ཚོས་འཛམ་གླིང་འདི་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་ཡིན་པ་དང་། འགྲོ་བ་མི་རྣམས་ཀྱིས་བདེ་སྐྱིད་འཐོབ་འདོད་དང་སྡུག་བསྔལ་སྤོང་འདོད་ཀྱི་ཐུན་མོང་གི་འདོད་མོས་ཤིག་མཉམ་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་པ། དེ་བཞིན་དུ་ང་ཚོའི་བྱ་སྤྱོད་ཀྱིས་རྒྱ་ཆེ་བའི་གོ་ལའི་འགྱུར་ལྡོག་ལ་མཐུན་རྐྱེན་ཇི་ལྟར་སྦྱོར་ཐུབ་པའི་སྐོར་ལ་གོ་བ་སྐྱེ་འགོ་ཚུགས་ཀྱི་ཡོད། 

ང་ཚོ་གནས་པའི་འཛམ་གླིང་འདི་ནི་རྙོག་འཛིངས་ཅན་རེད། ང་ཚོ་དར་མ་ཡིན་པའི་ཆ་ནས་སྐབས་འགར་གཞན་སུ་གཅིག་ལའང་ལྟོས་མི་དགོས་པ་དང་གཞན་གྱི་རོགས་སྐྱོར་མི་དགོས་པར་རང་གིས་རང་ལ་བརྟེན་ནས་འཚོ་གནས་ཐུབ་པ་ལྟ་བུ་སྣང་སྲིད། འཛམ་གླིང་གང་སར་ཡོད་པའི་འགྲོ་བ་མི་རྣམས་ནི་གང་ལྟར་ཡང་ང་ཚོ་དང་ཧ་ཅང་མི་འདྲ་བ་རེད། དེ་དག་ཡོད་མེད་ཁྱད་མེད་པ་ལྟར་ཚོར་སྲིད་པ་རེད། ནམ་རྒྱུན་ང་ཚོས་འཛམ་གླིང་ནང་འགྱུར་བ་དངོས་གནས་གཏོང་བར་མི་སྲིད་པ་ལྟ་བུའམ་ཡང་ན་འགྱུར་བ་ཧ་ཅང་གཏོང་དཀའ་བ་ལྟ་བུ་སྣང་སྲིད། ང་ཚོས་བཟའ་བའི་ཁ་ལག་ཡོད་དོ་ཅོག་དང་། གྱོན་པའི་གྱོན་ཆས། ང་ཚོས་གཏོང་བའི་མོ་ཊ་དང་བཅས་པ་ཚང་མ་གཞན་གྱི་རྩོལ་བ་ལ་བརྟེན་ནས་ཇི་ལྟར་འབྱུང་གི་ཡོད་པའི་སོ་སོའི་དངོས་ཡོད་གནས་སྟངས་དེ་རྟོགས་པའི་སྐབས། དེ་དག་ལ་རང་བཞིན་གྱིས་རྗེས་སུ་ཡི་རང་གི་ཚོར་བ་ཞིག་སྐྱེ་ཡི་རེད། ང་ཚོས་སོ་སོ་རང་ཉིད་ནང་བཞིན་འགྲོ་བ་མི་གཞན་རྣམས་ཀྱང་བདེ་སྐྱིད་འདོད་ཀྱི་ཡོད་པ་དེ་རྟོགས་པའི་སྐབས། ང་ཚོས་ཀྱང་དེ་དག་བདེ་སྐྱིད་དང་ལྡན་པའི་ཆེད་དུ་འདོད་པ་ཞིག་སྐྱེད་ཀྱི་ཡོད། མཐར་ལས་ཆུང་ངུ་ལ་བརྟེན་ནས་འབྲས་བུ་ཆེན་པོ་སྐྲུན་ཀྱི་ཡོད་པའི་ཤེས་རྟོགས་བརྒྱུད་ང་ཚོས་དགེ་བའི་ལས་ཆུང་ངུ་ནས་བརྩིས་ཏེ་གང་འདྲ་ཞིག་བྱེད་ནའང་ཁྱད་མེད་པར། དེས་འཛམ་གླིང་ལ་ཕན་ཐོགས་པ་ཞིག་ཡོང་བའི་གདེང་ཚོད་སྐྱེ་ཡི་རེད། 

སྦྱོང་བརྡར་གྱི་ལས་རིམ་འདི་ནི་བཀླགས་ཙམ་བྱས་ཡེ་དྲན་པ་བརྗེད་རྒྱུའི་ཆེད་དུ་མིན་པར། ང་ཚོས་དེ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཉམས་སུ་ལེན་དགོས་ཀྱི་ཡོད། ང་ཚོ་འགྲོ་བ་མི་ཚང་མ་མི་འདྲ་བ་རེད། ཡིན་ནའང་། མི་སྒེར་པ་ཐུག་འཕྲད་དང་སྤྱི་ཚོགས་ཀྱི་གནས་སྟངས་གྲངས་ལས་འདས་པ་བརྒྱུད་ལམ་ལ་ཁ་ལོ་སྒྱུར་བ་དང་ཆབས་ཅིག ང་ཚོ་ཚང་མར་དཀའ་ངལ་དང་རྩོད་ལེན་གྱི་རིགས་མང་པོ་དང་འཕྲད་ཀྱི་ཡོད། ང་ཚོའི་མི་ཚེའི་བདེ་སྡུག་གི་འཕེལ་འགྲིབ་ལ་སྟངས་འཛིན་བྱེད་པའི་སྐབས་སུ་རང་དོན་གྱིས་ཀུན་ལས་བསླངས་པའི་ལས་དང་གཞན་དོན་གྱིས་ཀུན་ལས་བསླངས་པའི་ལས་གཉིས་ཀྱི་དབར་ལ་ཁྱད་པར་གསལ་པོ་ཞིག་ཡོད། ང་ཚོའི་སྐུལ་སློང་དང་ཕྱོགས་ལྷུང་གི་ཤེས་རྟོགས་ཆེན་པོ་དང་དེ་དང་མཉམ་དུ་ང་ཚོའི་ཡ་ལན་ལ་སྟངས་འཛིན་བྱེད་པ་དང་གནད་འགགས་ཆེན་པོའི་སྒོ་ནས་གནས་སྟངས་ལ་བརྟག་དཔྱད་བྱེད་པའི་ནུས་པ་ལ་བརྟེན་ནས་ང་ཚོས་མི་ཚེའི་ནང་གང་དང་ཕྲད་ནའང་གདོང་ལེན་བྱེད་ཐུབ། ང་ཚོས་མདུན་སྐྱོད་དང་བཅས་བཟང་ཕྱོགས་དགེ་བའི་སྟོབས་ཤུགས་ཡིན་པའི་ནུས་པ་ཧ་ཅང་ཆེན་པོ་རྟོགས་ཐུབ་པ་སྟེ། སོ་སོ་རང་ཉིད་ཡག་པོ་དང་། གཞན་རྣམས་ཡག་པོ། རྒྱ་ཆེ་བའི་འཛམ་གླིང་གི་ཡག་པོ་དེ་རྟོགས་ཐུབ།


གལ་ཏེ་ཁྱེད་ཀྱིས་འདི་ལས་གཏིང་ཟབ་པ་ཤེས་འདོད་ཡོད་ན། སྤྱི་སེམས་བཟང་ (SEE) གསུམ་གྱི་སློབ་གཉེར་གྱི་སྒྲོམ་གཞིའི་འགྲེལ་ཚུལ་ཆ་ཚང་ཀློག་དགོས་པ་དང་། དེ་ག་ནང་བཞིན་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་ (Centre for Contemplative Science and Compassion-Based Ethics) གི་ལས་གཞི་གཞན་ཁག་ལ་ཤེས་རྟོགས་བྱེད་དགོས།།

Top