བཟང་སྤྱོད་ལ་བརྟེན་ནས་སེམས་ནང་བདེ་སྐྱིད་འཐོབ་པ།

Studybuddhism universal values 01

དེ་རིང་ངས་སྐབས་དོན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐབས་ལམ་བེད་སྤྱོད་ཐོག་སེམས་ནང་བདེ་སྐྱིད་ཇི་ལྟར་འཐོབ་པའི་སྐོར་སྐད་ཆ་ཤོད་རྒྱུ་ཡིན། འདིར་མི་ཧ་ཅང་མང་པོ་ཞིག་འཛོམས་པའི་སྐབས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་ཀྱི་རླབས་ཆེན་གྲོགས་པོ་ཨ་རིའི་ཚན་རིག་པ་སྐུ་ཞབས་ཌེ་ཝི་ཌི་ལི་ཝིང་སི་ཊོན་ (David Livingstone) ལགས་ད་ལྟ་ང་ཚོ་མཉམ་དུ་འཚོ་བཞུགས་མེད། ཁོང་གིས། ཚོར་བ་འདྲེན་ནུས་ཀྱི་སེམས་པ་བཟང་བའི་མི་ཞིག་ལ་མི་གཞན་ཐུག་སྐབས། མི་དེའི་མིག་ནམ་རྒྱུན་ལས་ཆེར་ལྡང་བ་དང་མིག་རིལ་རྒྱུན་ལྡན་དང་མི་འདྲ་བར་རྒྱ་ཆེ་བ་སྟོན་གྱི་ཡོད་ཅེས་གསུངས་སོང། ཁོང་ང་ཐུག་སྐབས་ཁོང་གི་མིག་ཆེར་ལྡང་བ་སོགས་ཡོང་གི་འདུག་ཅེས་གསུངས་གི་འདུག །དེ་ནི་མི་གཉིས་ཀྱི་བར་དུ་ཡོང་བའི་གནས་ཚུལ་ཞིག་རེད། ཁོ་རང་ང་དང་ཐུག་འཕྲད་སྐབས་དང་ཁོང་རང་བཟའ་ཟླ་དང་ཐུག་འཕྲད་སྐབས་ལྟ་བུ་རེད། འོན་ཀྱང་ད་ལྟ་ངོས་རང་ས་ཆ་གང་དུ་ཕྱིན་ཀྱང་། ས་གནས་དེ་གའི་མི་རྣམས་ཀྱིས་ངོས་ལ་གཅིག་མཚུངས་ཐོག་བཅོས་མིན་གྱི་མཛའ་བརྩེའི་རྣམ་འགྱུར་སྟོན་གྱི་འདུག །དེ་ལ་ངོས་ནས་དངོས་གནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཆོས་དང་མ་འབྲེལ་བའི་རིང་ལུགས་སམ་ཆོས་ལུགས་རིས་མེད་ (secularism) ཟེར་བ་དེའི་དོན་གང་ཡིན་ནམ། ངས་ཐ་སྙད་དེ་རྒྱ་གར་གྱི་སྲོལ་རྒྱུན་ནང་བེད་སྤྱོད་བྱས་པ་ནང་བཞིན་བྱེད་ཀྱི་ཡོད། འོན་ཀྱང་ངོས་ཀྱི་ཁ་ཆེ་དང་ཡེ་ཤུ་གྲོགས་པོ་ཁ་ཤས་ཀྱི་ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདི་ཐོས་སྐབས་ཁོང་ཚོའི་སེམས་ནང་ཆོས་དང་རྒྱབ་འགལ་ལྟར་བུར་གོ་བ་ལེན་གྱི་འདུག །དེར་བརྟེན་ངས་ཐ་སྙད་དེ་བེད་སྤྱོད་བྱེད་པར་ཁོང་ཚོས་དགའ་པོ་བྱེད་ཀྱི་མི་འདུག །ཡང་མི་འགའ་ཞིག་གི་བསམ་པར། བཟང་སྤྱོད་ཀྱི་རྣམ་གཞག་ནི་ཆོས་ལ་གཞི་རྩ་བཟུང་དགོས་པར་གོ་གི་འདུག །འོན་ཀྱང་རྒྱ་གར་གྱི་རྩ་ཁྲིམས་དེ་ཆོས་དང་འབྲེལ་བ་མེད་པའི་སྟེང་ལ་གཞི་བྱས་ཡོད། དེ་ཆོས་དང་འགལ་བའམ་ཆོས་ལ་ངོ་རྒོལ་ཞིག་མིན། རྒྱ་གར་ནང་མི་རྣམས་ཆོས་ལ་བརྩི་བཀུར་ཆེན་པོ་ཡོད། བདག་ཉིད་ཆེན་པོ་གན་དྷི་དང་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་བྱེད་མཁན་རྣམས་ཆོས་ལ་དད་པ་ཆེན་པོ་ཡོད། སྐབས་འདིར་ཆོས་དང་མ་འབྲེལ་བ་ (secular) ཞེས་པའི་གོ་དོན་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ཆོས་ལུགས་གཞན་ལས་ལེགས་པའི་ལྟ་ཚུལ་སོགས་མེད་པར་ཚང་མར་གཅིག་འགྱུར་ཐོག་གུས་བརྩི་བྱེད་པར་གོ་ཡི་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་ནང་ཆོས་དང་མ་འབྲེལ་བའམ་ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་ཐོག་ནས་ཐ་ན་ཆོས་ལ་ཡིད་ཆེས་མེད་མཁན་ཚོའི་ཐོབ་ཐང་ལའང་གཅིག་མཚུངས་ཐོག་གུས་བརྩི་བྱས་ཡོད། དེར་བརྟེན་ངས་དོན་དག་དེ་འདྲ་ཞིག་ལ་གོ་བའི་ཆེད་དུ་ཆོས་དང་མ་འབྲེལ་བའམ་ཆོས་ལུགས་རིས་མེད་ (secularism) ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད། ༼བཟང་སྤྱོད་ཅེས་པ་དེ་གང་ཡིན་ནམ་ཞེས་པར་གཟིགས།༽

བརྙན་པར། ༸གོང་ས་མཆོག “སྙིང་རྗེ་ཡི་བློའི་འཁྱེར་གསོ་གལ་ཆེན་ཡིན་ཚུལ།” 

འགྲོ་བ་མི་ཞིག་དང་། ཐ་ན་དུད་འགྲོ་དང་འབུ་སྲིན་ཞིག་ཡིན་པའི་ཆ་ནས། ང་ཚོ་ཚང་མས་བདེ་བ་དང་ཞི་བ་གང་མང་འདོད་ཀྱི་ཡོད་པ་ལས་སུ་གཅིག་གིས་ཀྱང་བསུན་གཙེར་དང་སྡུག་བསྔལ་སོགས་འདོད་ཀྱི་མེད། ཚང་མར་བདེ་བ་དོན་གཉེར་བྱེད་པ་དང་སྡུག་བསྔལ་དང་། དཀའ་ངལ། བསུན་གཙེར་གྱི་རིགས་མེད་པ་བཟོ་རྒྱུའི་ཐོབ་ཐང་ཡོད། དེ་ལྟར་ཡིན་པ་ང་ཚོས་རྒྱུ་མཚན་དང་བརྟག་དཔྱད་བྱས་ཏེ་ར་སྤྲོད་བྱེད་མི་དགོས། དེ་ནི་རང་བཞིན་ཙམ་ཡིན་ཞིང་། མི་དང་། བྱེའུ། དུད་འགྲོ་སོགས་ང་ཚོ་ཚང་མས་དམིགས་ཡུལ་དེ་སྒྲུབ་ཐབས་བྱེད་ཀྱི་ཡོད། གལ་ཆེན་པོ་དེ་གང་རེད་ཅེ་ན། དམིགས་ཡུལ་དེ་སྒྲུབ་བྱེད་ཀྱི་ཐབས་ལམ་དེ་རེད། ཐབས་ལམ་དེ་གང་འདྲ་ཞིག་དགོས་སམ་ཞེ་ན། ངེས་པར་དུ་དོན་དངོས་དང་མཐུན་པ་ཞིག་དགོས། དོན་དངོས་དང་མི་མཐུན་པའི་ཐབས་ཤིག་བེད་སྤྱོད་བྱས་ན། དམིགས་ཡུལ་དེ་ནམ་ཡང་སྒྲུབ་མི་ཐུབ། དཔེར་ན། སྐབས་རེ་དུད་འགྲོ་དེ་ཚོར་དངངས་སྐྲག་སྐྱེས་ནས་ལམ་ནོར་བ་དེར་རྒྱུག་འགྲོ་གི་ཡོད། ཉེན་ཁ་ལས་ཟློག་རྒྱུའི་ཚབ་ཏུ་དཀའ་ངལ་དང་གནོད་འཚེ་ཡོད་སའི་ཕྱོགས་སུ་རྒྱུག་འགྲོ་གི་ཡོད། འོན་ཀྱང་ང་ཚོ་འགྲོ་བ་མི་རྣམས་ལ་ཧང་སང་དགོས་པའི་རྣམ་དཔྱོད་ཡོད་པས། རྒྱུ་མཚན་དང་རྣམ་དཔྱོད་ཀྱི་ཐོག་ནས་དོན་དངོས་དང་མཐུན་པའི་ཐབས་ཚུལ་གྱི་རྗེས་སུ་འབྲང་བའི་ནུས་པ་ཆེ་བ་ཡོད་པ་རེད། བྱས་ཙང་། ང་ཚོར་གྲུབ་འབྲས་དང་ལམ་ལྷོང་ཆེ་བ་ཡོད། ང་ཚོར་ཕུགས་ཀྱི་བདེ་དོན་ལ་དམིགས་པའི་ཤེས་རབ་ཡོད་ཅིང་། སྐབས་རེ་ཕུགས་ཀྱི་གྲུབ་འབྲས་ཆེད་དུ་འཕྲལ་གྱི་ཁེ་ཕན་དེ་ཚོ་དགའ་བཞིན་སྤྲོ་བཞིན་དུ་བློས་གཏོང་བྱེད་ཀྱི་ཡོད། དེས་ང་ཚོའི་རྣམ་དཔྱོད་དེ་དུད་འགྲོ་ཚོ་ལས་ལྷག་པ་ཞིག་ཡོད་པ་སྟོན་གྱི་ཡོད། བྱས་ཙང་། རྣམ་དཔྱོད་དེ་འདྲ་ཡོད་སྟབས། ང་ཚོ་མི་རྣམས་ཀྱི་ངེས་པར་དུ་ཕུགས་ཀྱི་ཁེ་ཕན་སྒྲུབ་ཐབས་ལ་འབད་དགོས།

དེ་ནས་དྲི་བ་ནི། མྱོང་བའི་རིམ་པ་གང་ཞིག་གིས་ང་ཚོར་ཁེ་ཕན་ཆེ་ཤོས་འདྲེན་ནམ་ཞེས་པ་འདི་ཡིན། དབང་ཤེས་ལ་བརྟེན་པའི་མྱོང་བ་ནི་གནས་སྐབས་ཙམ་ཡིན། དཔེར་ན། མིག་གི་ཤེས་པ་ལྟ་བུ་བརྒྱུད། རི་མོའམ་རྩེད་མོའི་རིགས། ཡང་ན་ས་ཆ་འདྲ་མིན་ལ་སྐྱོད་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ། ཡུལ་ལྗོངས་ཀྱི་བཀོད་པ། གྱོན་ཆས་ཀྱི་རིགས། མི་སོགས་ཐུག་འཕྲད་ལ་བརྟེན་ནས་རང་ལ་མིག་གི་དབང་ཤེས་ཀྱི་རིམ་པའི་བདེ་བ་འགའ་འཐོབ་ཀྱི་ཡོད། ངོས་ཀྱི་མོ་ཊའི་ཁ་ལོ་བ་ཁོང་ལ་ཆ་བཞག་ན། ཁོང་རྒྱ་གར་བ་ཞིག་ཡིན་པ་དང་ཁཱིར་ཀེཊ་ (cricket) རྩེད་མོར་ཧ་ཅང་དགའ་པོ་ཡོདཔ་རེད། རྩེད་མོ་དེའི་འགྲན་སྡུར་ཞིག་ཡོད་པའི་སྐབས་མཚན་མོ་དེར་གཉིད་ག་ཚོད་ཉལ་གྱི་ཡོད་ཅེས་དྲིས་སྐབས། ཆུ་ཚོད་བཞི་ཉལ་གྱི་ཡོད་ཟེར་གྱི་འདུག །དེ་ནས་ངས་ཁོང་ལ་རྩེད་མོར་ལྟ་བ་ལས་གཉིད་ཡག་པོ་ཁུག་རྒྱུ་གལ་ཆེ་བ་ཡོད་ཅེས་བཤད་པ་ཡིན། དེ་སེམས་ལ་ཕན་ཆེ་བ་ཡོད། དེ་ག་ནང་བཞིན་རོལ་དབྱངས་དང་དྲི་ཞིམ། ཟས་ཞིམ། རེག་བྱའི་བདེ་བ་དེ་འདྲ་ཡོད། སྐྱིད་པོའི་ཚོར་བ་དེ་དག་ནི་དབང་ཤེས་ལ་བརྟེན་པའི་གནས་སྐབས་ཙམ་ཡིན། བདེ་བ་དེ་དག་མྱངས་ཚར་བའི་རྗེས་དྲན་པའི་ཡུལ་ཙམ་ལས་ལྷག་གི་མེད།

ཕྱོགས་གཞན་ཞིག་ནས་ཡང་མྱོང་བ་ཁག་ཅིག་སེམས་སམ་ཡིད་ཤེས་ལ་བརྟེན་པ་ཡོད་པ་དང་། དེ་དག་ནི་དབང་ཤེས་ལ་བརྟེན་གྱི་མེད། ཡིད་ཤེས་ལ་བརྟེན་ནས་བྱུང་བའི་བདེ་བ་དེ་དག་ཡུན་རིང་བ་གནས་ཀྱི་ཡོད། དེར་བརྟེན་བདེ་བ་དང་སྡུག་བསྔལ་གྱི་མྱོང་བ་ལ་རིམ་པ་གཉིས་ཡོད་པ་ཤེས་རྒྱུ་གལ་ཆེན་པོ་ཡིན། གཅིག་དབང་ཤེས་ཀྱི་རིམ་པ་དང་། དེ་ནི་གནས་སྐབས་ཙམ་རེད། གཞན་དེ་ཡིད་ཤེས་ཀྱི་རིམ་པ་ལ་བརྟེན་པས་རྦད་དེ་གཏིང་ཟབ་པ་ཡོད།

ང་ཚོའི་དེང་དུས་ཀྱི་དུས་ཚོད་འདིར་མི་རྣམས་དབང་ཤེས་ཀྱི་རིམ་པར་འཇུག་ཆེ་དྲགས་ནས་དེ་གལ་ཆེ་ཤོས་སུ་བརྩི་གི་ཡོད། དེར་བརྟེན་ཁོང་ཚོས་བདེ་སྐྱིད་ཀྱི་འབྱུང་རྩ་དེ་ཕྱི་དངོས་པོ་ཡིན་པར་བསམས་ནས་དེ་རྟག་ཏུ་གཙོ་བོར་བཟུང་སྟེ་དོན་གཉེར་བྱེད་ཅིང་། དེ་ལས་གཏིང་ཟབ་པའི་ནང་སེམས་ཀྱི་རིམ་པ་ལ་སྣང་ཆུང་གཏོང་གི་ཡོད། ལོ་མང་སྔོན་སྐབས་ཤིག་ལ་ངོས་རང་འཇར་མན་གྲོང་ཁྱེར་བྷར་ལིན་དུ་ཡོད་པའི་སྐབས། ང་རང་སྡོད་སའི་མགྲོན་ཁང་དེ་མཚན་ཚོགས་ཁང་ཞིག་དང་ཏག་ཏག་ཁ་སྤྲོད་རེད་འདུག །དེའི་དགོང་མོ་ཆུ་ཚོད་ ༧།༣༠ ཙམ་མམ་ ༨ པ་ཙམ་ལ་ང་རང་ཉལ་བར་ཕྱིན་པ་དང་། ཕྱི་ལོགས་དེར་གློག་མཚོན་མདོག་དམར་པོ་དང་། སྔོན་པོ། ལྗང་ཁུ་སོགས་ཕྲ་ལྷམ་མེར་འཁྱུག་ཅིང་། ལྡིར་སྒྲ་དང་རྡིག་སྒྲ་བརྒྱབ་ཀྱི་འདུག །དེ་ནས་གཉིད་ཁུག་སྟེ་ནམ་ཕྱེད་ཙམ་ལ་གཉིད་སད་པ་ད་དུང་མཚན་ཚོགས་དེ་གྲོལ་མི་འདུག །མ་ཟད་ནམ་ཕྱེད་ཡོལ་ནས་ཚོད་ ༤ པ་ཙམ་ལའང་ད་དུང་གྲོལ་མི་འདུག །མཚན་མོ་དེར་མི་དེ་དག་ཚང་མའི་ནུས་ཤུགས་དབང་ཤེས་ཀྱི་རིམ་པའི་བདེ་བའི་ཆེད་བཏང་ནས་རྫོགས་པ་རེད། ཕྱི་ཉིན་ཞོགས་པ་དེར་ཁོང་ཚོ་རྦད་དེ་ཐང་ཆད་ནས་བསྡད་ཡོད་ཀྱི་རེད་བསམ་པ་བྱུང་།

ཉེ་ཆར་ངོས་ལ་ཕྲུ་གུ་ཁ་ཤས་ཡོད་པའི་རྒྱ་གར་གྱི་ཁྱིམ་ཚང་ཞིག་ཐུག་བྱུང་། སྐབས་དེར་ངེད་ཚོ་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་པ་ཡིན། འདས་པའི་ལོ་ངོ་གཉིས་སམ་གསུམ་ནང་ངས་གཟུགས་མཐོང་བརྙན་འཕྲིན་ཚར་གཅིག་ཀྱང་བལྟས་མེད་བཤད་པ་ཡིན། བི་བི་སི་རྒྱང་བསྲིང་རླུང་འཕྲིན་ (BBC) ཉན་ནས་སྡོད་ཀྱི་ཡོད་ཅེས་བཤད་པ་ཡིན། དེ་ནས་ཁྱིམ་ཚང་དེའི་ནང་མི་ལོ་གཞོན་པ་ཞིག་གིས། “གཟུགས་མཐོང་བརྙན་འཕྲིན་མ་བལྟས་ན་ཁྱེད་རང་ཧ་ཅང་ཉོབ་པོའམ་དུས་ཚོད་འཁྱོལ་ཁག་པོ་བྱུང་ཡོད་ཤག་རེད།” ཅེས་བཤད་ཀྱི་འདུག །དེས་ཁོ་རང་ཚོ་མང་པོ་བལྟ་གི་ཡོད་པ་མཚོན་གྱི་ཡོད། ལྷག་པར་དུ་ཨ་རི་དང་ཡུ་རོབ་ནང་། ཕྲུ་གུ་ཚོས་གཟུགས་མཐོང་བརྙན་འཕྲིན་ཧ་ཅང་མང་པོ་ལྟ་གི་ཡོད་ཚོད་འདུག །དེ་ནི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་མིན། གང་ཡིན་ཟེར་ན། དེས་རྣམ་དཔྱོད་རྣོ་པོ་བརྒྱུད་ང་ཚོས་བརྟག་དཔྱད་བྱེད་པའི་སེམས་ཀྱི་ནུས་པ་ཁྱད་པར་བ་དེར་འགྱུར་བ་གཏོང་གི་ཡོད། དེར་བརྟེན་དབང་ཤེས་ཀྱི་རིམ་པའི་བདེ་སྐྱིད་ཙམ་མིན་པར། ནང་སེམས་ཀྱི་རིམ་པའི་ཐོག་ནས་བདེ་སྐྱིད་འཚོལ་སྒྲུབ་བྱེད་རྒྱུ་དེ་ཕན་རླབས་ཆེ་བ་ཡོད།

གཞན་ཡང་གནད་དོན་གཅིག་ནི་སེམས་ཚོར་ལ་དཀྲོག་རྐྱེན་དང་བསུན་གཙེར་ངོ་མ་དེ་སེམས་ཀྱི་ཐོག་ནས་ཡོང་གི་ཡོད། བྱས་ཙང་། མི་ཚེ་སྐྱིད་པོ་ཞིག་ཡོང་བར་སེམས་ཞི་འཇམ་པོ་དགོས་ཀྱི་ཡོད། བསུན་གཙེར་གྱི་འབྱུང་ཁུངས་དེ་ནང་སེམས་ཀྱི་ཐོག་ནས་ཡོང་སྟབས། དེ་ལས་ཐར་ནས་བདེ་བ་འཐོབ་པར་གཙོ་བོ་ནང་སེམས་ཀྱི་ཐོག་ལ་བྱ་བ་བྱེད་དགོས། དེར་བརྟེན་དང་པོ་ང་ཚོས་ནང་སེམས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེམས་ཀྱི་རིན་ཐང་ལ་དོ་སྣང་བྱེད་དགོས། ཀླད་པའི་གོ་ས་ཆུང་ངུ་ནང་ང་ཚོས་ནང་སེམས་ཀྱི་གོ་ས་རྒྱ་ཆེན་པོ་གསར་རྟོགས་བྱེད་ཐུབ། འོན་ཀྱང་ང་ཚོས་ནང་སེམས་ཀྱི་གནས་སྟངས་ཐད་མང་པོ་ཤེས་ཀྱི་མེད། སོང་ཙང་། ང་ཚོས་སེམས་ཚོར་ལ་བརྟག་དཔྱད་མང་ཙམ་བྱེད་དགོས། སེམས་ཚོར་ཤུགས་ཆེན་པོ་དེ་འདྲ་འབྱུང་བའི་སྐབས། སེམས་ཀྱི་ཆ་ཤས་ཤིག་ནས་སེམས་ཚོར་དེ་ལ་བརྟག་དཔྱད་བྱེད་དགོས། དེ་ནས་རིམ་གྱིས་དེ་ཤུགས་ཆུང་དུ་འགྲོ་གི་ཡོད་པ་ཧ་གོ་གི་རེད། ང་ཚོར་སེམས་རྒྱུད་ཁོང་ཁྲོས་དབང་འགྱུར་བྱེད་པ་ཤེས་རྟོགས་ཐུབ་པའི་ནུས་པ་ཡོད། བརྟག་དཔྱད་བྱེད་འགོ་བཙུགས་མ་ཐག་དེའི་ངར་ཤུགས་ཆུང་དུ་འགྲོ་གི་ཡོད། སེམས་ཀྱི་གཏིང་ཟབ་པའི་གནས་སྟངས་ལ་བརྟག་དཔྱད་བྱ་རྒྱུ་ནི་དོ་སྣང་བྱེད་འོས་པའི་གནས་ཤིག་ཡིན།

ད་ལྟ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཡོད། དུས་རབས་ཉི་ཤུ་པ་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་ཤོས་འདྲ་པོ་ཞིག་ཏུ་སྣང་ཡོད། གང་ཡིན་ཟེར་ན། དུས་རབས་དེའི་སྐབས་ཚན་རིག་དང་བཟོ་ལས་རིག་པའི་ཁྱབ་ཁོངས་ནང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། དེར་བརྟེན་ང་ཚོའི་ཤེས་རྒྱ་དང་། འཚོ་བའི་གནས་བབས་ཀྱང་གོང་མཐོར་ཕྱིན་ཡོད། འོན་ཀྱང་དེ་དང་དུས་མཚུངས་དུས་རབས་དེ་མི་གསོད་ཁྲག་སྦྱོར་གྱི་ལས་མང་ཤོས་བྱུང་བའི་དུས་ཤིག་ཀྱང་ཆགས་ཡོད། ང་རང་ཚོའི་ཕ་མ་དང་པོ་པོ། རྨོ་རྨོ་རྣམས་ཀྱིས་སྡུག་བསྔལ་དང་བར་ཆད་མང་པོ་མྱངས་ཡོད། རྡུལ་ཕྲན་མཚོན་ཆ་ལ་སོགས་པའི་རྐྱེན་སྣ་ཚོགས་ལ་བརྟེན་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་ནང་མི་ས་ཡ་བརྒྱ་ཕྲག་གཉིས་ལྷག་ཙམ་བྱུང་ཡོད། གལ་སྲིད་འཚེ་བའི་ལས་མི་བཟོད་པ་དེ་དག་གིས་ལམ་ལུགས་གསར་པ་ཞིག་བསྐྲུན་ཐུབ་ཡོད་ན། གཅིག་བྱས་ན་ང་ཚོས་དག་སྐྱེལ་བྱེད་ཐུབ་སྲིད་པ་ཞིག་དང་རྒྱུ་མཚན་ལྡན་པ་ཞིག་རེད། ཡིན་ནའང་གནད་དོན་དེ་འདྲ་མ་རེད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་དུའང་ཨི་རག་ (Iraq) དང་ཨི་རན་ (Iran) ། ཨ་ཧྥ་གྷ་ནི་སི་ཐཱན་ (Afghanistan) སོགས་ཀྱི་ནང་དྲག་སྤྱོད་དང་འཇིགས་སྐུལ་རིང་ལུགས་སོགས་ཀྱི་དཀའ་ངལ་ཧ་ཅང་མང་པོ་ཡོད། དེ་ནི་འདས་པའི་ནོར་འཁྲུལ་དང་ལྷོད་གཡེངས་ཤོར་བའི་རྟགས་མཚན་ཞིག་རེད། སྐབས་དེར་ཕྱི་དངོས་པོའི་ཐོག་ལ་ཚད་ལས་བརྒལ་བའི་དོ་སྣང་སྤྲད་ཡོད། ད་ཆ་ང་ཚོས་ངེས་པར་དུ་ཕྱི་དངོས་པོ་ཙམ་མིན་པར། ནང་སེམས་ཀྱི་རིན་ཐང་ཐད་བསམ་བློ་མང་ཙམ་གཏོང་དགོས་ཀྱི་ཡོད།

དེ་བཞིན་སྤྱིར་བཏང་ཕྱི་དངོས་པོའི་ཡར་རྒྱས་གང་ལ་གང་འཚམ་བྱུང་ནའང་། ད་དུང་སྐྱོ་པོ་དང་ཕྱུག་པོའི་དབར་གྱི་ཁྱད་པར་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། འདིར་ཨོ་སི་ཊྲི་ཡའི་ནང་འདྲ་མཉམ་གྱི་གནས་སྟངས་དེ་ཅུང་ཡག་པོ་འདུག །འོན་ཀྱང་ལོ་སྔོན་མ་ངོས་རང་མེག་སི་ཁོ་ (Mexico) དང་། ཨར་ཇན་ཊི་ན་ (Argentina) ། སྦ་ར་ཛིལ་ (Brazil) ནང་དུ་བསྐྱོད་པའི་སྐབས། མི་སྐྱོ་པོ་དང་ཕྱུག་པོ་དབར་གྱི་སྟོང་ཆ་ཆེ་ཆུང་སྐོར་ལ་སྐད་ཆ་དྲིས་པ་དང་། ཁོང་ཚོས་སྟོང་ཆ་ཧ་ཅང་ཆེན་པོ་ཡོད་རེད་ཅེས་ལབ་ཀྱི་འདུག །འདིར་ཨོ་སི་ཊྲི་རི་ཡའི་ (Austria) ནང་སྐྱོ་པོ་དང་ཕྱུག་པོའི་བར་གྱི་སྟོང་ཆ་དེ་ཆུང་ཆུང་ཡིན་པའི་བཟོ་འདྲ་འདུག

ད་དུང་ངས་། “ལྐོག་ཟ་རུལ་སུངས་ཀྱི་གནས་ཚད་དེ་ཆེ་ཆུང་གང་ཡིན་སྐོར་ལའང་དྲིས་པ་ཡིན།” སྨྲ་བརྗོད་དང་གསར་འགོད་རང་དབང་ཅན་གྱི་མང་གཙོའི་རྒྱལ་ཁབ་ནང་། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་པོ་འབྱུང་གི་ཡོད། དེ་ནི་ཁྲིམས་རང་སྲུང་དང་ཀུན་སྤྱོད་ཀྱི་རྣམ་གཞག་ཡག་པོ་མེད་པའི་རྐྱེན་གྱིས་རེད། དཔེར་ན། རྒྱ་གར་ནི་ཆོས་ལ་དད་སེམས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་། ད་དུང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་པོ་ལྷག་གི་ཡོད། རྒྱ་གར་བ་ཚོའི་ཁྱིམ་དུ་ལྷ་དང་ལྷ་མོའི་སྐུ་བརྙན་སྒྲིག་ཤོམ་བྱེད་ཅིང་། དེ་དག་ལ་སྨོན་ལམ་འདེབས་པ་དང་བདུག་སྤོས་དང་མེ་ཏོག་སོགས་འབུལ་གྱི་ཡོད། ཡིན་ནའང་སྐབས་རེ་ངས་ཀྱལ་ཀའི་ཚུལ་དུ་ཁོང་ཚོའི་སྨོན་ལམ་རྒྱག་སྐབས། “ངའི་ལྐོག་ཟ་རུལ་སུངས་ལམ་ལྷོང་ཡོང་བ་ཤོག་” ཅེས་སྨོན་ལམ་འདེབས་ཀྱི་ཡོད་ཅེས་རྩེད་མོ་ཞུ་གི་ཡོད། བྱས་ཙང་། དེ་སེམས་པ་སྐྱོ་པོ་རེད། ཆོས་སེམས་ཧ་ཅང་ཆེན་པོ་ཡོད་ཀྱང་ད་དུང་ལྐོག་ཟ་རུལ་སུངས་ཡོང་གི་ཡོད། ཁོང་ཚོ་ཆོས་ལ་ཡིད་ཆེས་ཡོད་མཁན་ཡིན་ཟེར་ནའང་། དོན་དངོས་སུ་ཆོས་ལུགས་ཀྱི་རྩ་འཛིན་ནམ་བསླབ་བྱ་རྣམས་ཏག་ཏག་རྒྱུད་ཐོག་ཏུ་སྦྱོར་བ་དང་དཀོན་མཆོག་གི་བཀའ་ཇི་བཞིན་སྒྲུབ་མཁན་གྱི་དད་ལྡན་པ་ཞིག་ཆགས་ཀྱི་མེད།

ལོ་ཤས་གོང་མཁས་དབང་ཞིག་དང་མཉམ་དུ་རྒྱལ་ཁབ་སྣ་འཛོམས་ཀྱི་ཁེ་ལས་མཉམ་འདུས་ (multi-national companies) མང་པོ་ཞིག་གི་སྐོར་དང་། ཁོང་ཚོས་ཕྱི་གསལ་ནང་གསལ་མེད་པའི་ཁེ་སང་ཇི་ལྟར་བཟོ་ཚུལ་ཐད་བགྲོ་གླེང་བྱས་པ་ཡིན། ངེད་ཚོ་བགྲོ་གླེང་བྱས་ནས་ངས། “ཁེ་ལས་མཉམ་འདུས་དེ་ཚོ་འཛིན་སྐྱོང་བྱེད་མཁན་རྣམས་དཀོན་མཆོག་ལ་བརྩི་མཁན་ཆོས་དད་ཅན་ཡིན་གྱི་རེད། བྱས་ཙང་། སྒྲིག་ལམ་མམ་ཀུན་སྤྱོད་དགོས་ཀྱི་ཡོད།” ཅེས་བཤད་པ་ཡིན། ཁོང་གིས། “དེ་ནི་དུས་རབས་བཅོ་བརྒྱད་པའི་བསམ་བློ་རེད།” ཅེས་གསུངས་སོང་། མ་གཞི་མི་དེ་དག་གིས་དཀོན་མཆོག་ལ་གསོལ་བ་འདེབས་ཀྱང་ཁ་ཞེ་གཉིས་མེད་ཐུབ་ཀྱི་མེད། གལ་སྲིད་ཁ་ཞེ་གཉིས་མེད་ཀྱི་དད་ལྡན་པ་ཞིག་ཡིན་ན། དྲང་པོ་དང་། དོ་འཁུར། བཟང་སྤྱོད་ཐོག་ནས་དཀོན་མཆོག་གི་བསླབ་བྱ་ཚུལ་བཞིན་སྒྲུབ་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་གཞན་དང་ཁོར་ཡུག་ལ་དོ་འཁུར་མང་ཙམ་བྱེད་དགོས། དེ་འདྲ་ཡིན་པ་སོང་ཙང། ནང་ཀུན་སྤྱོད་དང་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་དོ་སྣང་དང་ནན་བཤད་མང་ཙམ་བྱེད་དགོས་ཀྱི་ཡོད། དེ་ཡང་ལས་འགན་ནམ་འཇིགས་སྣང་གི་ཐོག་ནས་མ་ཡིན་པར། རང་ཁྲིམས་དང་སྒྲིག་ལམ་ལ་སྲུང་བརྩི་དགོས་པའི་སྐོར་ནན་བཤད་བྱེད་དགོས། དེ་ཡང་མ་སྐུལ་དྭང་བླངས་ཀྱིས་བྱེད་དགོས་ཀྱི་ཡོད། དཔེར་ན། “གལ་སྲིད་ངས་བྱ་སྤྱོད་འདི་བྱས་པ་ཡིན་ན། འདི་ནི་བཟང་སྤྱོད་ཀྱི་རྣམ་གཞག་དང་འགལ་གྱི་འདུག” ཅེས་ཤེས་པའི་ཐོག་ནས་བྱེད་དགོས།

ང་ཚོས་ནང་ཀུན་སྤྱོད་དང་བཟང་སྤྱོད་ཀྱི་རྣམ་གཞག་ཡར་རྒྱས་ཆེད་འབད་བརྩོན་མང་ཙམ་བསྟེན་དགོས། དེ་མིན་མི་འབོར་ཧ་ཅང་འཕེལ་རྒྱས་ཕྱིན་པ་དང་ཐོན་ཁུངས་ཉུང་དུ་འགྲོ་བ་ལ་བརྟེན་ནས། དཀའ་ངལ་མང་དུ་མང་དུ་འགྲོ་རྒྱུ་རང་རེད། བྱས་ཙང་། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་སྙིང་རྗེ་དང་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་རྒྱུར་ང་ཚོས་འབད་བརྩོན་ཧུར་ཐག་བྱེད་དགོས། དེ་ནི་ཀུན་སྤྱོད་ཀྱི་བླང་དོར་རམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གཞི་རྩའི་རྣམ་གཞག་དེ་ཡིན།

ཀུན་སྤྱོད་བླང་དོར་གྱི་རྣམ་གཞག་ནི་ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་པོ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད། དེ་ནི་གཞན་སེམས་ཅན་ལ་སེམས་འཁུར་མང་ཙམ་བྱེད་དགོས་པའི་དོན་ཡིན། ཁོང་ཚོའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན། ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད། ཁོང་ཚོའི་བདེ་བ་ནི་ང་རང་གི་བདེ་བའི་འབྱུང་ཁུངས་ཡིན། ང་ཚོས་གནས་ལུགས་དེ་ཤེས་པ་བྱས་ཏེ་གུས་བརྩི་ཞུས་པ་ཡིན་ན། དེ་ནས་རྫུན་དང་། མགོ་སྐོར། དབང་ཡོད་ཐུབ་ཚོད་གཏོང་བ་སོགས་ཡོང་ས་མེད། དེ་འདྲ་ཡིན་པ་སོང་ཙང་། ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་ནི་བདེ་བའི་འབྱུང་ཁུངས་ཡིན་པ་དང་། དེ་ནི་ང་ཚོའི་ཨ་མའི་དུས་སྐབས་ནས་བཟུང་ལུས་པོའི་གྲུབ་ཆའི་རང་བཞིན་ཐོག་ནས་ཡོང་ཞིང་། ང་ཚོ་མ་ཡི་བྱམས་བརྩེ་དང་མ་ཡི་འོ་མ་ལ་བརྟེན་ནས་འཚོ་གནས་བྱས་ཡོད། དེ་ལྟ་བུའི་མྱོང་བ་དེ་ང་ཚོའི་རིགས་རྫས་དང་ཁྲག་རྒྱུན་ནང་གཏིང་ཚུགས་ནས་ཐིམས་ཡོད། གནད་དོན་ནི། ཕྲུ་གུ་རྣམས་ལ་དངུལ་དང་རིག་གཞུང་གི་དངོས་པོ་ལས་གཞན་གྱི་བརྩེ་སེམས་ལ་དོ་སྣང་ཆེ་བ་ཡོད། འོན་ཀྱང་འཚར་ལོངས་བྱུང་སྟེ་རྣམ་དཔྱོད་ལྡན་པ་ཞིག་མ་ཆགས་ན། རིན་ཐང་དེ་ཆུང་དུ་འགྲོ་གི་ཡོད། གང་ཡིན་ཟེར་ན། ཁོང་ཚོ་རང་གཅེས་འཛིན་ཤུགས་ཆེ་རུ་འགྲོ་གི་ཡོད། གལ་སྲིད་ཁོང་ཚོས་གཞན་ལ་རོགས་རམ་བྱས་པའི་དབང་དུ་བཏང་ན། དེ་ནི་ “ང་ལ་ཚུར་ག་རེ་འཐོབ་ཀྱི་རེད་དམ་” བསམ་པ་ལ་དོ་སྣང་སླེབས་ནས་རོགས་རམ་བྱེད་ཀྱི་ཡོད། དེར་བརྟེན་རང་གཅེས་འཛིན་གྱི་བློ་དེས་ “ང་” ཞེས་ཤུགས་ཆེན་འཛིན་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། དེ་ནི་དཀའ་ངལ་ཆེན་པོའི་འབྱུང་ཁུངས་ལྟེ་བ་ཞིག་ཆགས་ཀྱི་ཡོད། ང་ཚོས་སོ་སོ་ཡུ་རོབ་ཀྱི་མཐུན་ཚོགས་འདིའི་ཆ་ཤས་ཤིག་ཡིན་པའམ། ཡང་ན་འཛམ་གླིང་ཁྱོན་ཡོངས་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་པའི་ཐོག་ནས། འགྲོ་མིའི་སྤྱི་ཚོགས་ཁྱོན་ཡོངས་ “ང་ཚོ་” ཡིན་པའི་བསམ་བློ་གཏོང་དགོས། ང་ཚོས་སོ་སོ་གཅིག་པུའམ་ “ང་ཆུང་ཆུང་” ཞིག་ལ་བསམ་བློ་མ་བཏང་བར། གོ་ལ་འདིའི་ནང་གི་མི་འབོར་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མ་ “ང་ཚོ་” ཟེར་བ་དེ་ཡིན་པར་བསམ་བློ་གཏོང་དགོས་པ་དང། ང་ཚོ་ཚང་མ་ “ང་ཚོ་” ཟེར་བ་དེའི་ཆ་ཤས་ཡིན་པར་བསམ་བློ་གཏོང་དགོས། དེར་བརྟེན་ང་ཚོས་ཕྱུག་པོ་དང་སྐྱོ་པོ་སུ་ཡིན་རུང་ཚང་མར་གུས་བརྩི་བྱེད་དགོས། མི་ཚང་མར་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ཚང་མའི་ནང་ཐོབ་ཐང་འདྲ་མཉམ་ཡོད་དགོས། དེ་ལྟ་བུའི་གུས་བརྩི་དེ་ང་ཚོས་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་པའི་ཐོག་ནས་ཡོང་གི་ཡོད།

དེ་དག་ནི་ཆོས་ལུགས་ཀྱི་ཆ་ཤས་ཡིན་པའི་ངེས་པ་མེད། ཆོས་ལུགས་ནི་སྒེར་གྱི་གནད་དོན་ཞིག་རེད། གོང་གི་ལྟ་ཚུལ་དེ་དག་གིས་འགྲོ་བ་མིའི་རིགས་ཚང་མར་སེམས་འཁུར་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་གཞན་ཚང་མར་བརྩི་བཀུར་ཞུས་ན། ཐུབ་ཚོད་དམ་བཤུ་བཞོག་གཏོང་བ་མི་ཡོང་། དེ་བཞིན་ཚོར་བ་འདྲེན་ནུས་ཀྱི་སེམས་པ་བཟང་པོ་ནི་སོ་སོའི་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད། སེམས་ནང་རྒྱུན་དུ་ཉེན་ཁ་དང་འཇིགས་སྣང་ཡོད་ན་དེས་ང་ཚོའི་ནད་འགོག་མ་ལག་ (immune system) ཉམས་དམས་སུ་གཏོང་གི་ཡོད་སྐོར་ཚན་རིག་པ་ཁ་ཤས་ཀྱིས་གསུང་གི་འདུག །དེར་བརྟེན་ང་ཚོ་རང་གཅེས་འཛིན་ཤུགས་ཆེན་ཡོད་སྐབས། སོ་སོའི་སེམས་ནང་འཇིགས་སྣང་མང་པོ་འབྱུང་བ་དང་། གཞན་ལ་དོགས་པ་རྣམ་རྟོག་བྱས་ནས་སྡོད་ཀྱི་ཡོད། དེ་ལ་བརྟེན་ནས་ཁེར་རྐྱང་དང་འཇིགས་སྣང་གི་ཚོར་བ་ཡོང་བ་དང་། མཐར་དེས་བསུན་སྣང་དང་མི་སྐྱིད་པ་ཡོང་ནས་མཐར་ཁོང་ཁྲོ་སློང་གི་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ། ང་ཚོས་སེམས་གུ་ཡངས་པོ་བྱས་ཏེ་གཞན་ལ་སེམས་འཁུར་བྱས་ན། དེ་ནས་ང་ཚོས་རང་གིས་རང་ལ་གདེང་སྤོབས་སྐྱེད་ཀྱི་ཡོད། དེའི་ཐོག་ནས་ངོ་ལྐོག་མེད་པ་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ལས་ཀ་བྱེད་ཐུབ། ང་ཚོར་སུ་ཐུག་པ་དང་སུ་མཐོང་ཡང་གཡས་གཡོན་གྱི་མི་ཚང་མ་སོ་སོའི་གཅེན་གཅུང་སྤུན་ཟླ་ལྟ་བུར་བརྩི་གི་རེད། གལ་སྲིད་ང་ཚོའི་སེམས་ནང་ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་དང་གཞན་ལ་སེམས་འཁུར་ཡོད་ན། མི་མང་ཆེ་བས་ང་ཚོར་ཡ་ལན་བཟང་པོ་ཞིག་སྤྲོད་ཀྱི་རེད། ཡིན་ནའང་གནས་ཚུལ་དེ་རྟག་ཏུ་དེ་ལྟར་ཡོང་གི་མ་རེད། ངོས་རང་ག་དུས་མོ་ཊའི་ནང་ཕར་ཚུར་འགྲོ་བའི་སྐབས་ངས་ལམ་ཟུར་གྱི་མི་རྣམས་ལ་བལྟས་ནས་འཛུམ་གདངས་སྟོན་ཞིང་འཚམས་འདྲི་བྱེད་ཀྱི་ཡོད། ཐེངས་ཤིག་འཇར་མི་ནི་ལ་ངས་ལམ་ཟུར་གྱི་བུད་མེད་ཅིག་ལ་འཛུམ་མདངས་བསྟན་པ་དང་མོ་རང་དོགས་ཟོན་ཚ་པོ་ཆགས་སོང། བྱས་ཙང་། ངའི་འཛུམ་མདངས་ཀྱིས་མོ་རང་ལ་བདེ་བ་སྐྲུན་རྒྱུའི་ཚབ་ཏུ་དངངས་སྐྲག་བསླངས་འདུག །བྱས་ཙང་། ངས་ལམ་སེང་ཁ་ཕྱོགས་སྒྱུར་བ་ཡིན། འོན་ཀྱང་གནས་ཚུལ་དེ་འདྲ་ནམ་རྒྱུན་འཆར་ཅན་འབྱུང་གི་མེད།

ཚོར་བ་འདྲེན་ནུས་ཀྱི་སེམས་པ་བཟང་པོ་ནི་ང་ཚོས་སོ་སོའི་ཨ་མ་ལས་སྦྱངས་པ་ཞིག་ཡིན། དེར་བརྟེན་དེ་ནི་ང་ཚོས་སོ་སོའི་མི་ཚེ་གང་པོའི་ནང་མཉམ་དུ་འཁྱེར་དགོས་པ་ཞིག་ཡིན། ཚན་རིག་གི་ཚོགས་འདུའི་སྐབས་ང་ཚོར་འབོད་ཚིག་ཅིག་ཡོད་པ་ནི། “སེམས་བདེ་ཐང་བྱུང་ན། ལུས་བདེ་ཐང་ཡོང་” ཟེར་བ་ཞིག་ཡོད། དེ་ལྟར་ཡོང་བར། ང་ཚོས་དངོས་ཡོད་གནས་ཚུལ་ཤེས་དགོས་ལ་སེམས་ཞི་འཇམ་པོ་ཞིག་དགོས་ཀྱི་ཡོད། གལ་སྲིད་སོ་སོའི་སེམས་འཁྲུགས་ནས་ཡོད་ན། ཕྱོགས་རེ་བ་ཙམ་དུ་སོང་ནས་དངོས་ཡོད་གནས་ཚུལ་མཐོང་མི་ཐུབ་པ་དང་། དེས་དཀའ་ངལ་མང་པོ་བཟོ་གི་ཡོད། བྱས་ཙང་། ཚོར་བ་འདྲེན་ནུས་ཀྱི་སེམས་བཟང་པོས་སེམས་ཞི་འཇམ་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད།

གལ་སྲིད་ང་ཚོར་སེམས་ཞི་འཇམ་མེད་ན། དེས་ང་ཚོའི་ཤེས་ཡོན་སློབ་གཉེར་ཐད་དཀའ་ངལ་བཟོ་གི་ཡོད། སེམས་ཞི་འཇམ་པོ་དང་སྐྱིད་པོ་མེད་ན། སློབ་སྦྱོང་བྱ་རྒྱུ་ཧ་ཅང་ཁག་པོ་རེད། སོང་ཙང་། སེམས་ཞི་འཇམ་ཡོད་པས་ཆབ་སྲིད་ཚུད་པའི་ལས་དོན་གང་ཡིན་ཀྱང་ཚགས་ཚུད་པོ་ཡོང་ཐུབ། མདོར་ན། སེམས་ཞི་འཇམ་གྱིས་རང་གི་རང་ལ་གདེང་སྤོབས་དང་། གདེང་སྤོབས་ཀྱིས་ཆོས་རྣམས་ཀྱི་དངོས་ཡོད་གནས་ཚུལ་ཇེ་གསལ་དུ་མཐོང་ཐུབ་པ་དང་། དེ་ལ་གཞི་རྩ་བཞག་པའི་ཐོག་ནས་ང་ཚོས་ཚོར་བ་འདྲེན་ནུས་ཀྱི་བྱམས་པའམ་སེམས་བཟང་པོ་སྔར་བས་ཇེ་ཟབ་ཏུ་ཡར་རྒྱས་གཏོང་ཐུབ་པ་ཡིན།

དེ་དག་ནི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རྩ་བའི་རྣམ་གཞག་ཁག་དང་། བདེ་སྐྱིད་ཀྱི་ཐབས་རྩལ་གཙོ་བོ་དེ་ཡིན། ངོས་རང་ལ་མཚོན་ན། དེ་ནི་བེད་སྤྱོད་དང་ཕན་ཐོགས་ཆེན་པོ་ཞིག་ཏུ་མཐོང་གི་འདུག །གལ་སྲིད་ཁྱེད་རང་ཚོས་དེ་ལ་དོན་དག་ཡོད་པ་ཚོར་ན། ལག་ལེན་དུ་བསྟར་ཐབས་བྱེད་དགོས། གལ་ཏེ་ཆོ་མི་འདུག་དྲན་ན་གཡུག་བཞག་ན་འགྲིགས། ཐུགས་རྗེ་ཆེ།།

Top